ཀྲུང་གོ་བོད་ཀྱི་དྲ་བ།

སྨུག་པའི་ནང་གི་བུ་མོ།(ཞར་བཀོད་གཉིས།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (རྨ་ལྷོ།)ཐོ་རེངས།   སྤེལ་དུས། : 2017-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

53.jpg

ཐོ་རེངས། 1987ལོའི་ཟླ8པར་རེབ་གོང་རྒྱལ་པོ་སྨན་ཚང་ཟེར་བའི་རོང་མ་འབྲོག་གི་ཡུལ་སྡེ་ཞིག་ཏུ་སྐྱེས། རང་ལོ་བདུན་པ་ནས་བཟུང་སློབ་གྲྭ་ཆུང་འབྲིང་སོགས་རིམ་པར་འགྲིམས། རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་མི་ལོ་བཅུ་ཕྲག་ཁ་ཤས་འགོར། བོད་ཀྱི་དུས་དེབ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《མི་རིགས་རྩོམ་རིག》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་ཀྱི་སྟེང་དུ་སྙན་ངག་གཙོས་བརྩམས་ཆོས་མང་ཙམ་སྤེལ་མྱོང་། བོད་ཀྱི་སྙན་ངག་དུས་དེབ《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་དང་མི་རབས་གསུམ་པའི་ཚོགས་མི་བཅས་ཡིན། མི་སྒེར་གྱི་སྙན་དེབ་ལ《ཚོར་བའི་འཇིག་ཉེན》དང《བདག་མེད》སོགས་ཡོད།

སྨུག་པའི་ནང་གི་བུ་མོ་།(ཞར་བཀོད་གཉིས།)

མོ་ལོ་བཅོ་བརྒྱད

རུམ་ཁ་གསེར་གྱི་བུམ་པ་ཡིན

འདོད་པ་བུམ་ཆུ་དྭངས་མོ་ཡིན

ཁྱེད་ཀྱིས་སུ་ཞིག་གི་སྐོམ་གདུང་སེལ་ནུས་པ

སུ་ལ་གསལ

མིག་ཆུའི་ཕྲེང་ཐག་ཆད

སྨྲ་ལྕེའི་རླབས་རྒྱུན་འཇགས

རྒྱུ་འབྲས་ཀྱི་རྣམ་གཞག་བོར་ཏེ

སྐྱེས་པ་ཞིག་གི་རྨི་ལམ་ཁུར་ནས་རྒྱང་ཐག་བཅད

སྦྲ་སྒོ་སྲུང་བའི་དྲིན་ཆེན་ཚོའི་ངག་ལ་སྨྲེང་བ་འཁྱིལ་བྱུང

གོམ་ཁ་རེ་རེ་མདུན་ཕྱོགས་སུ་ཤུགས་ཀྱིས་ནུར་ཡང

མཆི་མས་བརྩིགས་པའི་རི་རབ་ཀྱི་འདབས་ནས

སྨུག་པས་བཏུམས་པའི་བུ་མོ་ཞིག་བོར་སོང

འབྲོག་སྡེ་ཆེན་པོ་ཞིག་གཉིད་དུ་ཤོར་བ་བཞིན

སྨུག་པ་དེའང་གཉིད་དུ་ཤོར་སོང

མོ་ལོ་བཅོ་བརྒྱད་ནི་ཁ་དོག་ཅིག་ཡིན་ནམ

གློ་བུར་དུ

སྨུག་པའི་ཁ་དོག་དམར་པོར་གྱུར་ནས

ཡིད་འོང་གི་ས་གཞི་ཡོངས་སུ་བརླན་སོང་།

ད་ནས་བཟུང་།  

ད་ནས་བཟུང

ངས་ཁྱེད་ཀྱི་ནམ་མཁར་སོ་ལྟ་མི་བྱེད

གལ་ཏེ  གླག་རྒོད་ཅིག་འཕུར་ཡོང་ནས

རི་བོའི་ཕར་ཚུར་གྱི་སྐྱིད་སྡུག་གླེང་བྱུང་ནའང

ངས་གནས་འདིའི

རི་ཆུ་ནགས་གསུམ་ལ་སོ་ལྟ་བྱས་པས་ཆོག

དེ་ནི་ངས་ད་དུང་ཡང

བརྗེད་དུ་མེད་པའི་བརྩེ་བ་ཞིག་གནས་འདིར་ཉར་ཡོད

རི་རབ་དག་ཀྱང་བརྗིད་ཅིང་བརླིང་བ་ཞིག་མ་ཡིན་ཏེ

དེ་ནི་སྡུག་བསྔལ་གྱི་མདུན་ནས

མགོ་བོ་ཙམ་མ་སྒུར་བའི་དཔའ་སྤོབས་ཁོ་ནའོ

ཁྱེད་ཀྱི་ལོག་ཕེབས་ནི

ངའི་མགོ་ཐོག་གི་སྤྲིན་པ་ཕུང་བོ་འདི་དང་མཚུངས

གཞན་དབང་གི་རླུང་ཁར་གཡོ་བའི་ལས་དབང་དེའོ

ད་ལྟ རི་རབ་དང་གཙང་པོ

གངས་རི་དག་ཀྱང་ཁེར་རྐྱང་གིས་སུན་གཙེར་བྱས་འདུག

དེ་ནི་ངའི་མེས་པོ་དག་གི་རུས་རྐང་འཐོར་བས་རེད

ད་ནས་བཟུང

ངས་ཁྱེད་ཀྱི་ནམ་མཁར་སོ་ལྟ་མི་བྱེད

དེ་ནི

ངས་མ་འོངས་པའི་ལོ་རྒྱུས་ལ་ངང་སྒུག་བྱ་དགོས་པས་ཡིན

དཔྱིད་ཐོན་ལ་ཉེ་དུས། 

ངས་ས་བོན་འགའ་གྲ་སྒྲིག་བྱས་ཡོད

དེ་དག་ནི་ནས་ཀྱི་ས་བོན

གྲོ་ཡི་ས་བོན

སྲན་མའི་ས་བོན་བཅས་ཡིན

འབྲས་བུ་སྨིན་ཚར་ནའང

དེ་དག་སྔར་བཞིན

ནས་ཡིན

གྲོ་ཡིན

སྲན་མ་ཡིན

དེ་མིན ངས་ད་རུང་ཡང་ས་བོན་འགའ་གྲ་སྒྲིག་བྱས་ཡོད

ས་བོན་དེ་དག་གི་མིང་ལ་ཅི་ཟེར་དྲིས་ཀྱང་མ་མྱོང

ཡང་མིན་ན

ཁྲ་ལམ་མེར་བཞད་པའི་མེ་ཏོག་ཅིག་ཡིན་སྲིད

ཡང་མིན་ན

དྲི་བསུང་ཐུལ་བའི་སྨན་རྩྭ་ཞིག་ཡིན་སྲིད

ཡང་མིན་ན

སྐྱེས་གཟུགས་དྲང་པོའི་རྩི་ཤིང་ཞིག་ཡིན་སྲིད

ཉེས་ན

དུག་གིས་བསྐྱེད་པའི་ཉལ་ཐའི་མེ་ཏོག་ཅིག་ཡིན་ཡང་སྲིད

དེ་ལྟར་ན

ངས་མི་ཚེ་གཅིག་ལ་བསྒོམས་འོངས་པའི་མིང་ཡིག་སྟེ

གངས་དཀར་གཡང་འཛོམས་ཞེས་པ་འདི

མེ་ཏོག་འདི་དང

སྨན་རྩྭ་འདི

ཡང་ན་རྩྭ་ཕྲན་འདི་དང

ཉལ་ཐ་འདི་ལ་མིང་དུ་གདགས་རྒྱུ་བྱུང་ན

མི་ཚེ་གང་བོར

ཆུ་ལུད་ང་ཡིས་ཕུལ་ཆོག

གཉོར་སྐྱོང་སེམས་ཀྱིས་བྱས་ཆོག

ང་ཡི་གམ་ནས་འཚར་ཏེ

ང་ཡི་གམ་ལ་ལོག་ཆོག་ཨང་།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།