ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དྲུག་པའི་ཆར་པ། (ཞར་བཀོད་གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​ལྗང་སྨྱུག(ནང་ཆེན)   སྤེལ་དུས། : 2017-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བྱེའུ་ཆུང་གཤོག་ཁྲ་ཞིག་ཁང་བའི་བད་ཀར་ཡིབས་ནས།།

འཇིག་རྟེན་སྐྱིད་སྡུག་གི་མངར་སྐྱུར་རེས་མོས་མྱོང་ཞིང་།།

ཡུལ་དྲུག་མེ་ཏོག་གི་རྒུམ་བུ་མཉམ་དུ་རོལ་དུས།།

དྲུག་པའི་ཆར་ཟིམ་འདི་ཁྱོད་ཀྱི་ལོངས་སྤྱོད་ཡིན་ཨང་།།

ནམ་ཞིག་ང་རང་ནི་ཚེ་ཡི་འཕེན་པ་གཏོང་དུས།།

དུར་སའི་ཞིང་ཁམས་སུ་རྡོ་དང་ཤིང་གིས་སྟོང་སྟེ།།

དྲུག་པའི་ཆར་ཟིམ་དང་ཡང་ན་ཁ་བ་མཉམ་དུ།།

སྦས་དགོས་ལུང་བསྟན་འདི་རང་གིས་རང་ལ་རྒྱབ་ཡོད།།

ཆར་གདུགས་སེར་པོ་ཡི་རི་མོ་གསལ་མ་ནོག་རེད།།

སྟེང་གི་ཐིགས་སྒྲ་འང་རྣ་བའི་བཅུད་དུ་ལེན་ཞིང་།།

ལག་པ་ལག་པ་རུ་འཁྲིལ་བའི་དུས་ཤིག་ཡོད་ན།།

དྲུག་པའི་ཆར་བ་འདི་འུ་གཉིས་སྐལ་བ་ཡིན་བཞག །


སྡིག་སྒྲིབ་ཀྱི་རྔུལ་ཆུ།


ཁྱེད་ནི་མེ་ཏོག་གི་བར་ནས་དགོད་ཀྱིན་པ།།

ང་ནི་བྱེ་མ་ཡི་ནང་ནས་ནུར་འགྲོས་བྱས།།

ཆར་ཆུ་ཐིགས་པ་གཅིག་ལ་མི་རེ་ཁྱེད་ཀྱི་གྲིབ་མ་གནོངས་ཤོག །

ཕན་དང་མི་ཕན་མི་དོགས་བདག་ལ་ཁྱེད་ཀྱི་དངོས་གྲུབ་རྩོལ་རོགས།།

སྟོད་ཉི་མའི་གྲོང་གི་ཚ་བ།།

གཟུགས་སྐྱ་མོའི་སྟེང་གི་རྔུལ་ཆུ།།

ཟླ་བ་སྒྲོལ་མ།།   བསིལ་བསིལ་གནོངས་དང་།།


མགུར་ལ་སིམ་པའི་རྣམ་ཤེས།


རི་རྩེ་གསུམ་ན་སྨུག་པ་ལིང་ལིང་།།

འཐོངས་ནམ་མཁའ་ནས་སྦྲང་ཆར་ཟིམ་ཟིམ།།

བྱ་བྱེའུ་ཡིས་གླུ་སྐད་ཀྱུར་ཀྱུར།།

རྩྭ་རྩི་ཤིང་གི་དྲི་ཞིམ་ཐུལ་ཐུལ།།

ས་ཐག་རིང་གི་ཐག་རིང་མཐའ་ན།།

ཡུལ་རྒྱང་རིང་གི་རྒྱང་རིང་ཡུལ་ན།།

ཆོས་སྟོང་ཉིད་ལ་གློ་བ་གླན་དུས།།

དབྱིངས་རང་རིག་གི་མ་བུ་འདྲིས་དུས།།

ཡུལ་ཡུལ་ཅན་གྱི་ངོ་བོར་ཐིམ་དུས།།

བློ་རྟོག་མེད་ཀྱི་རང་ངོ་ཤེས་དུས།།

དོན་བདེན་མེད་ལ་རེ་དོགས་བྲལ་དུས།།

ཆོས་གདོད་མ་ཡི་གནས་ལུགས་ཁྲ་མོ།།

ཆོས་ཕྱག་ཆེན་གྱི་ལྟ་བ་ཁྲ་མོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།