ཨ་དོན། དངོས་མིང་ལ་ཚེ་རིང་དོན་གྲུབ་ཏུ་འབོད། གྱ་གཉིས་ལོར་བླ་བྲང་ཨ་མཆོག་ཏུ་སྐྱེས། ལས་ཞོར་སྒྲུང་གཏམ་རྩོམ་པ་པོ་དང་གཞས་ཚིག་རྩོམ་པ་པོ་ཡིན། སྦྲང་ཆར་གྱི་གླུ་ཚིག་ལེ་ཚན་དུ་སྔ་གཞུག་ཏུ་སེང་ལ་བོ་དང་ལྷ་རྟ། རྡོ་རྗེ་ཕ་བྲོ། རུ་སྡེ་ཁྲ་མོ། དྲིན་ཆེན་ཕ་ལོ་སོགས་གླུ་གཞས་དང་སྐོར་བྲོ་སོགས་ཀྱི་གཞས་ཚིག་བཀོད་ཡོད།
ཨ་དོན་གྱི་གཞས་ཚིག
མུ་ཏིག་དཀར་པོ།
མཐོན་པོའི་རི་ལ་བཙུགས་ཡོད།།
རྨ་ཆུ་སྔོན་མོས་བསྐོར་ཡོད།།
འགྱུར་མེད་མུ་ཏིག་དཀར་པོ།།
ཉྭ་མོ་སྟོང་གིས་ཤེས་ཡོད།།
མུ་ཏིག་མཚོ་ལ་གཏོར་ཡོད།།
མཚོ་མོ་རྒྱས་ལ་སྒུག་ཡོད།།
དམའ་མོ་གྲོང་ན་བཙུགས་ཡོད།།
སྡེ་ཆེན་ཁྲ་མོས་བསྐོར་ཡོད།།
གཞིག་མེད་མུ་ཏིག་དཀར་པོ།།
མི་ཚོགས་སྟོང་ལ་གསལ་ཡོད།།
མུ་ཏིག་སྡེ་ལ་སྐུར་ཡོད།།
སྡེ་ཆེན་ཆགས་ལ་སྒུག་ཡོད།།
སེམས་པའི་དཀྱིལ་ལ་བཞུགས་ཡོད།།
དག་གཙང་འོ་མས་ཁེངས་ཡོད།།
ལྷད་མེད་མུ་ཏིག་དཀར་པོ།།
ཚེ་རབས་ཕྲེང་ལ་བཅོལ་ཡོད།།
མུ་ཏིག་སྙིང་གར་བཏབ་ཡོད།།
བློ་སེམས་དག་ལ་སྒུག་ཡོད།།
1.གེ་སར་དྲན་གླུ།
གཡུ་ཡི་ཕྲེང་ཐགས་འཐོར་སོང་།།
གཡུ་ཆུང་དྲུག་དཀར་བོར་སོང་།།
གཡུ་ལོ་ཐིག་ལེ་སྔོན་མོ།།
མཐོང་དང་མ་མཐོང་མི་འདུག།
མོན་ཡུལ་སྐྱ་ལམ་ཆད་སོང་།།
རྒྱ་གར་ཤིང་ཏོག་ལྷུང་སོང་།།
བརྒྱ་རྩ་མདོ་འཛིན་རབ་དཀར།།
བཞུགས་དང་མ་བཞུགས་མི་འདུག།
ཁྲ་མོ་གླིང་ཡུལ་འཇིག་སོང་།།
གེ་སར་ནོར་བུ་མ་རྙེད།།
གསེར་ཐང་རྨ་རྒྱལ་སྦོམ་རྭ།།
བཞུགས་དང་མ་བཞུགས་མི་འདུག།
2. ཁ་ཡ་ན་ཟླ།
ཉིན་མོའི་མཁའ་ལ་བཅོལ་ཡོད།།
ཉི་མར་མཇའ་རིས་ཕབ་ཡོད།།
མཇའ་ཚོན་སྣ་ལྔའི་མཆོད་པ།།
གནའ་བོའི་མཁར་ན་ལུས་ཡོད།།
ཁ་ཡ་ན་ཟླའི་བརྩེ་བ།།
བུ་དང་བུ་མོར་འདྲིས་ཡོད།།
ཨ་རོགས་ཁ་ཡ། ཨ་རོགས་ན་ཟླ།
ཁ་སེམས་རྡོ་རྗེ་འཁོར་ལོ།།
མཚན་མོའི་གྲོང་ལ་བཅོལ་ཡོད།།
བདུད་རྩི་བསིལ་མར་ཕབ་ཡོད།།
གསེར་དངུལ་སྐྱེམས་མའི་གཏིང་རག།
གནའ་བོའི་གྲོང་ན་ལུས་ཡོད།།
ཁ་ཡ་ན་ཟླའི་དུངས་བ།།
སེམས་དང་སེམས་ལ་བརྒྱུས་ཡོད།།
ཨ་རོགས་ཁ་ཡ། ཨ་རོགས་ན་ཟླ།
ཞེ་སེམས་དར་དཀར་མདུད་པ།
3. སྡུག་རོགས་སྐྱིད་གྲོགས།
སྐྱིད་ན་མིག་གིས་འཚོ་ས།། སྡུག་ན་སྙིང་གིས་གླན་ས།།
སྐྱིད་སྡུག་གཉིས་ཀྱི་མི་ལ།། བློ་སེམས་ཁ་ཁར་མ་གཏོང་།།
དགའ་ན་མཆི་མས་རློན་ས།། སྐྱོ་ན་དཔུང་ཡས་སྐྱོར་ས།།
དགའ་སྐྱོ་གཉིས་ཀྱི་མི་ལ།། བློ་སེམས་ཁ་ཁར་མ་གཏོང་།།
འགྲོགས་ན་སེམས་པ་དྲོད་ས།། འདྲིས་ན་སེམས་རྟེན་བྱེད་ས།།
འགྲོགས་འདྲིས་གཉིས་ཀྱི་མི་ལ།། བློ་སེམས་ཁ་ཁར་མ་གཏོང་།།
སྐྱིད་སྡུག་གཅིག་ལ་བཅོལ་ཆོག དགའ་སྐྱོ་མཉམ་དུ་རོལ་ཆོག
འགྲོགས་འདྲིས་བཟང་བའི་མི་དེ།། བློ་སེམས་ཁ་ཁར་མ་གཏོང་།།
4. གསང་གསུམ་དང་འགུགས།
ལུས་སྐྱེས་ཆུ་མོ་ཀྱ་ཀྱུ།།
ནེམ་ནེམ་སྤང་ལ་འཁྲི་བ།།
ལྡེམ་ལྡེམ་སྒེག་པའི་གར་མ།།
རྨ་བྱ་སྔོན་མོ་འདྲ་ལེ།།
ཡ་རོགས། མཛེས་ལ་སྒྲོ་མཐུལ་མདངས་ལྡན།
ཨ་རོགས། ཆུང་ལ་གཞོན་པ་འདང་ལྡན།
གསུང་སྐད་དྲུག་མ་གྱ་གྱུར།།
ཤག་ཤག་རླུང་ལ་འདྲེས་བ།།
སང་སིང་སྙན་པའི་གྲེ་བ།།
ཁུ་བྱུག་སྔོན་མོ་འདྲ་ལེ།།
ཡ་རོགས། སྙན་ལ་འགྱུར་ཁུགས་སྟོང་ལྡན།།
ཨ་རོགས། གཞོན་ལ་བརྩེ་བ་འབུམ་ལྡན།།
གཞུང་རྒྱུད་འོ་མ་དཀར་པོ།།
ཤང་ཤང་སེམས་ལ་འབབ་པ།།
བློ་ཞེ་གཙང་མའི་ངང་རྒྱུད།།
གཡུ་ཆུང་དྲུག་དཀར་འདྲ་ལེ།།
ཡ་རོགས། ཡག་ལ་ཐིག་ལེ་རང་ལྡན།།
ཨ་རོགས། བརྩེ་ལ་དང་བ་ཡང་ལྡན།།
5. ཡིད་ཀྱི་ལྷ་མོ།
མཚན་མོའི་རྨི་ལྟས་འཕྱི་སོང་།།
མཛའ་མོའི་སེམས་འཕྲིན་འབྱོར་སོང་།།
སྐྱ་རེངས་འཕྲད་པ་སྔ་སོང་།།
བྲང་གི་དྲོད་ཁོལ་འཁུར་སོང་།།
སེམས་འཛིན་ཚིག་གིས་མནན་ཡོད།།
ཡིད་འཛིན་བདེ་བས་བཏང་མེད།།
ལུས་པོ་ཕུལ་བའི་མི་དེར།།
སྨོན་པ་མཆི་མས་བཏང་ཡོད།།
དྲན་པའི་མིག་ཀོང་བཙུམ་མེད།།
སོང་པའི་སེམས་པ་སྐུམས་མེད།།
བརླན་པའི་ཡ་ཆུང་སྐམ་མེད།།
ཟློས་པའི་ཁྱེད་རང་རྙི་མེད།།
ཆེ་ཆེ་ལྷ་ལ་བཅོལ་ཡོད།།
ཆུང་ཆུང་སེམས་ལ་གཏད་ཡོད།།
ང་དང་ལྷ་མོའི་བར་ལ།།
ཆེ་ཆུང་མི་ཡིས་མི་གཏོང་།།
6. ཁ་བའི་མེ་ཏོག
དཔྱིད་ཀྱི་ཁ་བ་དཀར་པོ།།
མེ་ཏོག་འདབ་མར་སྐྱེས་སོང་།།
ཞག་གཅིག་རྨི་ལམ་མ་རྫོགས།།
སེམས་ཀྱི་རི་ཀླུང་ཁྱབ་སོང་།།
ཁྱབ་པའི་ལྗང་མྱུག་ཡག་སོང་།།
དཔྱིད་གསར་ཉི་མ་སེར་པོ།།
ལྗང་མྱུག་མིག་ལ་འཁྲུངས་སོང་།།
མེ་ཏོག་ཁྲ་ཆིལ་དགུ་ཆིལ།།
ནམ་མཁའི་སྐར་མ་འདྲ་བྱུང་།།
སྐར་མ་ས་ལ་ཡག་སོང་།།
ཨ་ཇོའི་སེམས་འདུན་དཀར་པོ།།
ཁ་བའི་མདངས་ལ་བཅོལ་ཡོད།།
ས་ཆེན་ཨ་མའི་ཞལ་ལ།།
དགའ་བའི་འཛུམ་དཀར་ཚུགས་སོང་།།
སེམས་ལ་ཁ་བ་མཛེས་སོང་།།
རི་ལུང་ཁྱབ་པའི་ནོར་ལུག།
མགོ་བོ་ཀྲོག་ཀྲོག་གནང་བྱུང་།།
གོས་དཀར་ཀླུབས་པའི་བུ་མོ།།
སེར་ཆེན་མེ་ཏོག་འདྲ་བྱུང་།།
མེ་ཏོག་སེམས་ལ་བཞད་སོང་།།
7.ཚེ་འདང་ཞེ་གླུ།
བཟང་དྲུག་སྤོས་དཀར་ཁྲ་ལོ།།
སྣ་ལ་ལན་གཅིག་རྒྱབ་པ།།
ཚེ་སྔོན་ཡིན་ན་བསམ་སོང་།།
ཚེ་གཅིག་འདང་ས་མ་རེད།།
ལས་སྨོན་དངུལ་དཀར་མཛུབ་དཀྲིས།།
ཕྱག་ལ་ལན་གཅིག་གཏད་པས།།
ནིང་ལོ་ཡིན་ན་བསམ་སོང་།།
ཚེ་གཅིག་འདང་ས་མ་རེད།།
དུངས་སེམས་འཛུམ་དཀར་དྲོན་མོ།།
སྙིང་ལ་ལན་གཅིག་བརྡབ་པས།།
གཞོན་འགྲོགས་མིན་ན་བསམ་སོང་།།
ཆུང་འདྲིས་ཡིན་ན་ཆོག་ཨང་།།
འདབ་ལོ་དཀར་ཤ་དམར་མདངས།།
ཏོག་ལོ་ཟིལ་ཆུ་ཁྲོམ་མ།།
འདབ་རྐང་སྒུལ་བ་མེད་ན།།
འདབ་ཁ་ཕྱེས་བ་མ་གནང་།།