གཅིག ཞོགས་པའི་ལེའུ།
དེ་རིང་ཞོགས་པར་ཆར་བ་ཟམ་ཟིམ་འབབ། །
དེ་རིང་ཞོགས་པར་སྨུག་པ་ལང་ལོང་འཐིབས། །
ཞོགས་པ་སྔ་མོར་ལངས་ཏེ་རྐང་ཐང་ངང་། །
ཞོགས་པའི་མཁའ་དབུགས་གཙང་མ་རྔུབ་བཞིན་དུ། །
གྲོང་མཐའ་བསྐོར་ནས་ག་ལེར་ལས་ཀར་ཕྱིན། །
རི་ཟོམ་ཁ་བ་ད་དུང་ཞུ་མི་འདུག །
ན་དང་སྤང་གི་ཁ་དོག་འགྱུར་མི་འདུག །
དབྱར་ཟླ་ཚེས་རུང་དབྱར་ཁ་སླེབས་མི་འདུག །
རི་རྐེད་སྨུག་སྤྲིན་ཀྱ་ཀྱུ་མཐོང་བ་ན། །
ནམ་མཁའ་མག་མོག་ཉི་ཟླ་རབ་རིབ་ཀྱི། །
དེ་རིང་ཞོགས་པའི་གནམ་གཤིས་འདི་ཇི་བཞིན། །
གློ་རྡེག་སྐྱོ་ངལ་སྨུག་པ་ལང་ལོང་ཞིག།
སེམས་ཀྱི་ལྗོངས་ལ་ཕྱི་ནང་མེད་པར་གཏིབས། །
གཉིས། ཉིན་གུང་གི་ལེའུ།
ཆར་གཞུག་ཁངས་གྱུར་དེ་རིང་ཉིན་གུང་གི་གནམ་གཤིས། །
བལྟས་ན་སྐྱིད་དོ་ཁ་བ་མེ་ཏོག་གི་གཟུགས་རིས། །
བསམ་ན་སྡུག་གོ་དབྱར་དུས་དགུན་གཞུང་གི་ནམ་ཟླ། །
བབས་ན་རྗེས་མེད་དྲེད་མོང་འཕྱི་བརྐུས་ཀྱི་དཔེ་འདྲ། །
མི་རྟག་དབྱར་ཁའི་གནམ་གཤིས་འགྱུར་ལྡོག་གི་གོ་རིམ། །
གོ་ཁའི་རྒན་མོའི་དགའ་སྡུག་བཞིན་མདངས་ཀྱི་ཟློས་གར། །
བསམ་མེད་བྱིས་པའི་འཐབ་འཛིང་རྩེད་འཇོ་ཡི་རྣམ་འགྱུར། །
ས་སྟེང་རླངས་པ་ཐུལ་ཐུལ་བར་སྣང་དུ་རྒྱུ་ཞིང་། །
མཚམས་མཚམས་ཉི་འོད་ལམ་ལམ་སྤྲིན་གསེབ་ཏུ་མངོན་པ། །
སྐབས་སྐབས་འཐོར་རླུང་བསིལ་བསིལ་འཚུབ་སྐོར་གྱིས་ལྡང་བ། །
མདོར་ན་དུས་ཡུན་ཐུང་ཐུང་ཉིན་གུང་གི་གནམ་གཤིས། །
བྲིས་པས་མང་འགྲོ་བཤད་རྒྱུར་ལུས་སེམས་འདི་ངལ་བ། །
གསུམ། རྒོངས་ཀའི་ལེའུ།
གྲང་ཞིང་བསིལ་བའི་རླུང་པུ་ཤུར་ཤུར་གཡུགས། །
རྒོངས་ཀའི་ཉི་མའི་བརྩེ་བ་རིང་དུ་བསྲིངས། །
རི་ཆེན་གྲིབ་མའི་ཡོལ་བ་སྤང་ལ་འཐེན། །
གློ་བུར་མཚམས་སྤྲིན་སྒེག་མོའི་ཟུར་མིག་དང་། །
མདུན་ལྗོངས་ས་འཛིན་ཁ་བས་གཡོགས་མཐོང་ནས། །
ཁོ་བོའི་སྙིང་ལ་ཕྱིར་དྲན་ན་ཟུག་བསླངས། །
དུས་འདིའི་སྲང་ལམ་ཧ་ཅང་ལྷིང་འཇགས་ཏེ། །
ཆ་རྒྱུས་ཡོད་མེད་སྲང་ཉུལ་མི་དེ་དག།
གློ་བུར་ག་ཤེད་ཅིག་ཏུ་ཞོགས་སོང་ངམ། །
ཁྱི་སྡོམ་འགའ་དང་བགྲེས་སོང་འགའ་ཞིག་ལས། །
མི་རྣམས་ཕལ་ཆེར་དབྱར་རྩྭ་འཐུ་རུ་ཆས། །
འགྲིམ་འགྲུལ་གྲངས་ཡང་ཅུང་ཟད་བྲི་འདུག་སྙམ། །
སྲང་ལམ་བརྒྱུད་ནས་ཡུལ་དུ་འགྲོ་ཐེངས་རེར། །
ཧ་ཅང་སྟོང་ཞིང་སྟོང་བའི་སྣང་བ་སྐྱེ། །