རྨི་ལམ་ལྟ་བུའི་མི་ཚེ་འདི།།
ང་ལ་དབང་ན་སྐྱིད་ཅིག་རེད།།
སེམས་ཀྱི་ཁ་ཕྱོགས་ལྗང་ཁུ་འདི།།
ང་ཡིས་ཚོར་ན་བདེ་ཞིག་རེད།།
སྐྱིད་སྐྱིད་འདྲ་བའི་མི་ཚེ་འདི།།
ནམ་ཡང་བདེ་ན་སྐྱིད་ཅིག་རེད།།
བདེ་བདེ་འདྲ་བའི་མི་ཚེ་འདི།།
རང་ལ་དབང་ན་བདེ་ཞིག་རེད།།
མི་ཤེས་མི་གོ་སྒྱུ་མའི་གར།།
མི་མཐོང་མི་རིག་གཡོ་སྒྱུའི་འཁོར།།
མི་ཡག་མི་རྟོགས་འཇིག་རྟེན་འདི།།
མི་ཚེ་གཅིག་གི་རྩེད་རོགས་རེད།།
ཁ་བ་ལྟ་བུའི་སྲས་མོ་ཞིག །
མི་ཚེ་ཡིན་ནམ་འཁོར་བ་ཡིན།།
ཉིན་རེ་ཡོད་ལ་ཉིན་རེ་མེད།།
འདི་ནི་མི་ཚེའི་བཟློས་གར་ཅིག །
གཞོན་དུས་རང་གི་ལམ་མ་མཐོང་།།
རྒས་དུས་གང་ནས་མཐོང་རྒྱུ་རེད།།
མི་ཚེ་ཟེར་བའི་སྒྱུ་མའི་གར།།
འཁྲབ་སྟོན་ཅིག་གི་གདོང་པགས་རེད།།
མི་རྟག་འཁོར་ལོའི་ཁ་ཕྱོགས་སུ།།
ང་དང་ཁྱེད་ཅག་ཚང་མ་འདུས།།
འདི་ནས་གང་ལ་བགྲོད་པར་བྱ།།
མི་ཚེ་རང་ལ་དབང་ན་འདོད།།
རླུང་བུ་ལྟ་བུའི་རྔུབ་ཕྱོགས་ན།།
ཟུག་ངུ་ཞིག་གི་ཨག་སྐད་ཡོད།།
ས་རྡུལ་འཐིབ་པའི་ཡུལ་ཕྱོགས་ན།།
ན་ཟུག་དམར་པོའི་ཁྲག་མཆོད་ཡོད།།
ཆུ་བོ་བཞུར་བའི་གར་སྟབས་ཁྲོད།།
གཞན་ལ་བརྫིས་བའི་གཡོ་ཅན་མོད།།
མེ་རི་འབར་བའི་ལྕེ་རྩེ་ན།།
ཞེ་སྡང་འགྲན་པའི་ལག་དམར་མང་།།
འབྱུང་བ་འཁྲུགས་པའི་དམར་འཛིངས་ཁྲོད།།
མི་ཚེ་ཟེར་བའི་གར་སྟབས་མང་།།
འཁོར་བ་ཟེར་བའི་བསྐྱར་ཟློས་ཁྲོད།།
དབྱངས་རྟ་འདྲ་བའི་སྐྱོ་གླུ་འཐེན།།
མི་ཚེ་ཟེར་བ་དབང་རྒྱུ་ན།།
འདི་འདྲ་སྐྱོ་དོན་གང་ན་ཡོད།།
འདི་འདྲ་སྡུག་དོན་གང་ན་ཡོད།།
མི་རྟག་མི་ཚོགས་ཡུན་གྱིས་གཟིགས།།
གཟིགས་པ་ཙམ་གྱིས་མི་མཁྱེན་ལ།།
བལྟས་བ་ཙམ་གྱིས་མ་ཚོར་ཡང་།།
མངོན་མེད་ལྐོག་ནས་རྟོགས་རྒྱུ་མང་།།
དེའི་ཕྱིར་མི་ཚེ་རང་ལག་མིན།།
གཞན་ལ་འགྲོགས་ནས་ཁ་ཡག་བཤད།།
དཔོན་པོ་མཐོང་དུས་ངོ་དགའ་བྱས།།
རྒྱུ་ཆེན་མཐོང་དུས་རྒྱུ་མ་འགུལ།།
དེའི་ཕྱིར་མི་ཚེ་རང་ལག་མིན།།
ལྟོ་བའི་ཆེད་དུ་འདྲེས་སྐད་བཤད།།
རྒྱབ་གྱི་ཆེད་དུ་གཞན་པ་བཅོམ།།
ཐམས་ཅད་མི་རྟག་འཁོར་བར་སྐྱེས།།
དེའི་ཕྱིར་མི་ཚེ་རང་ལག་མིན།།
ཡོད་ཚད་མི་རྟག་གྲོང་ཚོ་ནས།།
གཅིག་གིས་གཅིག་ལ་འཕྱ་མོད་བྱས།།
དེ་འདྲ་བྱས་ན་དོན་བྱ་མེད།།
རང་གི་ལམ་དེ་རང་གིས་འཚོལ།།
འཇིག་རྟེན་འདི་ལ་ལྟ་རྒྱུ་ན།།
མི་མངོན་སྒྱུ་མའི་གར་ཞིག་རེད།།
དེའི་ཕྱིར་རང་གི་མི་ཚེ་འདི།།
རང་ལ་མི་དབང་ཡིད་རེ་སྐྱོ།།