ཀྲུང་གོ་བོད་ཀྱི་དྲ་བ།

སྣང་བ་དགུང་ནས་གཤར་བ།(ཞར་བཀོད་ཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྡེ་དགེའི་རྣོ་ངར།   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལས་ནི་རླུང་བུ་ཇི་བཞིན་བར་སྣང་ཁམས་སུ་མངོན་པར་ལྡང་ཞིང་།།

མི་ཚོགས་སྲང་བར་དག་ན་ཉིན་མཚན་མེད་པར་འདུ་ལོང་འཁྲིག་ཚེ།།

བྲང་གོག་རྡོ་ལ་གཞུས་པའི་ཁོ་བོ་ཡང་ནི་འཚུབ་ཅིང་བྲེལ་བས།།

སྡུག་གི་གད་པ་མཐོན་པོ་ལུས་སེམས་གཉིས་ལ་ཡང་ཡང་དོད་བྱུང་།།


ནུབ་མཐའི་སྤྲིན་པ་དམར་པོ་ཚེ་རབས་དོར་བའི་ཚུལ་དུ་ལྷུང་སྟེ།

ཕྱི་དྲན་རྒྱ་མཚོའི་ཁ་རུ་སྲོག་གི་མེ་ལྕེ་ལམ་ལམ་འབར་དུས།།

ཆགས་སྡང་མཆེད་པའི་སྒོ་ཆེན་འཁོར་བའི་རི་ལ་ཕྱེ་བར་དོགས་ནས།།

ཨམ་གཙིགས་ཅི་མིན་སྙམ་པ་ལན་རེར་ལམ་ཐག་རིང་དུ་བུད་འགྲོ།།


རྒྱབ་རི་སྨུག་གིས་བཟུང་སྟེ་རྡོག་པོའི་གདན་ལ་རབ་རུབ་འཐིབ་ཅིང་།།

རྣམ་ཤེས་བོར་བའི་ཡུལ་ལ་བདག་ཡིད་གཏིང་ནས་སྐྱོ་བ་འདོན་ཞོར།།

རྟོག་བཏགས་སྒྱུ་མའི་ལོག་ན་སྐད་ཅིག་ཙམ་དུ་ཨ་ཐང་ཆད་ན།།

ལྷིང་འཇགས་དབུལ་བའི་མི་ལ་ཚེ་ཡི་ནང་སྙིང་ཡོད་དུ་མི་དཔེ།།


སྙིང་དང་གློ་ཕུག་མ་ལུས་ནམ་ཟླ་སྐྱ་བོས་བཙེམ་པར་བྱས་ཏེ།།

འཚོ་བའི་བཤུད་ལམ་རིང་མོ་སྲོག་དང་རྒྱུ་མའི་མཚམས་སུ་མཐེན་དུས།།

གནམ་གྱི་མྱ་ངན་བག་གོས་བདག་རང་ཅིས་ཀྱང་བགོ་བར་མཛད་དེ།།

གློ་བུར་འཚུབ་པའི་འོ་དོད་སྟོན་ལོ་རྒུད་པའི་ཉམས་དང་འདྲ་ཨང་།།

2017.5.25  


མཚན་རྒྱབ་ཀྱི་ངག་རིག

ད་ནི་མཚན་རྒྱབ་ལ་ཟིན་འདུག

ཕྱི་རོལ་གྱི་དྲྭ་ཁར་བརྡུངས་བའི་ཆར་འབྲི་དེ་དག

ལས་མཐའ་ཟད་པ་ནང་བཞིན་བདག་གི་མདུན་ཐད་ནས་ཡང་ཡང་སྨྲེང་།

གློག་འོད་དང་འཚུབ་རླུང་རབ་མེད་བཙན་དམག་སྒོང་ནས་གཤར་བ་ལྟར།

འཇིགས་གཡེར་བའི་ཟོལ་གྱིས་ཉེ་སར་གཅར་ན་ཡང་།

ངས་སྔར་བཞིན་ཆུང་མ་ལ་སྙན་ངག་འབྲི་བཞིན་ཡོད།


མུན་ནག་དང་སྲོད་ཁ་རེ་རེར་ནི་ངེད་གཉིས་ཀྱི་ལྐོག་གྱུར་ཞིག་ཡིན་ཚོད་འདུག

སུས་ཀྱང་ཤེས་པར་མི་འགྱུར་ལ་བདག་གིས་ཀྱང་མི་དཔོག

སྟོང་འདང་གི་གཏིང་རིམ་ན་ལུས་པའི་ཕྱིར་མིག་དང་ཞེ་འདང་ཡོད་ཚད།

ཆར་པ་ལྷན་དུ་ཡུལ་འདིའི་ཕྱི་ནང་ཀུན་ཏུ་བབས་བྱུང་།

གཅིག་བྱས་ན་དབྱར་གྱི་རི་མོ་སྦྲུན་པའི་སྔོན་བརྡའང་ཡིན་སྲིད།


སྟོང་བའི་མཚན་ལྗོངས་སུ་རྩེན་པའི་སྙིང་གི་འཕར་ཁ།

སོང་ཟིན་གྱི་བྱུང་བ་སློག་པའི་གཤེད་མ་ཞིག

སེམས་ཀྱི་བང་རིམ་ལས་མཆེད་པའི་འཆར་ཡན་གྱི་ཁྲོད་དུ་འཁུམས་ཙ་ན།

ཡལ་གའི་སྒོང་གཤོང་ནས་གཞུར་བའི་ཆུ་ཐིགས་གྲངས་མེད།

བསྐལ་བའི་རི་ངོགས་ནས་ལྷབ་ལྷུབ་ཀྱིས་གཡོ་བའི་གཟན་སྣེའི་ངོས་སུ་ཟག

དོན་དངོས་སུ་བདག་ཉིད་ནི་འཆི་བར་ཉེ་བའི་མི་ཨང་།

2017.5.24

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།