ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོས་འདི་ལྟར་ཁུ་སིམ་མེར་ལས་ཀ་ལས་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་ཞུན།   སྤེལ་དུས། : 2017-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོས་འདི་ལྟར་ཁུ་སིམ་མེར་ལས་ཀ་ལས་བཞིན་ཡོད།

——ཁ་སང་པད་མ་ཚེ་བརྟན་ལ་ཐུག་དུས་ཚོར་སྣང་འདི་འདྲ་ཞིག་བྱུང་།

གངས་ཞུན།

མཐོང་མ་ཉིད་ནས

ཁྱོད་རྒས་འདུག་པ་ཚོར

གདོང་ནག་པོར་སོང་འདུག

གཉེར་མ་ཇེ་ཟབ་ཏུ་སོང་འདུག

སྐྲ་དཀར་ཡང་ཇེ་མང་དུ་སོང་འདུག

ཨེ   ལུས་པོའི་བདེ་ཐང་ཡང་ཇེ་སྡུག་ཡིན་ངེས

ཉིན་འགའ་ཡི་རིང་ལའང

ཁྱོད་རྒས་དྲག་སོང

ཁྱོད་རྒས་པ་མགྱོགས་དྲག་སོང་ཨང་།


འདི་དག་ནི་ངའི་སེམས་སུ་དྲན་པ་ཙམ་ཡིན

ཁ་ནས་བཤད་ཐུབ་ཀིན་མེད


འཕྲད་མ་ཐག་ནས

སྔར་བཞིན་གློག་བརྙན་གླེང་དགོས

བྱ་བ་གླེང་དགོས    འཆར་གཞི་གླེང་དགོས

དཀའ་ཁག་གླེང་དགོས    ཉེན་ཁ་གླེང་དགོས

རྒྱལ་ཁ་དང་ཕམ་ཁའང་གླེང་དགོས


ཁྱོད་སྔར་བཞིན་བྲེལ་འཚུབ་མེད་པར

འཛུམ་མདང་མེད་པར

ཨོ   སྐྲག་སྣང་ཡང་མེད་པར

འཇིག་རྟེན་ན་ངེད་གཉིས་ཁོ་ན་ལས་མེད་པ་ལྟར

བྱ་བའི་ཐབས་ལམ་ལྷུག་པར་བརྗོད

སྡུག་གཏམ་མེད   འགྱོད་གཏམ་མེད    འཁང་གཏམ་མེད


ངས་ཀྱང་མི་འཇིགས་པའི་ཚུལ་གྱིས

ཡོད་ཚད་ལ་གདེང་ཚོད་ཡོད་པའི་ཚུལ་གྱིས

ཅི་ལའང་མགོ་མི་སྒུར་བའི་ཚུལ་གྱིས

ཁྱོད་ཀྱི་ཁ་གཏད་ནས་ཁྱོད་ལ་བཅེར་ཏེ

བྱ་བའི་ལག་ལེན་ཞིབ་ཏུ་བཤད

ཐེ་ཚོམ་མེད  གཡོ་སྒྱུ་མེད  དྲན་འཕྲུལ་མེད


ང་ཚོས་ནམ་ཡང

ཕན་ཚུན་ལ་དྲན་གསོ་དང་

ཕན་ཚུན་ལ་སྐུལ་འདེད

ཕན་ཚུན་ལ་སྤོབས་པ་དང་ཡིད་ཆེས་སྟེར་བཞིན

འདི་ལྟར་ཁ་རོག་གེར

ཁུ་སིམ་མེར

རང་རང་གི་ལས་ཀ་ལས་བཞིན་ཡོད་ཨང་།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།