ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

77a54f27100e0ca2bbf793dda3260ea5.jpg

ཆབ་འགག་རྡོ་རྗེ་ཚེ་རིང་གི་གནས་ཚུལ་མདོར་བསྡུས།

ཆབ་འགག་རྡོ་རྗེ་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས། སྤྱི་ལོ་༡༩༥༨ལོར་ཕ་ཡུལ་ཆབ་འགག་གསེར་གཞོངས་སུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའོ།། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་།མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་།མཚོ་སྔོན་མི་རིགས་སློབ་ཆེན།མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་།མཚོ་ལྷོ་ཁུལ་རིག་གནས་ཅུ།མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས་བཅས་སུ་བྱ་བ་ལས། 

ཉིད་ཀྱིས་བྲིས་པ་དང་།གཙོ་སྒྲིག་བྱས་པ།དག་སྒྲིག་བྱས་པ།མཉམ་འབྲི་བྱས་པར་ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས<<འབོལ་རྩོམ་པད་མའི་སྐྱེད་ཚལ>> ། <<སྙན་རྩོམ་ཅོ་ཀའི་དྲུག་འགྱུར>> ། <<དཔྱད་རྩོམ་རིག་པའི་རྩེད་འཇོ>> ། སྒྲུང་རྩོམ་ག྄ེ་སར་དགོངས་རྒྱན>> ། <<སྒྲིག་རྩོམ་མུ་ཏིག་ཕྲེང་མཛེས>> ། དེབ་ལྔ་དང་། གཙོ་སྒྲིག་བྱས་པའི་མཚོ་ལྷོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་ལ<<ཁེད>> ། <<བཤད་པ>> ། <<རོགས་འཐེན>> ། <<མ་ཎི་ཁང་>> ། <<བསང་མཆོད>> ། <<ལབ་ཙེ>> ། <<གཏམ་དཔེ>> ། <<ངག་རྒྱུན>> ། <<མཆོད་རྟེན>> ། <<གཏམ་རྒྱུད>> ། དེབ་བཅུ། གེ་སར་སྒྲུང་གི་བྱིས་པའི་དཔེ་ཚོགས་ལ<<འཇང་ཕྲུག>> ། <<ཨ་སྟག་ལྷ་མོ>> ། <<ལྷ་གླིང་གབ་ཙེ་དགུ་སྐོར>> ། <<རྟ་རྒྱུག་རྒྱལ་འཇོག>> ། <<གེ་སར་འཁྲུངས་རབས>> ། <<ཤན་འདན་ནང་འཁྲུག>> ། དེབ་དྲུག་དང་།<<ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་བའི་གསང་བ>> ། <<གངས་རིའི་བརྩེ་དུངས>> ། <<ཆབ་འགག་ལོ་རྒྱུས>> ། <<སྙན་རྩོམ་ངག་གི་ལྷ་མོ་དགྱེས་པའི་མཆོད་པ་མེ་ཏོག་གི་ཕྲེང་བ>> ། <<ཆབ་འགག་རྡོ་རྗེ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས>> །<<མཚོ་ལྷོའི་སྣོད་བཅུད་ཀྱི་རིག་གནས>>  །  <<མཚོ་བྱང་ཁུལ་འཇུ་ལག་རྫོང་གི་རི་ཆུའི་རིག་གནས>> །  << བྱང་བླ་མ་ཆོས་ཀྱི་རྒྱལ་པོའི་གདན་ས་ཁྭ་ཏི་ཁའི་དགོན་པའི་ལོ་རྒྱུས་ཐོར་བུ་སྐལ་བཟང་དད་པའི་མཆོད་སྤྲིན>>  །<<བོད་ཀྱི་རྩོམ་རིག་ལོ་རྒྱུས>>དང་། རྒྱ་ཡིག་གི<<བླ་མ་ཐུབ་བསྟན་ཉི་མའི་རྟོགས་བརྗོད>> །<<དག་གཙང་གི་བོད་ཡུལ་མཛེས་སྡུག་གི་མཚོ་ལྷོ>>དེབ་གཉིས་དང་། སྒྲིག་རྩོམ་ལ་གེ་སར་གྱི་སྒྲུང་<<བཀྲ་ཤིས་སྨོན་ལམ་ལྔ>> དང་། གེ་སར་སྒྲུང་དེབ་སྤུས་ལེགས<<སྒ་བདེའི་ཤེས་རབ་རྫོང་>>སྟོད་སྨད་ཆ་དེབ་གསུམ་བཅས་དེབ ༣༥ པར་དུ་བསྐྲུན་ཡོད་པ་དང།ད་དུང་འཁྲབ་གཞུང་བོད་རིགས་ཀྱི་གླུ་གར་ཆེན་མོ<<འཇང་ཕྲུག>> ། བོད་རིགས་ཀྱི་གླུ་གར་ཆེན་མོ<<རྒྱ་ཚ>> ། བོད་རིགས་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ། <<གསེར་གྱི་ཉི་ཟླ>> ། བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར<<ལྷ་ཆབ་སྔོན་མོའི་མཆོད་པ>> ། གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ<<སྐྱ་ལོའི་སྟོན་འཇོག>> ། བོད་རིགས་ཀྱི་གླུ་གར་ཆེན་མོ<<མཚོ་སྔོན་པོའི་གཏམ་རྒྱུད>> ། གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར<<སྐྱ་ལོའི་སྐྲ་སྟོན>> །བོད་ཀྱི་ཡུལ་སྲོལ་གླུ་གར་ཆེན་མོ<<ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ>>།གེ་སར་སྒྲུང་གི་ཡུལ་སྲོལ་གླུ་གར།<<གེ་སར་ཁྲི་སྟོན་ཆེན་མོ>>བཅས་བྲིས་ཡོད་པ་འདི་དག་ཕ་ཟས་ཡུན་རིང་ཟོས་པའི་རིན་པའོོ།།

ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་གྲོན་དངུལ་ལོངས་སུ་སྤྱོད་མཁན་ཆེད་མཁས་པ་དང་།རིམ་པ་དང་པོའི་རྩོམ་པ་པོའི་ཐོབ་ཐང་ཡོད།


ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་གསར་བ།

༡. ཕ་ཡུལ་ཆབ་འགག

ལྷ་མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ན།།

ང་ཡི་ཕ་ཡུལ་ཆབ་འགག་གསེར་གཞོངས་ཡོད།།

ཡུལ་ལ་རྟགས་བརྒྱད་བཀྲ་ཤིས་རི་མོ་མཛེས།།

ས་ལ་འདབ་བརྒྱད་གསེར་གྱི་པད་མོ་བཞད།།

རྟ་ནོར་ལུག་གསུམ་རྦ་རླབས་འཕྱུར་བའི་ཁྲོད།།

འབྲོག་པའི་གདོང་ལས་བདེ་སྐྱིད་འཚོ་བ་མཐོང་།།

གྲོ་ནས་སྲན་གསུམ་ལོ་ལེགས་སྨིན་པའི་དུས།།

རོང་བའི་འཛུམ་ལས་དགའ་སྤྲོའི་ལང་ཚོ་ངོམ།།

ཨ། ཆབ་འགག་ལགས་འབྱོར་ཕྱུག་གི་ཕ་ཡུལ།

འོ། ཕ་ཡུལ་ལགས་བདེ་སྐྱིད་ཀྱི་འཇིག་རྟེན།།

ཆུང་ཆུང་འབའ་འབའ་ལུ་གུ་ལུ་གུ་འཚོ་ས་ཡིན།།

ཡང་ཆུང་སྐལ་བཟང་མེ་ཏོག་མེ་ཏོག་འཐུ་ས་ཡིན།།


རི་བོ་བློན་པོ་གསེར་ཆེན་འདབས་རོལ་ན།།

ང་ཡི་ཕ་ཡུལ་ཆབ་འགག་གསེར་གཞོངས་ཡོད།།

ཕྱི་ཡི་སྣོད་ཀྱི་བཀོད་པ་མཛེས་ཤིང་སྡུག

ནང་གི་བཅུད་ཀྱི་སེམས་ཅན་སྐྱིད་ཅིང་མཐུན༎

ལྷ་བསང་སྔོན་མོ་ལྷོག་ལྷོག་འཕྱུར་བའི་ཁྲོད།།

ཨ་ཕའི་གདོང་ལས་དགེ་བའི་མཆོད་སྤྲིན་མཐོང་།།

རྨུ་ཐག་རིང་མོ་ལྷབ་ལྷབ་གཡོ་བའི་དུས།།

ཨ་མའི་མིག་ལས་དད་པའི་མཆི་མ་ལྷུང་།།

ཨ། ཆབ་འགག་ལགས་ཚོགས་བསགས་ཀྱི་ཕ་ཡུལ།

འོ། ཕ་ཡུལ་ལགས་ཡ་རབས་ཀྱི་ཞིང་ཁམས།།

ལག་ནས་བྱུ་དཀར་ཕྲེང་བ་ཕྲེང་བ་འདྲེན་ས་ཡིན།།

ཁ་ནས་ཡིག་དྲུག་མ་ཎི་མ་ཎི་འདོན་ས་ཡིན།།


༢. ལས་དབང་།

ཞོགས་པའི་ན་བུན་ཁྲོད་ནས།།

ན་ཆུང་སྟག་ཤར་གཞོན་ནུས།།

ཡ་ཆུང་སེམས་པ་འཕྱོ་བའི།།

སྐྱོ་གདུང་དབྱངས་ལ་འགུགས་དུས།།

གཡང་དཀར་ལུག་གི་སྐྱིད་སྡུག།

འབའ་སྒྲའི་ནང་ལ་ཐིམ་ཡོད།།

ལུག་རྫི་ཞི་ལུའི་ལས་དབང་།།

བྲག་ཆའི་ནང་ན་ལུས་ཡོད།།


དགོང་གའི་མཚམས་སྤྲིན་འོག་ནས།།

བཅུ་དྲུག་ན་ཆུང་བུ་མོས།།

ཡ་ཆུང་སེམས་པ་འཕྱོ་བའི།།

སྐྱོ་གདུང་དབྱངས་ལ་འགུགས་དུས།།

ཐུལ་དཀར་འབྲི་མོའི་སྐྱིད་སྡུག།

ངུར་སྒྲའི་ནང་ལ་ཐིམ་ཡོད།།

ནོར་རྫི་བུ་མོའི་ལས་དབང་།།

བཞོ་དབྱངས་ནང་ན་ལུས་ཡོད།།


༣. ཨ་མཛེས་མ།

དབྱར་གསུམ་སྤང་ལྗོངས་ཐང་ལ།།

རྟ་ནོར་ལུག་གསུམ་ཁྱབ་ཡོད།།

འོ་མའི་དྲི་བསུང་ཁྲོད་ནས།།

འབྲི་མར་སེར་པོ་འཁྲུངས་ཡོད།།

བཅུ་དྲུག་ལང་ཚོ་རྫོགས་པའི།།

མཛེས་མ་ཨ་ཅེ་འབྲོག་མོའི།།

མཛེས་སྡུག་གདོང་གི་འཛུམ་ལས།།

བདེ་སྐྱིད་མེ་ཏོག་བཞད་ཡོད།།

ཨ། མཛེས་མ།།

ཨ། འབྲོག་མོ།།


སྟོན་གསུམ་སྒོ་ཞིང་སྟེང་ལ།།

གྲོ་ནས་སྲན་གསུམ་འཁྲུངས་ཡོད།།

གསེར་སྙེའི་རླབས་ཕྲེང་ཁྲོད་ནས།།

ལོ་ལེགས་གླུ་སྒྲ་ཁྱབ་ཡོད།།

བཅུ་དྲུག་ལང་ཚོ་རྫོགས་པའི།།

མཛེས་མ་ཨ་ཅེ་རོང་མོའི།།

མཛེས་སྡུག་གདོང་གི་འཛུམ་ལས།།

བདེ་སྐྱིད་མེ་ཏོག་བཞད་ཡོད།།

ཨ། མཛེས་མ།།

ཨ། རོང་མོ།།


༤. སེམས་སྐྱིད་སྒྲོལ་མ།

ཨ་རོག་སེམས་སྐྱིད་སྒྲོལ་མ།།

ང་ཡི་སྙིང་གི་དགའ་མ།།

ཞལ་རས་བཅོ་ལྔའི་ཟླ་བ།།

སྤྱན་མིག་ཐོ་རངས་སྐར་ཆེན།།

མཆུ་སྒྲོས་བྱུ་རུ་དམར་ཆུང་།།

དུང་སོ་མུ་ཏིག་ཕྲེང་བ།།

ཨ། སེམས་སྐྱིད་སྒྲོལ་མ།།

ཡིད་སེམས་ཁྱོད་ལ་འཁྲེང་ཡོད།།

འོ། སྙིང་གི་དགའ་མ།།

རྣམ་ཤེས་ཁྱོད་ལ་ཆགས་ཡོད།།


ཨ་རོག་སེམས་སྐྱིད་སྒྲོལ་མ།།

ང་ཡི་སྙིང་གི་དགའ་མ།།

དབུ་སྐྲ་རྒྱ་ལྕང་ལོ་མ།།

སྐུ་ལུས་གསེར་གྱི་འཇའ་ཚོན།།

འོ་འཛིན་དུང་དཀར་ཆ་མ།།

སྐེད་པ་ནོར་བུ་དགའ་འཁྱིལ།།

ཨ། སེམས་སྐྱིད་སྒྲོལ་མ།།

ཡིད་སེམས་ཁྱོད་ལ་འཁྲེང་ཡོད།།

འོ། སྙིང་གི་དགའ་མ།།

རྣམ་ཤེས་ཁྱོད་ལ་ཆགས་ཡོད།།


ཨ་རོག་སེམས་སྐྱིད་སྒྲོལ་མ།།

ང་ཡི་སྙིང་གི་དགའ་མ།།

ཞེ་རྩ་གངས་རི་དཀར་པོ།།

ཞེ་འདང་འབྲི་མར་སེར་པོ།།

མཐོང་ན་མིག་གི་རྒྱན་ཆ།།

འགྲོགས་ན་སེམས་ཀྱི་བདེ་སྐྱིད།།

ཨ། སེམས་སྐྱིད་སྒྲོལ་མ།།

ཡིད་སེམས་ཁྱོད་ལ་འཁྲེང་ཡོད།།

འོ། སྙིང་གི་དགའ་མ།།

རྣམ་ཤེས་ཁྱོད་ལ་ཆགས་ཡོད།།


༥. ཨ་མ་ཚེ་རིང་ལོ་བརྒྱ།

ཚེ་གཅིག་ལུས་གཅིག་འདི་ལ།།

ས་ཆ་གང་ལ་སོང་རུང་།།

དྲིན་ཆེན་ཨ་མའི་ཞལ་རས།།

སེམས་ནས་བརྗེད་ཐབས་མི་འདུག།

གནམ་ལོ་གསར་བའི་ནང་ལ།།

ཕ་ཡུལ་བཀྲ་ཤིས་བདེ་ལེགས།།

བྱམས་བརྩེ་བཀའ་དྲིན་ཅན་གྱི།།

ཨ་མ་ཚེ་རིང་ལོ་བརྒྱ།།


ཚེ་གཅིག་ལུས་གཅིག་འདི་ལ།།

ས་ཆ་གང་ལ་སོང་རུང་།།

དྲིན་ཆེན་ཨ་མའི་ཞལ་གསུང་།།

སེམས་ནས་བརྗེད་ཐབས་མི་འདུག།

གནམ་ལོ་གསར་བའི་ནང་ལ།།

ཕ་ཡུལ་བཀྲ་ཤིས་བདེ་ལེགས།།

བྱམས་བརྩེ་བཀའ་དྲིན་ཅན་གྱི།།

ཨ་མ་ཚེ་རིང་ལོ་བརྒྱ།།


༦. བཀྲ་ཤིས་རྨ་སྟོད།

ཁ་བའི་མེ་ཏོག་འཁྲུངས་པའི།།

གེ་སར་ཁྲི་སྟོན་ཐང་ནས།།

ང་ཡི་ཕ་ཡུལ་རྨ་སྟོད།

གངས་དཀར་ཨ་ཅེ་ལྷ་མོས།

ཕྱག་ཟུང་པད་མའི་ནང་ལ།

ཁ་བཏགས་དཀར་པོ་བཟུང་ཡོད།

དར་འདི་སེམས་ཀྱི་ལྷ་དར།

གཞས་འདི་ངག་གི་མཆོད་པ།

དེ་རིང་གཞིས་མགྲོན་ལྷན་དུ།

འཛོམས་པ་བསྐལ་བ་བཟང་པོ།

རྨ་སྟོད་བཀྲ་ཤིས་བདེ་ལེགས།

གྲོགས་པོ་ཚེ་རིང་ལོ་བརྒྱ།།

སྦྲང་ཆར་མེ་ཏོག་འཁྲུངས་པའི།།

གེ་སར་ཁྲི་སྟོན་ཐང་ནས།།

ང་ཡི་ཕ་ཡུལ་རྨ་སྟོད།།

འཇའ་ཚོན་ཨ་ཅེ་ལྷ་མོས།།

དཀར་ཡོལ་འབྲུག་མའི་ནང་ལ།།

བདུད་རྩི་ཟིལ་མ་ལྟེམས་ཡོད།།

ཆང་འདི་ལྷ་ཡི་གསེར་སྐྱེམས།།

གཞས་འདི་ངག་གི་མཆོད་པ།།

དེ་རིང་གཞིས་མགྲོན་ལྷན་དུ།།

འཛོམས་པ་བསྐལ་བ་བཟང་པོ།།

རྨ་སྟོད་བཀྲ་ཤིས་བདེ་ལེགས།།

གྲོགས་པོ་ཚེ་རིང་ལོ་བརྒྱ།།

-------བོད་པའི་ཡུལ་སྲོལ་གླུ་གར ༼  གེ་སར་ཁྲི་སྟོན་ཆེན་མོ ༽ཞེས་པའི་མཇུག་གི་བཀྲ་ཤིས་རྨ་སྟོད་ཅེས་པའི་གླུ་གཞས་ཀྱི་གླུ་ཚིག


༧.  དྲིན་ཆེན་ཕ་མ།

བུ་མོ་ང་ཡི་སེམས་ནས།།

དྲིན་ཆེན་ཕ་མའི་སྐུ་ལུས།།

ཁྲི་གདུགས་འཛམ་གླིང་ཉི་མ།།

ཡང་ཡང་དྲོ་ན་སྐྱིད་ལ།།


བུ་མོ་ང་ཡི་སེམས་ནས།།

དྲིན་ཆེན་ཕ་མའི་ཞལ་གསུང་།།

གཡས་འཁྱིལ་དུང་གི་སྒྲ་དབྱངས།།

ཡང་ཡང་གོ་ན་སྐྱིད་ལ།།


བུ་མོ་ང་ཡི་སེམས་ནས།།

དྲིན་ཆེན་ཕ་མའི་ཐུགས་དགོངས།།

ལྷག་བསམ་འོ་མ་དཀར་པོ།།

ཡང་ཡང་འཐུང་ན་སྐྱིད་ལ།།

------གླུ་མ་ཆུང་ཆུང་ལྷ་མཚོ་སྐྱིད་ལ་ཆེད་དུ་བྲིས་པའི་གླུ་ཚིག


༨. རྩེད་རོགས་ཆུང་ཆུང་།

ཨ་མའི་བུ་མོ་ཆུང་ཆུང་གཅིག།

རྒོད་མའི་རྟེའུ་ཆུང་ཆུང་གཉིས།།

འབྲོག་པའི་བདེ་སྐྱིད་འཚོ་བའི་ནང་།།

ལས་མཐུན་རྩེད་རོགས་ཆུང་ཆུང་ཡིན།།

དགའ་བ་ལ་དང་སྐྱིད་པ་ལ།།

རྩེད་རོགས་ཆུང་ཆུང་བཀྲ་ལ་ཤིས།།

སྐྱིད་པ་ལ་དང་དགའ་བ་ལ།།

རྩེད་རོགས་ཆུང་ཆུང་ཚེ་ལ་རིང་།།


ཨ་མའི་བུ་མོ་ཆུང་ཆུང་གཅིག།

འབྲི་མོའི་བེའུ་ཆུང་ཆུང་གཉིས།།

འབྲོག་པའི་བདེ་སྐྱིད་འཚོ་བའི་ནང་།།

ལས་མཐུན་རྩེད་རོགས་ཆུང་ཆུང་ཡིན།།

དགའ་བ་ལ་དང་སྐྱིད་པ་ལ།།

རྩེད་རོགས་ཆུང་ཆུང་བཀྲ་ལ་ཤིས།།

སྐྱིད་པ་ལ་དང་དགའ་བ་ལ།།

རྩེད་རོགས་ཆུང་ཆུང་ཚེ་ལ་རིང་།།


ཨ་མའི་བུ་མོ་ཆུང་ཆུང་གཅིག།

མ་མོའི་ལུ་གུ་ཆུང་ཆུང་གཉིས།།

འབྲོག་པའི་བདེ་སྐྱིད་འཚོ་བའི་ནང་།།

ལས་མཐུན་རྩེད་རོགས་ཆུང་ཆུང་ཡིན།།

དགའ་བ་ལ་དང་སྐྱིད་པ་ལ།།

རྩེད་རོགས་ཆུང་ཆུང་བཀྲ་ལ་ཤིས།།

སྐྱིད་པ་ལ་དང་དགའ་བ་ལ།།

རྩེད་རོགས་ཆུང་ཆུང་ཚེ་ལ་རིང་།།

--------གླུ་མ་ཆུང་ཆུང་ལྷ་མཚོ་སྐྱིད་ལ་ཆེད་དུ་བྲིས་པའི་གླུ་ཚིག


༩. སྐྱོ་བ་ལ།

ཕྱག་ལ་ཕྲེང་བ་འཛིན་མཁན་རྒན་རྒོན་ཚོ།།

དཀོན་མཆོག་གསུམ་པོ་རང་གི་སྐྱབས་གནས་ཡིན།།

མཆོད་བཀུར་སྦྱིན་པ་དགེ་བའི་རྩ་བ་ཡིན།།

ཁོམ་དུས་ཡིག་དྲུག་མ་ཎི་མ་བཏོན་ན།།

གྲོགས་མེད་ཕྱི་མའི་ལམ་འཕྲང་བརྒྱུད་པའི་དུས།།

ཆོས་མེད་རྣམ་ཤེས་ཡིན་ན་སྐྱོ་བ་ལ།།


སྨུག་པོ་སོག་བྱིང་ཅན་གྱི་སྟག་ཤར་ཚོ།།

ཡ་ཆུང་ཁོག་རྒྱ་ཆེ་ན་སེམས་རྒྱ་ཆེ།།

གཞུང་རྒྱུད་དྲང་ན་ས་དང་ལམ་ཡང་དྲང་།།

ཕྱི་ཐག་རིང་ན་རང་གི་ཚེ་ཐག་རིང་།།

གཞིས་བྱེས་ཞལ་འཛོམས་བརྩི་མཐོང་ཆེ་ས་ནས།།

ཁ་ལས་རླུང་རྟ་སྒུར་ན་སྐྱོ་བ་ལ།།


གཡུ་བྱུར་དུང་ར་ཅན་གྱི་སྨན་ཆུང་ཚོ།།

གདོང་གི་འཛུམ་མདངས་ལུས་ཀྱི་རྒྱན་ཆ་ཡིན།།

ཁོག་གི་ཤེས་རྒྱ་རང་གི་བཟང་ཆ་ཡིན།།

བཟའ་ཚང་འགྲིག་ན་ཁྱིམ་ཚང་སྐྱིད་པོ་ཡིན།།

གཡས་གཡོན་ཁྱིམ་མཚེས་ཁ་བཤད་རྒོད་ས་ནས།།

མི་ཁའི་དུག་མདའ་ཕོག་ན་སྐྱོ་བ་ལ།།


རིག་པའི་མེ་ཏོག་འཐུ་རོགས་སློབ་གྲོགས་ཚོ།།

ཡ་རབས་སྤྱོད་བཟང་ཡབ་མེས་ཤེས་རབ་ཡིན།།

ཕ་སྐད་གཙང་མ་རང་གི་ལ་རྒྱ་ཡིན།།

སྲོལ་རྒྱུན་རིག་གནས་བོད་པའི་བླ་སྲོག་ཡིན།།

འཇིག་རྟེན་འཁོར་བའི་ཁྲ་ཁྲ་རིག་རིག་ཁྲོད།།

བཟང་ངན་མ་ཤེས་བརྒྱུགས་ན་སྐྱོ་བ་ལ།།


༡༠. མདའ་བཞིའི་བུ་མོ།

ཕ་ཡུལ་གསེར་ལུང་ཐང་ནས།།

མདའ་བཞི་བུ་མོ་གསེར་མཚོས།།

གསེར་གྱི་བཞོ་ཟེའུའི་ནང་ལ།།

གསེར་ནག་འབྲི་མོ་འཇོ་དུས།།

མཛེས་སྡུག་གདོང་གི་འཛུམ་དཀར།།

འོ་མའི་མདངས་ལ་ཐིམ་ཡོད།།

གསེར་ཐང་གསེར་གྱི་འབྲི་མོ།།

མདའ་བཞི་བུ་མོ་གསེར་མཚོ།།

གསེར་ཟེའུ་འོ་མས་ལྟེམས་ཡོད།།

གསེར་མཚོ་སེམས་པ་སྐྱིད་ཡོད།།


ཕ་ཡུལ་དངུལ་ལུང་ཐང་ནས།།

མདའ་བཞི་བུ་མོ་དངུལ་མཚོས།།

དངུལ་དཀར་བཞོ་ཟེའུའི་ནང་ལ།།

དངུལ་གྱི་འབྲི་མོ་འཇོ་དུས།།

མཛེས་སྡུག་གདོང་གི་འཛུམ་དཀར།།

འོ་མའི་མདངས་ལ་ཐིམ་ཡོད།།

དངུལ་ཐང་དངུལ་གྱི་འབྲི་མོ།།

མདའ་བཞི་བུ་མོ་དངུལ་མཚོ།།

དངུལ་ཟེའུ་འོ་མས་ལྟེམས་ཡོད།།

དངུལ་མཚོ་སེམས་པ་སྐྱིད་ཡོད།།


ཕ་ཡུལ་དུང་ལུང་ཐང་ནས།།

མདའ་བཞི་བུ་མོ་དུང་མཚོས།།

དུང་དཀར་བཞོ་ཟེའུའི་ནང་ལ།།

དུང་གི་འབྲི་མོ་འཇོ་དུས།།

མཛེས་སྡུག་གདོང་གི་འཛུམ་དཀར།།

འོ་མའི་མདངས་ལ་ཐིམ་ཡོད།།

དུང་ཐང་དུང་གི་འབྲི་མོ།།

མདའ་བཞི་བུ་མོ་དུང་མཚོ།།

དུང་ཟེའུ་འོ་མས་ལྟེམས་ཡོད།།

དུང་མཚོ་སེམས་པ་སྐྱིད་ཡོད།།

---------སྐོར་བྲོའི་གླུ་ཚིག

 

༡༡. རྟ་རྒྱུག་རྒྱལ་འཇོག

ཨུ་རྒྱན་པད་མའི་ཕོ་ཉ།།

འགག་མོའི་ལྷ་སྲས་ཇོ་རུས།།

ཨ་ཁུ་ཁྲོ་རྒྱལ་དཔོན་ལ།།

ལུང་བསྟན་རྫུན་མ་གནང་སོང་།།

ཉི་ཟླའི་འཕྲུལ་ཞགས་བཏབ་ནས།།

རྐྱང་ལ་གསེར་སྒ་བསྟད་པའི།།

རྟ་རྒྱུག་གཏམ་གྱི་སྙན་གྲགས།།

གངས་ཅན་ལྗོངས་ལ་ཁྱབ་ཡོད།།

ཨ། ལྷ་རྟ་རྐྱང་རྒོད།།

ཨ། ལྷ་སྲས་ཇོ་རུ།།


རྨ་སྟོད་སྨོན་ལམ་ལ་ཁའི།།

སྟོང་ཤོང་ལས་གུར་ནང་ན།།

འཛམ་གླིང་གེ་སར་རྒྱལ་པོ།།

གསེར་ཁྲི་སྟེང་ལ་བཞུགས་ཡོད།།

ཕྱོགས་བཞི་དགྲ་ལས་རྒྱལ་ནས།།

རྒྱལ་མཚན་མཁའ་ལ་བསྒྲེངས་པའི།།

མཛད་འཕྲིན་གསེར་གྱི་རི་མོ།།

ཉི་ཟླའི་སྟེང་ལ་བརྐོས་ཡོད།།

ཨ། དགྲ་ལྷ་ཝེར་མ།།

ཨ། དགྲ་འདུལ་རྒྱལ་པོ།།

----------བོད་པའི་ཡུལ་སྲོལ་གླུ་གར་<གེ་སར་ཁྲི་སྟོན་ཆེན་མོའི>བརྗོད་དོན་མཚོན་པའི་གླུ་ཚིག


༡༢. ནམ་མཁའི་ལྷ་མོ།

མཛའ་མོ་ནམ་མཁའི་ལྷ་མོ།།

འུ་གཉིས་བར་གྱི་ཞེ་འདང་།།

བ་སོ་ཕྲེང་བ་ཆ་གཅིག།

རང་རང་སྐེ་ལ་བསྐོན་ཡོད།།

ཕྲེང་ཐག་མ་ཆད་བར་དུ།།

འདང་ལ་འགྱུར་བ་མི་འདུག།

སྙིང་གི་ཆུང་འདྲིས་མཛའ་མོ།།

སེམས་ཀྱི་ནམ་མཁའི་ལྷ་མོ།།


མཛའ་མོ་ནམ་མཁའི་ལྷ་མོ།།

འུ་གཉིས་བར་གྱི་ཞེ་འདང་།།

གཡུ་ཆུང་དྲུག་དཀར་ཆ་གཅིག།

རང་རང་སྐེ་ལ་བཏགས་ཡོད།།

གཡུ་ཆུང་མ་ཆག་བར་དུ།།

འདང་ལ་འགྱུར་བ་མི་འདུག

སྙིང་གི་ཆུང་འདྲིས་མཛའ་མོ།།

སེམས་ཀྱི་ནམ་མཁའི་ལྷ་མོ།།


མཛའ་མོ་ནམ་མཁའི་ལྷ་མོ།།

འུ་གཉིས་བར་གྱི་ཞེ་འདང་།།

ཉི་ཟླའི་སྲུང་འཁོར་ཆ་གཅིག།

རང་རང་སྐེ་ལ་སྒྲོན་ཡོད།།

སྲུང་འཁོར་མ་ཟད་བར་དུ།།

འདང་ལ་འགྱུར་བ་མི་འདུག།

སྙིང་གི་ཆུང་འདྲིས་མཛའ་མོ།།

སེམས་ཀྱི་ནམ་མཁའི་ལྷ་མོ།།


༡༣ . ཉི་ཟླའི་བརྩེ་དུང་།

ཚེ་སྔོན་ལས་འཕྲོ་ཡོད་པས།།

ང་དང་ཉི་མ་ཚེ་རིང་།།

ཚེ་གཅིག་ལུས་གཅིག་འདི་ལ།།

གཅིག་སེམས་གཅིག་ལ་མཐུན་ཡོད།།

བགེགས་དང་བར་ཆད་དབང་གིས།།

ལམ་ལ་རིང་ཐུང་ཤོར་རུང་།།

འཇིག་རྟེན་མི་ཡུལ་འདི་ནས།།

གཅིག་གིས་གཅིག་ལ་བསྒུག་ཆོག།

ཨ། ཉི་མ་ཚེ་རིང་།།

འོ། སྙིང་གི་དགའ་ལོ།།


ཚེ་སྔོན་ལས་འཕྲོ་ཡོད་པས།།

ང་དང་ཟླ་བཟང་སྒྲོལ་མ།།

ཚེ་གཅིག་ལུས་གཅིག་འདི་ལ།།

གཅིག་ལུས་གཅིག་ལ་འདྲེས་ཡོད།།

ལས་དང་བསོད་ནམས་དབང་གིས།།

ཚེ་ལ་རིང་ཐུང་ཤོར་རུང་།།

འཇིག་རྟེན་ཕྱི་མའི་ཡུལ་ནས།།

གཅིག་གིས་གཅིག་ལ་བསྒུག་ཆོག།

ཨ། ཟླ་བཟང་སྒྲོལ་མ།།

འོ་ སྙིང་གི་དགའ་མ།།

-------- ༼  ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ༽ཞེས་པའི་བོད་ཀྱི་དམངས་སྲོལ་གླུ་གར་ཆེན་མོ་ནང་གི་གླུ་ཚིག


༡༤ . དྲི་བ་དྲིས་ལན།

                 མོ། 

ཨ་སྟག་ཤར་ཕ་བཟང་རིག་བཟང་བུ།།

བོད་མི་རེའི་ལུས་ན་གོས་རེ་ཡོད།།

གོས་འདི་ཡི་མིང་ལ་ཅི་ཞིག་ཟེར།།

ངས་མ་ཤེས་ཁྱོད་ལ་དྲི་བ་ཡིན།།

                   ཕོ།

ཨ་སྨན་ཆུང་མ་བཟང་སེམས་བཟང་མ།།

བོད་མི་རེའི་ལུས་ཀྱི་གོས་ལྭ་འདི།།

ཆ་མ་བཞག་ཅི་ཡིན་མ་ཤེས་ཐལ།།

ཆ་བཞག་ན་འཛམ་གླིང་ཉི་མ་རེད།།

                    མོ།

ཨ་སྟག་ཤར་ཕ་བཟང་རིག་བཟང་བུ།།

བོད་མི་རེའི་ཁ་ན་ཟས་རེ་ཡོད།།

ཟས་འདི་ཡི་མིང་ལ་ཅི་ཞིག་ཟེར།།

ངས་མ་ཤེས་ཁྱོད་ལ་དྲི་བ་ཡིན།།

                    ཕོ།

ཨ་སྨན་ཆུང་མ་བཟང་སེམས་བཟང་མ།།

བོད་མི་རེའི་ཁ་གི་ཟས་བཟང་འདི།།

ཆ་མ་བཞག་ཅི་ཡིན་མ་ཤེས་ཐལ།།

ཆ་བཞག་ན་སྦྲང་དཀར་རྩམ་པ་རེད།།

                   མོ།

ཨ་སྟག་ཤར་ཕ་བཟང་རིག་བཟང་བུ།།

བོད་མི་རེའི་ངག་ན་གཟུངས་རེ་ཡོད།།

གཟུངས་འདི་ཡི་མིང་ལ་ཅི་ཞིག་ཟེར།།

ངས་མ་ཤེས་ཁྱོད་ལ་དྲི་བ་ཡིན།།

                  ཕོ།

ཨ་སྨན་ཆུང་མ་བཟང་སེམས་བཟང་མ།།

བོད་མི་རེའི་ངག་གི་གཟུངས་སྔགས་འདི།།

ཆ་མ་བཞག་ཅི་ཡིན་མ་ཤེས་ཐལ།།

ཆ་བཞག་ན་མ་ཎི་ཡིག་དྲུག་རེད།།


༡༥ . དྲན་པ་ལ།

ཚེ་གཅིག་ལུས་གཅིག་འདི་ལ།།

དྲིན་ཆེན་ཕ་མའི་དྲིན་ལན།།

རྒས་དུས་མ་གཏོགས་མ་ཤེས།།

ཤེས་དུས་ཕ་མ་བཞུད་སོང་།།

ཨ་དྲན་པ་ལ།།

དྲིན་ཆེན་ཕ་མ་དྲན་པ་ལ།།

ཨ་སྐྱོ་བ་ལ།།

ཡ་ཆུང་སེམས་པ་སྐྱོ་བ་ལ།།


དབྱར་དགུན་སྟོན་དཔྱིད་བཞི་ལ།།

ཁྲི་གདུགས་ཉི་མའི་དྲོད་ཁོལ།།

གྲང་དུས་མ་གཏོགས་མ་ཤེས།།

ཤེས་དུས་ཉི་མ་འཇའ་སོང་།།

ཨ་དྲན་པ་ལ།།

འཛམ་གླིང་ཉི་མ་དྲན་པ་ལ།།

ཨ་གྲང་བ་ལ།།

ཡ་ཆུང་སེམས་པ་གྲང་བ་ལ།།


ཉིན་གཅིག་ཚ་མ་གསུམ་ལ།།

སྦྲང་དཀར་རྩམ་པའི་ཞིམ་མངར།།

ལྟོགས་དུས་མ་གཏོགས་མ་ཤེས།།

ཤེས་དུས་རྩམ་པ་ཚར་སོང་།།

ཨ་དྲན་པ་ལ།།

སྦྲང་དཀར་རྩམ་པ་དྲན་པ་ལ།།

ཨ་ལྟོགས་པ་ལ།།

ཡ་ཆུང་སེམས་པ་ལྟོགས་པ་ལ།།


༡༦. ཨ་ཇོ་དྲན་པའི་རྨི་ལམ།

དྲན་གདུང་འདབ་དྲུག་ཁ་བ།།

ཡ་ཆུང་སེམས་ལ་བབས་ཡོད།།

ང་དང་གངས་ལྷ་མེ་ཏོག།

མ་མཇལ་ཡུན་རིང་འགོར་སོང་།།

མི་རྟག་སྒྱུ་མའི་འགྱུར་ལྡོག།

དུས་ཀྱི་ཆོས་ཉིད་ཡིན་རུང་།།

མེ་ཏོག་དྲན་པའི་རྨི་ལམ།

ཚར་རྒྱུ་མེད་ན་འདོད་ཡོད།།


དམ་ཚིག་རྡོ་རྗེའི་མདུད་པ།།

དམར་ཆུང་སྙིང་ལ་ཐེབས་ཡོད།།

ང་དང་ཆུང་འདྲིས་ཨ་ཇོ།།

མ་མཇལ་ཡུན་རིང་འགོར་སོང་།།

མི་རྟག་འཇིག་རྟེན་འཁོར་བ།།

སྡུག་བསྔལ་ཡིན་པ་ཤེས་རུང་།།

ཨ་ཇོ་དྲན་པའི་རྨི་ལམ།།

ཚར་རྒྱུ་མེད་ན་འདོད་ཡོད།།


༡༧. སྤྲིན་དཀར་ལྷ་མོ།

སྟོན་ཟླ་དགུ་བའི་ནང་ལ།།

མཐོན་མཐིང་ཨ་སྔོན་དགུང་ནས།།

ཉམས་འགྱུར་སྟོང་གིས་སྒེག་པའི།།

མཛེས་སྡུག་སྤྲིན་དཀར་ལྷ་མོ།།

ལྷོ་ལམ་རིང་མོ་སྙེག་དུས།།

ཡ་ཆུང་སེམས་ལ་བྲིས་པའི།།

དྲན་གདུང་གཏམ་རྒྱུད་རིང་མོ།།

སུ་ལ་བཤད་ན་འདོད་ཡོད།།


སྟོན་ཟླ་དགུ་བའི་ནང་ལ།།

མཐོན་པོ་བར་སྣང་ཁམས་ནས།།

གཤོག་འགྱུར་སྟོང་གིས་སྒེག་པའི།།

མཛེས་སྡུག་ཁྲུང་ཁྲུང་ལྷ་མོ།།

ལྷོ་ལམ་རིང་མོ་སྙེག་དུས།།

སྙན་མོ་ངག་ལ་དྲངས་པའི།།

དྲན་གདུང་མཛའ་གཞས་རིང་མོ།།

སུ་ལ་བླང་ན་འདོད་ཡོད།།


༡༨. ངོ་སོ་མེད།

བོད་དད་ལྡན་སེམས་ཀྱི་རིན་པོ་ཆེ།།

མགོ་གསེར་ཏོག་ཅན་གྱི་བླ་མ་ཚོ།།

ཆོས་ཡང་དག་བྱང་ཆུབ་སེམས་པ་ཡིན།།

བྱམས་སྙིང་རྗེ་བླ་མའི་ཡོན་ཏན་ཡིན།།

ཚེ་མི་རྟག་ནམ་མཁའི་འཇའ་ཚོན་འདྲ།།

འཇའ་ཤར་ནས་ཡལ་ན་སྟོང་བ་ཡིན།།

མཚན་སྙན་གྲགས་འབྲུག་གི་སྒྲ་དང་འདྲ།།

འབྲུག་འུར་སྒྲ་ཆེ་རུང་སྟོང་སྒྲ་ཡིན།།

ལས་དགེ་སྡིག་རྒྱ་མ་ཚད་ས་ནས།།

ཕ་བླ་མ་ཡིན་རུང་ངོ་སོ་མེད།།


བོད་མང་ཚོགས་སེམས་ཀྱི་ཕ་བཟང་བུ།།

ཁྲི་མཐོན་པོ་ཅན་གྱི་དཔོན་པོ་ཚོ།།

དཔོན་མཐོ་དུས་མགོ་འཕང་དམའ་ན་བཟང་།།

ངག་འཇམ་པོ་དཔོན་པོའི་ཡོན་ཏན་ཡིན།།

དབང་མི་རྟག་མཚན་མོའི་རྨི་ལམ་འདྲ།།

ནམ་སྐྱ་མདའ་བཏང་ན་སྟོང་བ་ཡིན།།

རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་འདྲ།།

དགུང་ཉི་མ་ཤར་ན་ཅི་ཡང་མེད།།

ལས་རྒྱུ་འབྲས་རྒྱ་མ་ཚད་ས་ནས།།

དཔོན་མཐོན་པོ་ཡིན་རུང་ངོ་སོ་མེད།།


༡༩ . བདེ་སྐྱིད་མེ་ཏོག

མཛའ་མོ་ཁུ་བྱུག་སྔོན་མོ།།

སྟོན་གྱི་ཕོ་ཉ་ཐོན་ན།།

འཇོལ་མོ་ང་དང་མཉམ་དུ།།

ཉིན་གཅིག་འདུག་དབང་མེད་སོང་།།

ཡ་ཆུང་སེམས་པ་སྐྱོ་བཞིན།།

ལྷོ་མོན་རོང་ལ་འཕུར་བ།།

མི་རྟག་དབྱར་དགུན་སྟོན་དཔྱིད།།

དུས་ཀྱི་ཆོས་ཉིད་ཡིན་རུང་།།

ཚེ་གཅིག་ལུས་གཅིག་འདི་ལ།།

གཅིག་སེམས་གཅིག་ལ་འཁྲེང་བའི།།

ཞེ་འདང་རུས་རྐང་དཀར་པོ།།

དང་རུས་གསེང་ལ་སིམས་ཡོད།།


མཛའ་མོ་བདེ་སྐྱིད་མེ་ཏོག།

གཉེན་གྱི་ཕོ་ཉ་ཐོན་ན།།

ཆུང་འདྲིས་ང་དང་མཉམ་དུ།།

ཞག་གཅིག་འདུག་དབང་མེད་སོང་།།

ཡ་ཆུང་སེམས་པ་སྐྱོ་བཞིན།།

མི་འདོད་གནས་ཡུལ་འགྲིམ་པ།།

མི་རྟག་འཇིག་རྟེན་འཁོར་བའི།།

འགྱུར་མེད་ཆོས་ཉིད་ཡིན་རུང་།།

ཚེ་གཅིག་ལུས་གཅིག་འདི་ལ།།

གཅིག་སེམས་གཅིག་ལ་དུངས་པའི།།

ཞེ་འདང་ཟུངས་ཁྲག་དམར་པོ།།

རྩ་ལམ་ནང་ནས་འདྲེས་ཡོད།།


༢༠. དམར་ཆུང་སྙིང་གི་སྐྱ་ཡ།

བཅོ་ལྔའི་ལྷ་ཟླ་དཀར་པོ།།

ཁྱོད་ལ་སྡུག་བསྔལ་ཨེ་ཡོད།།

ང་དང་ཟླ་བཟང་སྒྲོལ་མ།།

ཟླ་དང་ལོ་ལ་མ་ཐུག།

རི་གསུམ་རྩེ་ནས་སྨྲེང་ཡོད།།

ལུང་གསུམ་མདོ་ནས་དྲན་ཡོད།།

དྲན་གདུང་འདབ་དྲུག་ཁ་བ།།

གངས་དཀར་སེམས་ལ་བབས་ཡོད།།

ཨ། དམར་ཆུང་སྙིང་གི་སྐྱ་ཡ།།          

ཟླ་བཟང་སྒྲོལ་མ།།

ཨ། ཁྲ་ཆུང་མིག་གི་ཆ་ཡ།།

ཟླ་བཟང་སྒྲོལ་མ།།


བཅོ་ལྔའི་ལྷ་ཟླ་དཀར་པོ།།

ཁྱོད་ལ་སྡུག་བསྔལ་ཨེ་ཡོད།།

ང་དང་ཉི་མ་ཚེ་རིང་།།

ཟླ་དང་ལོ་ལ་མ་ཐུག།

རྨི་ལམ་ནང་ནས་ངུས་ཡོད།།

ཉལ་སའི་ནང་ནས་སྐྱོ་ཡོད།།

སྐྱོ་གདུང་མཆི་མའི་ཆར་ཆུ།།

ཡ་ཆུང་ཁོག་ལ་བཞུར་ཡོད།།

ཨ།  དམར་ཆུང་སྙིང་གི་སྐྱ་ཡ།།        

ཉི་མ་ཚེ་རིང་།།

ཨ།  ཁྲ་ཆུང་མིག་གི་ཆ་ཡ།།         

ཉི་མ་ཚེ་རིང་།།

--------༼ ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ༽ཞེས་པའི་བོད་དམངས་སྲོལ་གྱི་གླུ་གར་ཆེན་མོ་ནང་གི་གླུ་ཚིག


༢༡. སེམས་ཀྱི་རྨི་ལམ།

མདའ་བཞི་གཡེར་མོ་ཐང་ནས།།

རྔམ་བརྗིད་མཁའ་ལ་འགྱིང་བའི།།

བླ་རི་སྨོན་ལམ་མཐོན་པོ།།

ང་ཡི་སྐྱེས་རི་དཀར་པོ།།

གངས་ལྷ་མེ་ཏོག་རེ་རེ།།

སེམས་ཀྱི་རྨི་ལམ་རེ་རེ།།

མཛེས་སྡུག་འདབ་མ་རེ་རེ།།

དྲི་ཞིམ་མཆོད་པ་རེ་རེ།།

སྨོན་ལམ་མཐོན་པོ།

སྐྱེས་རི་དཀར་པོ།


མདའ་བཞི་གཡེར་མོ་ཐང་ནས།།

ཨ་སྔོན་ཐང་ལ་བཏིངས་འདྲའི།།

ལྷ་མཚོ་ཁྲི་ཤོར་རྒྱལ་མོ།།

ང་ཡི་བླ་མཚོ་སྔོན་མོ།།

མཚོ་ཁའི་མེ་ཏོག་རེ་རེ།།

སེམས་ཀྱི་རྨི་ལམ་རེ་རེ།།

རླབས་དཀར་ཟེགས་མ་རེ་རེ།།

རང་བྱུང་མཆོད་པ་རེ་རེ།།

ཁྲི་ཤོར་རྒྱལ་མོ།

ལྷ་མཚོ་སྔོན་མོ།


མདའ་བཞི་གཡེར་མོ་ཐང་ནས།།

འཇའ་ཚོན་རི་མོ་བྲིས་འདྲའི།།

མཛེས་སྡུག་སྤང་ལྗོངས་སྔོན་མོ།།

ང་ཡི་ཕ་ས་སྐྱིད་པོ།།

སྤང་རྒྱན་མེ་ཏོག་རེ་རེ།།

སེམས་ཀྱི་རྨི་ལམ་རེ་རེ།།

རྟ་ནོར་ལུག་ཁྱུ་རེ་རེ།།

འཚོ་བའི་མཆོད་པ་རེ་རེ།།

སྤང་ལྗོངས་སྔོན་མོ།

ཕ་ས་སྐྱིད་པོ།

---------སྐོར་བྲོའི་གླུ་ཚིག


༢༢. སྤྲུལ་བའི་འཇིག་རྟེན།

སྟོད་ཕྱོགས་དབུས་གཙང་ཡུལ་ནས།།

མཛེས་སྡུག་ཉམས་ཀྱིས་འགྱིང་བའི།།

འཇིག་རྟེན་གངས་ཀྱི་བདག་མོ།།

གངས་རྒན་མཐོན་མཐིང་རྒྱལ་མོ།།

རྩ་བ་ཀླུ་ལ་ཟུག་ཡོད།།

རྩེ་མོ་ལྷ་ལ་ཐུག་ཡོད།།

ཨ་ལ་ཡེ། གངས་ཀྱི་བདག་མོ།།

ཨ་ལ་ཡེ། མཐོན་མཐིང་རྒྱལ་མོ།།

ཁྱོད་ནི་ལྷ་མོ་སུ་ཡི་སྤྲུལ་བ་ཡིན།།

ཁྱོད་ནི་ལྷ་ཆེན་སུ་ཡི་དགའ་མ་ཡིན།།


བར་ཕྱོགས་ཁམས་པའི་ཡུལ་ནས།།

མཛེས་སྡུག་གར་གྱིས་འབབ་པའི།།

དྭངས་གཙང་ལྷ་ཆབ་སྔོན་མོ།།

ཆུ་མོ་རྨ་འབྲི་རྫ་གསུམ།།

ཆུ་མགོ་གངས་ལ་ཐུག་ཡོད།།

ཆུ་སྣེ་མཚོ་ལ་འདྲེས་ཡོད།།

ཨ་ལ་ཡེ། ལྷ་ཆབ་སྔོན་མོ།།

ཨ་ལ་ཡེ། རྨ་འབྲི་རྫ་ཆུ།།

ཁྱོད་ནི་ལྷ་མོ་སུ་ཡི་སྤྲུལ་བ་ཡིན།།

ཁྱོད་ནི་ལྷ་ཆེན་སུ་ཡི་དགའ་མ་ཡིན།།


སྨད་ཕྱོགས་ཨ་མདོ་ཡུལ་ནས།།

མཛེས་སྡུག་རླབས་ཕྲེང་ངོམ་པའི།།

སེམས་ཀྱི་ལྷ་མཚོ་སྔོན་མོ།།

སྙིང་གི་ཁྲི་ཤོར་རྒྱལ་མོ།།

མཚོ་མོ་གཡུ་ཡི་མེ་ལོང་།།

མཚོ་སྙིང་མ་ཧཱ་དེ་བ།།

ཨ་ལ་ཡེ། ལྷ་མཚོ་སྔོན་མོ།།

ཨ་ལ་ཡེ། ཁྲི་ཤོར་རྒྱལ་མོ།།

ཁྱོད་ནི་ལྷ་མོ་སུ་ཡི་སྤྲུལ་བ་ཡིན།།

ཁྱོད་ནི་ལྷ་ཆེན་སུ་ཡི་དགའ་མ་ཡིན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།