ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་ཀའི་སྨྱུག་ཚོགས་ཀྱིས་མ་ཡུམ་དུས་ཆེན་བསུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20170514113111.jpg

微信图片_20170514113210.jpg

ཨ་མའི་དུས་ཆེན་གྱི་ཁ་པར། 

མཛེས་སེ།

ཨ་མ་ཡིས་དེ་རིང་ནི་ཨ་མའི་དུས་ཆེན་ཡིན་པ་མི་ཤེས།

དེའི་རྐྱེན་གྱིས་ངས་ཁོ་མོར་ཁ་པར་མ་བཏང་།

ཨ་མ་ཡིས་དེ་རིང་ཨ་མའི་དུས་ཆེན་ཡིན་པ་ཤེས་རུང་ཁོ་མོས་དེ་ནི་རང་ཉིད་དང་འབྲེལ་བ་ཡོད་པར་མི་བསམ།

ངས་ཕ་ཡུལ་དུ་བཞུགས་པའི་ཨ་མ་ལ།ཁ་པར་བཏང་ནས་ཆེད་དུ་འཚམས་འདྲི་མ་ཞུས་པ་ནི།

རང་ཉིད་དུས་ཆེན་འདིའི་རིགས་ལ་གོམས་མེད་པ་དང་།

ཁ་ནས་ཅི་ཞིག་འཆད་རྒྱུ་མ་རྙེད་པའི་ཕྱིར།

ཏག་ཏག་སྐབས་དེར། 

ང་ལ་ཨ་མའི་ཁ་པར་འབྱོར་བྱུང་།

ཁོ་མོས་ཁྱིམ་དུ་རྩམ་པ་ཡོད་མེད་དྲིས་པ་མ་ཟད།

 དེ་རིང་རྫོང་མཁར་དུ་ཡོང་ནས།ང་ཚོར་རང་ཁྱིམ་གྱི་བག་ལེབ་དང་། 

རི་སྐྱེས་སྔོ་ཚོད་ཀྱིས་བཟོས་པའི་མོག་མོག་བསྐུར་ཡོད་ཟེར།

ཨ་མས་གསར་བྱུང་དུས་ཆེན་ཆ་མེད་ལ་དོ་སྣང་མི་བྱེད།

ཁོ་མོས་བུ་ཕྲུག་གི་བདེ་སྡུག་ཁོ་ན་དྲན་གྱིན་འདུག་པ་རེད།

དཔེར་ན།

འཇིག་རྟེན་འདིའི་སྲོག་ཆགས་གཞན་དག་གི་ཨ་མས།

འགྲོ་བ་མི་ཡིས་ཕུལ་བའི་སྨོན་ཚིག་ལ་ཉན་ཁོམ་མེད་པར།

རང་གི་ཕྲུ་གུའི་ལྟོགས་སྐོམ་སེལ་བར་བྲེལ་ཞིང་།

དེ་རྣམས་ཡུན་རིང་དུ་འཚོ་ཨེ་ཐུབ་འབད་པ་ནང་བཞིན་ནོ།།

微信图片_20170514113635.jpg

མ་ཡུམ་དུས་ཆེན་ཉིན་མ་ཡུམ་ལ་ཕུལ་བ།

ཁྲི་སེམས་དཔའ།

བྱིའུ་འཕུར་ཟིན་ནའང་། གཤོག་པ་འཇམ་པོ་ཞིག་གི་དྲོད་ཁོལ། 

སྔར་བཞིན་ཚང་སྐྱིབས་སུ་ལུས་འདུག  

ཉི་འོད་ཀྱི་གསེར་ཆུ་བྱུགས་པའི་གཤོག་པ་ཆ་གཅིག་པོ་དེ། 

མ་ཡུམ་གྱིས་མིའི་རིགས་ལ་བཏེགས་པའི་ཕྱག་ཟུང་ཡིན། 

སྟོང་བའི་ནམ་མཁའ་ལ་མཐའ་དབུས་མེད་པ་ནང་བཞིན། 

བརྩེ་བའི་འོད་སྣང་ལ་ཕྱོགས་རིས་ཡོད་མི་སྲིད། 

མ་ཡུམ་དཔེ་ཅན་དཔེ་ལ་སྔར་བཞིན་མ་ཡུམ་ཉིད་ལས་འཚམ་པོ་ཞིག་མི་རྙེད། 

ས་སྲོད་ཀྱི་སྒང་ག་དག་ཏུ་ཉིན་བྱེད་ཀྱིས་ཟེར་འཕྲོ་བསྐྱུར་ནས་འགྲོ་བ་ཇི་བཞིན། 

མ་ཡུམ་གྱིས་བྱམས་བརྩེའི་དྲོད་ལྷག་རང་ཁྱིམ་གྱི་གོ་འདབས་སུ་སྤུངས་ནས། 

སྨག་རུམ་གྱི་ཁོང་དུ་ཉིན་བྱེད་ལས་ལྷག་པའི་འོད་སྣང་སྦས། 

ཞོགས་པར། ཕ་ཡུལ་གྱེས་བྲལ་གྱི་དཔང་དུ་བཞག་སྟེ་རྒྱང་ལ་བཞུད་དུས། 

མདུན་སྐྱོད་ཀྱི་གཡང་ལ་མི་ལྟུང་བའི་སྨོན་ལམ་མ་ཡུམ་གྱིས་ཞུས་ཡོད་པས། 

སེམས་པ་མ་ཡུམ་གྱི་སྐུལ་ལྕག་ལ་འགྲོགས་ནས་མི་ཚེའི་ལ་ལུང་འགྲིམས། 

མ་ཡུམ་གྱི་སྐྲ་ལོའི་བྲག་ཐེམ་དུ་གངས་ཀྱིས་ཞབས་རྗེས་དཔར་བ་ནི། 

རྒྱང་བཞུད་པ་གང་དེའི་སེམས་ཀྱི་འཁྱག་དར་ཡིན། 

གྲང་ཤུར་ཤུར་གྱི་ཚོར་བ་དེ་རྩ་ལམ་བརྒྱུད་ནས་ཕ་ཁྱིམ་དུ་དེངས་འགྲོ། 

ཕྱིར་ལྟ་གྲངས་མེད་ཀྱི་ཁྲོད་དུ། 

ཕ་ཡུལ་ནི་དེ་འདྲའི་ཉེ་ཞིང་དེ་འདྲའི་རིང་། 

མ་ཡུམ་ཡང་དེ་ལྟ་དེ་ལྟར་ཡིན། 

མ་ཡུམ་དྲན་དུས། ལམ་གྱི་ཁུག་ཀྱོག་རེ་ནས་རྐང་མལ་ཡང་ཡང་གསོས་ཤིང་། 

ཐོག་མར་ལམ་ལ་ཆས་པའི་གནས་དེ་ཡིད་ལ་འཁོར་འོངས། 

མ་ཡུམ་གྱི་ཞལ་རས་ལྷག་ཏུ་ཡིད་ལ་འཁོར་འོངས། 

ཟླ་བ་ཡར་ངོ་ཞིག་ལ་སྙིང་གཏམ་གླེང་ཞིང། 

རླུང་བུ་ལྡོམ་པོ་ཞིག་ལ་སེམས་པ་བསྐུར། 

དགུང་གྲངས་ཀྱི་རྩེ་ལ་དཔྱངས་པའི་མ་ཡུམ་གྱི་འཛུམ་ཞལ། 

ལྗོན་རྩེར་ཁུར་གྱིས་དུད་པའི་ཀུ་ཤུ་ཞིག་དང་ཁྱད་ཅི། 

མི་ཚེའི་དབྱར་དགུན་སྟོན་དཔྱིད། 

འཚོ་བའི་རི་ཆུ་ལ་ཐང་། 

ཡོད་ཚད་བསམ་གཞིག་གི་ཁྱོགས་ལ་བཀལ་ཚེ། 

ནམ་ཡང་ས་གཞིའི་རྒྱ་ཁྱོན་དུ་བཀྲམ་ཞིང་། 

ལྷུན་པོའི་མཐོ་ཚད་དུ་འགྲེངས་ནས། 

ཀུ་ཤུ་བཞིན་གཟུགས་ལ་མཛེས་པ། རོ་ལ་ཞིམ་པ། 

མ་ཡུམ་ཡིན། 

ཉིན་མོ་འདིར། ལྷད་ཀྱིས་མ་གོས་པའི་རི་སྐྱེས་མེ་ཏོག་ཚོམ་བུ་ཞིག 

ལག་ཏུ་ཐོགས་ཏེ་དབུལ་ས་ཞིག་ཡོད་ཚེ། 

མ་ཡུམ་དུས་ཆེན་མི་ཤེས་པའི་མ་ཡུམ་སྟེ། 

ཡང་ན་ཉིན་མོ་ཡོངས་རྫོགས་ལ། ནམ་ཡང་མ་ཡུམ་ཡིན་འོས།

timg (4).jpg

ཨ་མའི་དུས་ཆེན་ལ་བྲིས་པ།

སྨུག་པོ།  

འཇིག་རྟེན་ན་ལག་པ་མང་པོ།  

ཁ་ཅིག་གིས་ཡར་འཐེན་བྱེད།  

ཁ་ཅིག་གིས་འཕུད་བརྒྱག་བྱེད།  

ཁ་ཅིག་གིས་བྱབས་བྱབས་བྱེད།  

འོན་ཀྱང་།     འོན་ཀྱང་།  

དྲོད་འཇམ་རྟག་པ་ནི་ཨ་མའི་ལག་ཟུང་།  

འཇིག་རྟེན་ན་ཐ་སྙད་མང་པོ།  

ལ་ལས་ལམ་རྒྱང་བསྐྱེད།  

ལ་ལས་མཚར་སྡུག་སྟེར།  

ལ་ལས་ཁེངས་སེམས་སྟེར། 

འོན་ཀྱང་།   འོན་ཀྱང་།  

ཆེས་དགའ་ས་ནི་ཨ་མ་ཞེས་པའི་ཐ་སྙད།  

འཇིག་རྟེན་ན་བརྩེ་བ་མང་པོ།  

ཁ་ཅིག་ནི་ལམ་ནས་རྙེད།  

ཁ་ཅིག་ནི་གར་སྟེགས་ཀྱི་འཁྲབ་ཆས།  

ཁ་ཅིག་ནི་བར་སྣང་གི་འཇའ་ཚོན།

འོན་ཀྱང་།      འོན་ཀྱང་།

ནམ་ཡང་མི་འདོར་བའི་བརྩེ་བ་ནི།  

ཨ་མའི་བརྩེ་བ་ཉིད་ཡིན།  

timg (6).jpg

མིག་ཆུའི་མཆོད་པ།

--དྲིན་ཆེན་མ་ལོར་ཕུལ་བ།

---ཁྲི་སྐལ་བཀྲ།

གསེར་གྱི་རི་ཆུང་ཞབས་ཀྱིས་བརྫིས་ཏེ་རྡོག་སྣེ་བསྐྱོད་པའི་སྐོར་ལམ་ན།།

དྲིན་ཆེན་མ་ལོའི་འཛུམ་དཀར་འཐུ་ཞོར་དྲན་པའི་སྔགས་ཤིག་ཡལ་མི་འདུག།

ཕྱག་མཆོད་བསང་མཆོད་ལྷ་ལ་བཏང་རུང་བྱམས་བརྩེ་དྲོན་མོའི་སེམས་མ་ཐེག།།

ལག་ཟུང་འདར་བའི་སྙན་ངག་འདི་ཡིས་མ་ལོའི་དྲིན་ལ་མིག་ཆུས་སྦངས།།


དངུལ་གྱི་མཚོ་ཆུང་ཁྱོར་ལ་བླུགས་ནས་མཆོད་གསུམ་འཕངས་པའི་ས་མཐའ་ན།།

དྲིན་ཆེན་མ་ལོའི་བྱམས་སེམས་སྒོམ་ཞོར་དྲན་པའི་སྔགས་ཤིག་ཡལ་མི་འདུག།

མིག་ཆུ་དྲོན་མོས་ཇ་ཞིག་སྐོལ་རུང་ནུ་རིན་འབུལ་བའི་སྐལ་མ་བྱུང་།།

མིག་ཟུང་བཤེར་པའི་སྙན་ངག་འདི་ཡིས་མ་ལོའི་དྲིན་ལ་རེ་འདུན་ཟབ།།


གསེར་རི་ཆུང་ཀ་རུ་བསྒྱུར་ཏེ་ཐོད་པའི་རུས་ལ་དཔལ་ཁ་རྒྱས།།

དངུལ་གྱི་མཚོ་ཆུང་མེ་ལོང་བྱས་ཏེ་དྲན་པའི་རླངས་པ་མཁའ་རུ་འཕྱུར།།

བཀའ་དྲིན་སེམས་ཀྱི་བྱམས་ལྡན་མ་ལོ་མཁའ་ན་འཚེར་པའི་དུང་ཟླ་ཡིན།།

སྐྱོ་བའི་སྙན་ངག་གླིང་ལ་ཁྱབ་རུང་རྒྱལ་ཡུམ་སྒྲོལ་མ་དཀར་མོ་ཡིན།།


ཤུལ་ན་ལུས་པའི་གཡུ་སྦྲ་སྨུག་པོ་ཕྲེང་ལ་བརྒྱུས་པའི་མགུལ་རྒྱན་ཡང་།།

རི་མགོ་མཐོན་པོས་ཉི་ཟེར་བརྔུབས་ཏེ་དྲིན་གྱི་བུ་ལོན་ག་སར་ཟགས།།

དུས་ཀྱི་རྨི་ལམ་ས་ལ་སྔས་པའི་བསིལ་ལྡན་གངས་ཀྱི་ར་ལུང་ན།།

དྲིན་གྱི་རྣམ་ཤེས་འཇའ་རུ་བརྒྱུས་རུང་ལས་སྐལ་དམར་པོའི་ཚེ་སྲོག་ཡིན།།


བུ་ང་འཁྱམས་སའི་ས་མཐའ་རེ་ན་མིག་ཆུའི་མཆོད་རྐོང་རེ་རེ་ཡོད།།

བུ་ང་མཇལ་སའི་ཡང་དགོན་རེ་ན་སྙིང་རྗེའི་མན་ངག་རེ་རེ་ཡོད།།

ཁྱིམ་ཁ་བཟའ་ཁ་འཛོམས་དང་མི་འཛོམས་ཡོ་ལང་གར་གྱི་སྒོ་ཕྱེ་སྟེ།།

གནམ་གྱི་ཉི་ཟླ་ཚབ་ཏུ་བཞག་ནས་མ་ལོའི་དུས་ཆེན་ཡང་བསྐྱར་བསུ།།

timg (5).jpg

སྐྱེད་མ། (ཞར་བཀོད་ཚན་པ་གཅིག)

སྟག་རིག་འབྲུག་ཐར། 

ངའི་ནམ་མཁར་དྲོད་འཇམ་གྱི་ཉི་མ་ཞིག་ཤར་ཡོད།

དུས་ཀྱི་ཚིགས་མལ་རེས་སུ་འཁོར་ཡང་།

ལོ་ཟླའི་གོམ་འགྲོས་བགས་ཀྱིས་བགྲོད་ཀྱང་།

ཕྱོགས་རིས་དང་སུན་སྣང་བྲལ་བར།

ངའི་ནམ་མཁར་འཛུམ་གྱིས་བཞད་འོངས།

ཉི་མ་དེའི་མིང་ལ་ཨ་མ་ཞེས་འབོད།

ངའི་གཙང་བོར་དྭངས་གསལ་གྱི་ཟླ་བ་ཞིག་ཤར་ཡོད།

དཔྱིད་དབྱར་སྟོན་དགུན་དལ་མེད་བཞུར་ཡང་།

དུས་ཀྱི་མདུང་རྩེ་བང་གིས་རྒྱུག་ཀྱང་།

སྤྱི་བརྟོལ་དང་ཕྱི་བཤོལ་མེད་པར།

ངའི་གཙང་བོར་ལྷོད་ཀྱིས་འཁྱིལ་འོངས།

ཟླ་བ་དེའི་མིང་ལ་ཨ་མ་ཞེས་འབོད།

དྲོད་ཤ་དང་དྭངས་རྩེ་འཛོམས་པའི་ཨ་མས།

ངའི་གར་འགྲོ་གང་འདུག་མིག་གིས་འཚོས་ཏེ་ལོ་ཟླའི་རི་ཆུ་དུངས་བས་བརྒལ།

ངའི་དགའ་སྐྱོ་ཁྲོ་སྡང་སེམས་པས་འཐུས་ཏེ་དུས་ཚོད་ཀྱི་བྱེ་ཐང་བརྩེ་བས་བརྒྱབ།

མེད་ན་མི་ཆོག་པའི་ཉི་ཟླ་ལྟ་བུའི་ཨ་མས།

གང་ཞིམ་ཟས་ཀྱིས་འཛུམ་མདངས་འདེགས་ངེས།

གང་ཡག་གོས་ཀྱིས་བྱམས་བརྩེ་རུམ་ངེས།

ངའི་ནམ་མཁའ་དང་གཙང་བོ་རུ་གཏན་དུ་བརྗིད་པའི་ཉི་ཟླ་ཨང་།

མི་རྟག་འཇིག་རྟེན་གྱི་ཡོལ་གོ་རུ།

འཛོམས་ན་ལྷན་དུ་འདུ་བའི་མོས་འདུན་གྱི་མཆོད་མེ་ལམ་ལམ་འཕྲོ་བཞིན།

མཛེས་སྡུག་གི་གངས་རིའི་ཕྲག་པར་གཏན་དུ་མི་ནུབ་པར་སྨོན།

timg (1).jpg

དྲིན་ཆེན་གྱི་སྐྱེད་ཡུམ།

ཚེ་སྲོག་གི་ངུ་སྐད་དྭངས་མོ་མི་ཡུལ་འདིའི་གྲུ་ཟུར་འཐོར་ནས།

རྨོངས་པའི་མུན་དོང་ལ་ལྗིད་ཏིག་གེར་བྱིང་དུས།

དཔལ་བདེའི་སྣང་བ་ཡི་ལམ་སྟོན་མཛད་པོ།

མཁའ་རུ་འཁྱིལ་བའི་སྤྲིན་དཀར་གྱི་འདབ་མ་སྟེ་དྲིན་ཆེན་གྱི་སྐྱེད་ཡུམ་ཡིན།

ལང་ཚོའི་མེ་ཏོག་གཞིས་ཀ་འདིའི་སྐྱེད་ཚལ་དུ་བབས་ནས།

ཕུགས་རེའི་བྱ་ལས་ལ་འཇུག་མགོ་རྩོམ་དུས།

དཀའ་ཚེགས་ཚ་གདུག་གི་གདུང་བ་བཅོམ་མཁན།

ལྷོད་ཀྱིས་འབབ་པའི་ཟམ་ཟིམ་གྱི་སྦྲང་ཆར་ཏེ་དྲིན་ཆེན་གྱི་སྐྱེད་ཡུམ་ཡིན།

བྱེའུ་ཆུང་གི་གཤོག་རྩལ་ཡངས་མོར་གཉོམ་ལག་རྒྱས་ནས།

མཐོངས་དབྱིངས་མཁའ་ལམ་དུ་འཕུར་ལྡིང་རྩེན་དུས།

མ་ངེས་གོ་འཛོལ་གྱི་ཕྱོགས་ལམ་གསལ་བོར་སྟོན་མཁན།

ཕྱོགས་སྟོན་འཁོར་ལོའི་ཟླ་རུ་འཕྱ་བ་དྲིན་ཆེན་གྱི་སྐྱེད་ཡུམ་ཡིན།

བདེ་སྐྱིད་ཀྱི་འཚོ་བའི་འོད་སྣང་མི་ཚེའི་ལྟེབས་ཁུགས་སུ་བཞད་ནས།

འཚོ་ཚིས་གཞུང་ལམ་དུ་འདུར་གྱིས་རྒྱུག་དུས། 

ཁ་མིག་ཟུར་དུ་འཚོ་བའི་སེམས་པའི་རྒྱབ་རྟེན།

དྲོད་འཇམ་དཔྱིད་ཀྱི་དཔལ་མོ་དྲིན་ཆེན་གྱི་སྐྱེད་ཡུམ་ཡིན།

timg (10).jpg

ཨ་མ་ལགས། ཚེ་རིང་ལོ་བརྒྱར་ཤོག

ཁྲི་ཚ་སྐལ་སྒྲོན།

ད་ནི་ཟད་ཀྱིན་པའི་ལོ་ཟླར་ཉན་ཞོར།

བརྩེ་སེམས་ཀྱི་མེ་ལོང་གཙང་མར་བཀྲུས་ཏེ།

རང་ཉིད་ཀྱི་འཇིག་རྟེན་ལ་ཞིབ་ཀློག་ཡང་ཡང་བྱས་མཐར།

གཞི་ནས་སྦྲ་ནག་གི་ཁ་ཚུབ་ན་ལྡང་བའི་རྨི་ལམ་རེ་རེ།

རྩྭ་ཐང་ནས་སྐྱུར་བའི་ལྗང་མདོག་གི་ཉིན་ཐོ་ཡིན་ལ།

དུས་ཚིགས་ཀྱི་དྲན་གདུང་བཀུགས་པའི་དོ་ནུབ།      

 ཁྱེད་ཀྱི་བྱམས་བརྩེའི་དྲོད་ཁོལ་ཀློང་ནས་ཡུན་རིང་བསྐྱངས་པའི་བུ་མོ་ངས།   

ཨ་མའི་སླད་མེད་པའི་དགོད་སྒྲ་དང་སྨོན་པ་ཁྲི་ཕྲག་གི་ཁ་གཡང་དྲོན་མོ།  

 ད་དུང་།ལྷག་བསམ་གྱི་འོ་མའི་མཚོ་མོར་དུངས་སྣང་གི་མར་ལོས་ཕྱུག་པའི་གདམས་ངག་རེ་རེ་ག་ལེར་དྲན་བྱུང་།                                               

ཨ་མ་ལགས།ངའི་དམར་པོ་སྲོག་གི་རྟེན་ཕུར་ཡིན།   

ནད་མེད་ཚེ་རིང་ལོ་བརྒྱར་ཤོག

བུ་དང་བུ་མོའི་ཆེད་དུ།

སེམས་ལ་ལྷན་པ་བརྒྱབ་པ་བགྲང་གིས་མི་ལངས་ཤིང་།

ལག་པའི་སེར་ག་ནས་བཞུར་པའི་རྔུལ་ཁྲག་གང་མང་།                                                            

དོ་ནུབ་ངའི་བྲང་གཞུང་ལ་ཤུགས་ཀྱིས་བཞུར།

འཚོ་བ་ནི་རོལ་དབྱངས་སུ་འདོད་པའི་ང་ཚོར།

བློ་ཁོག་གིས་བརྟོལ་བའི་འཛུམ་མདངས་བོར་མ་མྱོང་།

སེམས་ཁུར་གྱིས་སྨིན་པའི་སྐྲ་དཀར་སྒྱུར་མ་མྱོང་།

བཟོད་བསྲན་གྱིས་མིད་པའི་རིལ་བུ་ཆད་མ་མྱོང་།

ཨ་མ། ངའི་དམར་པོ་སྲོག་གི་རྟེན་ཕུར་ཡིན།

ནད་མེད་ཚེ་རིང་ལོ་བརྒྲར་ཤོག                            

 ངས་ནམ་རྒྱུན་ལོ་ཟླའི་ཕྱིར་དྲན་གྱི་སྒོ་གླེགས་མྱུལ་དུས།                                             

མི་ཚེ་འདི་རུས་རྐང་དུ་ཟུག་པའི་མེ་ཏོག་སྣ་ཚོགས་ལ་བཀྲག་མདངས་འཚེར་བས་ཀྱང་།    

ཁྱེད་ཀྱི་བཀའ་དྲིན་བརྗོད་ནས་མི་ཚར་ལ་དྲིན་ལན་གཞལ་གྱིས་མི་ལངས།

ད་དུང་ཤ་རུས་ཀྱི་བརྩེ་མདང་སྙིང་གར་སྒོམ་པའི།

གསོལ་འདེབས་དང་སྨོན་ལམ་རྩིས་མེད་ཅིག

དགོན་རི་གྲོང་གསུམ་གྱི་བར་སྣང་ལ་ཁྱབ་པ་ཚོར་འོང་།

བྱམས་བརྩེ་དེ་ཉི་འོད་ལྟར་ལྷམ་མེར་འཚེར་ཞིང་།

ལྷག་བསམ་དེ་ཟླ་འོད་ལྟར་དཀར་ཞིང་གསལ། 

ངའི་དྲན་གདུང་དང་རང་མོས་ཀྱི་སྙན་ཚིག་ཐར་ཐོར་གྱི་བརྗོད་བྱའི་ཡང་སྙིང་ནས་ནམ་ཡང་དྲན་དང་གླེང་བཞིན་ཡོད།  

མི་ཚེ་མར་མེ་བཞིན་ཟད་པའི་སྒང་ན་མ་ལོའི་གདོང་གི་གཉེར་མའི་ཟབ་ཚད་དང་།

མགོ་བོའི་སྐྲ་དཀར་གྱི་གྲངས་ཚད་ཀྱིས་ང་ལ་སྨྲ་མི་ཤེས་པའི་སྐྱོ་གདུང་འཛད་མེད་ཅིག་སྦྱིན།

ཨ་མ་ལགས།         

པོ་ཏ་ལའི་གཟི་བྱིན་གྱི་ཐུ་འོག་ནས་ཡུན་རིང་དུ་འཚོ་ཞིང་བཞེས་ཤིང་།                                     

ཆོས་སྲིད་ཀྱི་དབུ་འཕང་བླ་ན་མཐོ་བའི་དུས་འདིར། 

 བློ་བདེ་བག་ཕེབས་ངང་མ་ཎི་ཡིག་དྲུག་གི་དབྱངས་རྟ་རེ་རེ་ངག་ལ་གྱེར་བཞིན།

བདེ་སྐྱིད་ཀྱི་འཚོ་བར་འཇུག་པར་གསོལ་འདེབས་གྲངས་མེད་ཅིག་བོར་ཡོད། 

ཨ་མ། ངའི་དམར་པོ་སྲོག་གི་རྟེན་ཕུར་ཡིན།  

ནད་མེད་ཚེ་རིང་ལོ་བརྒྱར་ཤོག

微信图片_20170514120233.jpg

ངས་ཀྱང་མ་ལོའི་དྲིན་དྲན་བཞིན་ཡོད།

གྲོལ།

མདངས་ནུབ་ཀྱི་མཚན་ཞག་རིང་མོ

ཆར་བ་དང་གློག་འགྱུ  

ད་དུང་འབྲུག་སྒྲས་ལྷིང་འཇགས་ཡོད་ཚད་དཀྲོགས་སོང

རྨི་ལམ་མག་མོག་དང་སྔུར་བ་ཐན་ཐན་གྱི་ཀློང་ནས

ཨ་མའི་ལས་དོན་གཟུགས་བརྙན་བཞིན་ལ་ཡིད་ལ་འཁོར་ཡོང

ད་ནངས   ད་དུང་ཆར་བ་ཟམ་ཟིམ་ཞིག་འབབ་བཞིན་འདུག

སྨུག་པ་ལང་ལོང་གིས་ཕ་གིའི་ལུང་བ་ཡོངས་སུ་བཏུམས་འདུག

འདི་ནི་མ་ཡུམ་གྱི་དྲིན་ལན་གསབ་ཕྱིར་འཐོར་བའི་མིག་ཆུའི་ཕྲེང་རྡོག་དང་ཕྲེང་རྡོག་དེའི་རྒྱུན་ཨེ་ཡིན

ཆར་བ་འདི་གློ་བུར་བ་ཞིག་རེད

ཡུམ་གྱི་དྲིན་ལན་ནི་རྟག་ཏུ་གནས་ཡོད 

དྲིན་ནི་ཅི་ཞིག་ཡིན

ལན་ནི་ཅི་ལྟར་སློག

འདི་ནི་རྟག་བརྟན་གྱི་དྲི་བ་གསོན་པོ་ཞིག་ཡིན

འདི་ནི་རྣམ་ཀུན་གྱི་དྲན་སྐུལ་ནན་མོ་ཞིག་ཡིན

གལ་སྲིད   ངའི་ཨ་མ་དེ་རིང་དྲ་ངོས་སུ་ཞུགས་ཚེ

ཨ་མར་སེམས་འགུལ་གྱི་མཆི་མ་འཁོར་ངེས

ངའི་བུ་ཕྲུག་ཚོར་གློ་བུར་གྱི་རྟོགས་སད་བྱུང་འདུག

འོན་ཀྱང   ངའི་ཨ་མས་གཞིས་ཀྱི་སྒོ་ཁྱིམ་ན་འདུར་བཞིན་ཡོད

ངའི་བུ་ཕྲུག་ཚོ་བྱེ་ཡི་དྲ་ངོས་ན་ཁོམ་ནས་ཡོད

ཨ་མས་རྒྱང་རིང་ནས་རྒྱང་རིང་མཐོང་མ་མྱོང་བས

བུ་ཕྲུག་ཚོ་ནི་ཨ་མས་རྒྱང་རིང་ལ་བལྟ་བའི་མིག་ཟུང་ཀོར་མོ་ཡིན

རྒྱང་རིང་ལ་ཉན་པའི་སྒྲ་འཛིན་དབང་བོ་ཡིན

ཨ་མ་རྒས་ཤིང་འཁོགས་ནས་རེ་བ་དང་ཡིད་ཆེས་བུ་ཕྲུག་ལ་བཅོལ་ཡོད

བུ་ཕྲུག་ལམ་དུ་ཆས་ནས་གང་དུ་ཕྱིན་ཡོད   ཅི་ཞིག་འགྲུབ་སོང

ཨ་མ་ལ་རེ་བ་ཅི་ཡང་མེད   བུ་ཕྲུག་བདེ་ཞིང་སྐྱིད་པ་ལས

བུ་ཕྲུག་ལ་རེ་བ་ཅི་ཞིག་ཡོད   ཨ་མ་ཡིད་ལ་འཁོར་མྱོང་ངམ

timg (3).jpg

ཡུམ་ཆེན། 

བོད་གཞུག་སྐྱིད།

ལོ་ཡི་འཁོར་མོ་དྲུག་ཅུ་ཐམ་པའི་ཁྱེད་ལ་བསྙེགས

འཇིག་རྟེན་འདིའི་དགའ་སྐྱོ་ཆགས་སྡང

ཉེ་རིང་ཕྱོགས་ཞེན

ཐ་ན་སྐྱེ་དགའ་ན་འཆི་མང་པོའང

ཁྱེད་ཀྱི་མིག་གིས་བསྐྱལ་ཡོད

ཁྱེད་ཀྱི་ཞལ་ལ་ཐེངས་ཤིག་མཇལ་དུས

དཔྲལ་བར་འཁྱིལ་བའི་གཉེར་རིས་ཟབ་མོས

ངས་ཁྱེད་ཀྱི་མོ་ལོ་བཞི་བཅུའི་སྟོན་གཞུང

མོ་ལོ་སུམ་ཅུའི་དབྱར་ག

མོ་ལོ་ཉི་ཤུའི་དཔྱིད་དཔལ

ཐ་ན་མོ་ལོ་བཅོ་ལྔའི་སོས་ཀའང་དྲན་འོང་གི་འདུག

ལོ་ཟླ་རེ་རེར

ཉིན་མཚན་རེ་རེར

ཁྱེད་ཀྱིས་རང་ཉིད་ཀྱི་ཐོབ་ཤོར་ལ་ཁ་ཡ་བྱས་མྱོང་མེད

རང་ཉིད་ཀྱི་འདོད་འདུན་ལ་རྒྱབ་འགལ་བྱས་མྱོང་ཡོད

འཚོ་བ་ཟེར་བའི་ནགས་ཀློང་འདིའི་ཁྲོད་ནས

ཁྱེད་ལ་བུ་ཕྲུག་གཅིག

བུ་ཕྲུག་གཉིས

བུ་ཕྲུག་གསུམ

སེམས་པ་ག་ཙམ་ཐོགས་པ་གཞལ་ཐབས་བྲལ

གཉིད་ཀྱང་ག་ཚོད་བཅག་པ་བློས་མི་དཔོག

ད་དུང་ད་དུང

བསམ་མེད་ཀྱི་ང་ཚོས

ཁྱེད་ཀྱི་སེམས་པར་ཆུ་འཁྱག་བླུགས་ཡོད་སྲིད

ཁྱེད་ཀྱི་རེ་བ་རྒྱབ་ཏུ་བསྐྱུར་ཡོད་སྲིད

ཡིན་ནའང

ཁྱེད་ནི་ཤེས་རབ་ཀྱི་བདག་མོ་ཡིན་པས

ང་ཚོའི་སེམས་ཁོང་ལ་འོད་སྣང་གི་ས་བོན་བཏབ་ཡོད

ཁྱེད་ནི་བྱམས་ལྡན་གྱི་མ་མ་ཡིན་པས

ང་ཚོའི་མདུན་ལྗོངས་ན་བརྩེ་བ་ཡི་འོད་ཟེར་འཁྱིལ་ཡོད

ཁྱེད་ནི་ཐོག་མར་ཉམ་ཆུང་གི་བུ་མོ་ཞིག

བར་དུ་གནམ་འདེགས་ཀྱི་ཀ་བ་ཞིག

ད་ནི་ས་ཆེན་གྱི་བྲང་གཞུང་ཡིན

ཡུམ་ཆེན

ངས་ཁྱེད་ལ་བསྟོད་གླུ་གྱེར་བར་མི་ཕོད

དབྱངས་རྟ་གང་དེས

ཁྱེད་ཀྱིས་རང་ཉིད་ཀྱི་རྒ་བའི་ལོ་ཟླ་འདི་ལ་ཁོག་དཔུང་སྟེར་མི་འདོད

ཁྱེད་ཀྱིས་ད་དུང་རང་ཉིད་ཀྱི་ཚེ་སྲོག་གི་འོད་སྣང

ང་དང་ང་ཚོར་བསྟིམས་འདོད

དེ་བས་ད་ནི་ལུས་སེམས་ལྷོད་ཙམ་བྱེད་རོགས

ངས་ཁྱེད་ལ་སྨྲེང་གླུ་ལེན་པར་མི་བྱེད

ཁྱེད་ཀྱི་སྐད་ཆ

ཁྱེད་ཀྱི་ལང་ཚོ

ཁྱེད་ཀྱི་གཏམ་རྒྱུད

འདི་དག་ཡོད་ཚད་ཀྱིས་

ངའི་ཐེ་ཚོམ་གྱི་དྲི་བར་ཨ་ལན་གསལ་བོ་བཏབ་ཡོད

ངའི་ངལ་དུབ་ཀྱི་གདུང་བ་རང་སར་ཞུ་ཡོད

ཁྱེད་རང་ཡོད་པས

ང་སྔར་བཞིན་འཛུམ་གྱིས་གསོན་ཆོག

ཁྱེད་རང་བཞུགས་པས

ང་སྔར་བཞིན་སྟོབས་ཀྱིས་བསྐྱོད་ཆོག

ཁྱེད་ཀྱི་བློ་ངོར་མི་ཤོང་བའི་དུས་ཆེན་འདིར

ང་འདི་ལྟར་གློ་རྡེག་ཏུ་ཁྱེད་ཀྱི་མདུན་ལ་ཐོན་དོན

ཡིག་འབྲུ་འདི་དག་གི་དོན་དུ་མིན

ངས་བུ་མོ་དྲན་པ་ནང་བཞིན

ཁྱེད་ཀྱིས་ང་ཡང་དྲན་བཞིན་ཡོད་སྙམ་པས་ཡིན

ཡུམ་ཆེན ཡུམ་ཆེན ང་ཡི་ཡུམ་ཆེན

ཞོགས་པའི་སྐྱ་རེངས་ཀྱི་ཀློང་ནས

སྨྱུང་གནས་ཐུགས་རྗེ་ཆེན་པོ་ལས་གྲོལ་མ་ཐག་པའི་ཁྱེད་ལ

དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ

ཚེ་རིང་ལོ་བརྒྱ་ཤོག

微信图片_20170514120226.jpg

མ་ཡུམ་དུས་ཆེན་ལ་སྐྱེས་སུ་ཕུལ་བ།

མགར་ཨ་ཁྱུང་།

ལང་ཚོ།

མེ་ཏོག་བཞད་ཤུལ་ན

བུ་བུ་མོའི་མེ་ཏོག

སེམས་སུ་ལྷུག་གེར་བཞད

བརྩེ་དུངས།

གཞན་ལ་བཅོལ་བའི་བརྩེ་སེམས་དེ

ཕལ་ཆེར་གཞན་ལ་ཤོར་བའི་བརྩེ་སེམས་ཤིག་ཡིན་སྲིད

གཅེས་ཕྲུག

ཟླ་དགུ་ཞག་བཅུར་དབང་བའི་ཚེ་སྲོག

སྨིན་དྲགས་པའི་ཕྱི་མིག་བཞིན

རྒྱང་རིང་ནས་ཡལ་མགོ་ཚུགས

མི་ཚེ།

གནམ་གྱིས་གནང་བའི་ཁུར་བོ་དེ

ཕོག་འདོད་ཀྱང་ཕོག་དཀའ་ཞིང

ཁུར་འདོད་ཀྱང་ཁུར་དཀའ་བ་ཆོས་ཉིད་ཅིག

དབུ་སྐྲ།

ཚེ་སྲོག་གིས་གྲུབ་པའི་དམུ་ཐག་དེ

དཀར་པོ་དང་མཉམ་དུ་ཚེ་སྲོག་ལ་ཡུན་གྱིས་འཐིམ

མགར་ཨ་ཁྱུང་གིས་རང་ཤག་འོད་སྣང་དུ་སྦྱར།

timg (8).jpg

བརྩེ་བ་ཀུན་འདུས་ཀྱི་མ་ཡུམ།

ཁྲི་ཕུན་ཚོགས་བཀྲ་ཤིས།

 བུ་ཕྲུག་གི་སེམས་པའི་ཕྱི་ནང་ལ་གསེར་གྱི་ཁ་དོག་བྱུག་པར།

 རང་གི་ཚེ་སྲོག་གི་དྭངས་མ་ཡིན་ཡང་སྦྱིན་ཕོད་པའི་བྱམས་ལྡན་གྱི་ཨ་མ་ལགས།

 ཁ་སང་ང་ངུ་ངག་དང་རྨི་ལམ་ནང་བཞིན།

 ཁྱེད་ཀྱི་ཕྱག་ཟུང་གི་བར་ལ་ལྷུང་ཉིན་ནས།

 ཁྱེད་ཀྱིས་མུན་ནག་གི་འཇིག་རྟེན་འདི་ནས།

 བུ་ཕྲུག་གི་འོད་ཟེར་གྱི་ཆེད་དུ།

 མགོ་བོ་བྲག་ལ་བརྡེབས་ཤིང་།   གོམ་པ་མཚོ་ལ་མཆོངས་ཕོད་པའི་སྟོབས་ཤུགས་དེ།

 དེ་རིང་བུ་ཕྲུག་གི་རྒྱབ་རྟེན་དང་སེམས་གྱི་ལོག་མལ་དུ་གྱུར་འདུག་པ་ནི།

 ཅི་འདྲའི་བསམ་མི་ཕོད་པའི་ཕྱིར་དྲན་གྱི་བདེ་སྐྱིད་ཅིག་རེད་ཨང་།

 ཁ་སང་མ་ཡུམ་ལགས་ཀྱིས་མུན་ནག་དང་འཐབ་རྩོད་བྱས་པའི་གཡུལ་བཤམས་དེ།

 ཁ་སང་མ་ཡུམ་ལགས་ཀྱིས་འོད་ཟེར་དང་ལག་རྡེང་སྦྲེལ་བའི་བརྩོན་སེམས་དེ།

 ད་དུང་བུ་ཕྲུག་གི་ཆེད་དུ་རྔུལ་ཆུའི་མཚོ་ལ་རྐྱལ་བའི་ལེ་དབར་དེ

 ཨ་ཨ།   ས་ཆེན་འདིའི་ཁྱོན་ན།   བུ་ཕྲུག་གི་མིག་འཁྲུལ་བ་མིན་ན།

 དགུང་ཉི་ཟླར་ཡང་ཁྱེད་ཀྱི་བྱམས་བརྩེ་ལྟ་བུའི་དྲོ་ཁོལ་དབེན་ལ།

 ས་དོག་མོར་ཡང་ཁྱེད་ཀྱི་སེམས་རྒྱ་ལྟ་བུའི་རྒྱ་ཁྱོན་བྲལ།

 ཆུ་གཙང་བོར་ཡང་ཁྱེད་ཀྱི་འོ་ཁ་ལྟ་བུའི་ཞིམ་མངར་དཀོན།

 ཨ་མ།   ངའི་དུས་གསུམ་གྱི་ལྷ་སྲུང་ལྟ་བུའི་རྗེ་བཙུན་མ།

 ཁྱེད་ཀྱི་གཏོས་ཆེ་བའི་གཟུགས་གཞི་དེ་བུ་ཕྲུག་གི་གན་ནས་འགྲེངས་ཐེངས་རེར།

 བུ་ཕྲུག་གི་སེམས་ཀྱི་ཕྱི་ནང་ལ་ལྕགས་རི་བསྐོར་འདྲའི་བག་ཕེབས་ཡོད་ལ།

 ཁྱེད་ཀྱི་བརྩེ་བ་འཁྱིལ་བའི་མིག་ཟུང་གིས་བུ་ཕྲུག་གི་ཕྱོགས་ལ་ཅེར་ཐེངས་རེར།

 བུ་ཕྲུག་གི་ཚེ་གཅིག་མདུན་ལམ་ལ་མེ་ཏོག་སྟོང་གི་བཀྲག་མདངས་བཀྲ་ངེས།

 དུས་ད་ལྟ།   ཁྱེད་ཀྱི་ཡིད་འོང་གི་ལང་ཚོ་དེ།

 སྟོན་མཇུག་གི་མེ་ཏོག་བཞིན་ཙག་སེར་དང་བུ་ཡུག་གིས་གཙེས་དྲགས་པ་མཐོང་ན།

 ཀྱེ་ཨ་མ་ལགས།   བུ་ཕྲུག་ངའི་ཡ་ཆུང་ཧྲིལ་བོ་མུན་པ་རེད།

 བུ་ཕྲུག་ངའི་སེམས་པའི་ཕྱི་ནང་མིག་ཆུས་བཀང་ཡོད།

 ཁྱེད་ཀྱི་ལང་ཚོ་ལ་ཕྱིར་ལོག་གི་རེ་བ་ཏོག་ཙམ་ཡོད་ན།

 བུ་ཆུང་ངས་གློ་སྙིང་མཆིན་གསུམ་གྱི་གཏིང་འོག་བརྗེ་སྟེ།

 ཟུངས་ཁྲག་གི་མཆོད་པ་ཁྲི་ཕྲག་བཤམས་དགོས་རུང་ནོངས་འགྱོད་ཀྱི་བློ་ཞིག་ཅི་ལ་སྐྱེས།

 ཀྱེ།   རྒ་བའི་ལུས་པོ་མར་ངོ་བཞིན་འཁྱོགས་པའི་སྟོང་དབྱིངས་ན།

 བརྩེ་སེམས་ཀྱི་མིག་འོད་དུས་ནམ་ཡང་བུ་ཕྲུག་ལ་ཕྱོགས་པའི་ཨ་མ་ལགས།

 ཁེར་རྐྱང་གི་སྒེའུ་ཁུང་དང་བུ་ཡུག་གི་རྩེད་ཐང་དུ་གྱུར་བའི་ར་བ་འདི།

 བུ་ཕྲུག་གིས་བརྒལ་དཀའ་བའི་མི་ཚེ་ལམ་མདོ་རུ་གྱུར་བ་ནས།

 སྤྲིན་པ་ལྷོ་བགྲོད་ཅིག་དང་ཁྲུང་ཁྲུང་ལྷོ་འཕུར་ཞིག་ལ།

 བུ་ཆུང་གིས་སེམས་པའི་བདེ་སྡུག་མིག་ཆུའི་ཟབ་སར་བསྙལ་ནས།

 ཨ་མའི་སེམས་ཀྱི་བར་སྣང་ལ་ཡང་ཡང་གཏོར་བ་ཚོར་ཨེ་བྱུང་།

 ཀྱེ།   བརྩེ་བ་ཀུན་འདུས་ཀྱི་སྐྱེད་ཡུམ་མ།

 དུས་ད་ལྟ།   ཁ་སང་གི་ལྷག་རླུང་འཚུབ་པའི་ལོ་རྒྱུས་ཀྱི་རྨ་ཁ།

 ཁྱེད་ཀྱི་སེམས་ངོགས་ན་ན་ཟུག་གིས་འགུལ་བྱུང་མཚོ་རླབས་ལྟར་འཁྱོམས་ན་ཡང་།

 ཁྱེད་ཀྱི་ཟུངས་ཁྲག་དང་རྔུལ་ཆུའི་ནང་གཉོམ་ལོག་རྒྱས་བའི་བུ་ཕྲུག་ང་།

 གླག་ཕྲུག་ལྟར་གཤོག་རྩལ་རྒྱས་ཏེ་དུས་རབས་འདིའི་བྲག་ཐེམ་བརྒལ་ནའང་།

 ལྡེམ་མྱུར་གྱི་གཤོག་ཟུང་བར་ན།

 མ་ཡུམ་ཁྱེད་ཀྱི་ཤ་དྲོད་དང་དབྱངས་རྟའི་བྲག་ཅ་འཁྱིལ་བ་བརྗེད་ག་ལ་སྲིད།

 ཟོར་ཡང་བའི་གཤོག་འགྱུར་ཤམ་བྷ་ལར་བསྒྱུར་དུས་དང་།

 སྐྱེན་ཡངས་པའི་གོམ་ཁ་ཞི་བདེ་ཕ་མཐར་སྙེགས་དུས་ཀྱང་།

 མ་ཡུམ་ཁྱེད་ཀྱི་ལྷད་མེད་པའི་བརྩེ་བ་དང་འགྱུར་མེད་བྲག་རི་ལྟ་བུའི་སེམས་གཤིས་དེ།

 བུ་ཕྲུག་ངའི་དྲན་འཛིན་གྱི་དབང་བོ་དང་།   གས་ཁ་མེད་པའི་སྙིང་གི་ཧྲག་བར།

 ལུས་ཀྱི་བ་སྤུ་དང་རྩ་ལམ་གྱི་སྦུབས་ན་རྟག་བརྟན་གྱི་ཕུང་བོར་འཐིམས་ཡོད་ལགས།

 ཀྱེ།   མ་ཡུམ་རིན་པོ་ཆེ།    བསྐལ་བ་མ་སྟོང་བར་དུ།

 ཕྱི་རོལ་གྱི་འཇིག་རྟེན་ལ་དར་རྒུད་སྣ་ཚོགས་ཀྱི་འགྱུར་བ་བྱུང་ཡང་རུང་།

 མ་ཡུམ་ཁྱེད་ཀྱི་དལ་བརྒྱད་འབྱོར་བཅུའི་ཕུང་བོ་དེ།

 དུས་བཞིར་འགྱུར་བ་མེད་པའི་ཧི་མ་ལ་ཡ་བཞིན་དུ།

 བུ་ཆུང་ངའི་སེམས་ཀྱི་མཐོངས་ན་གཡོ་མེད་འགྱིངས་ངེས་ལ།

 སཱ་ལའི་ཡུལ་ལྗོངས་ལྟ་བུའི་བུ་ཕྲུག་གི་བྱང་ཁོག་ཏུ།

 ཉི་ཟླ་སྐར་གསུམ་བཞིན་འཇིག་མེད་ཁྲི་ལོར་གཏན་དུ་གསོན་ངེས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།