ཀྲུང་གོ་བོད་ཀྱི་དྲ་བ།

༤.༡༤ཉིན་ལ་ཡང་བསྐྱར་བསྔོ་སྨོན་ཞུ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས•གཡུ་མཚོ།   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༤.༡༤ཉིན་ལ་ཡང་བསྐྱར་བསྔོ་སྨོན་ཞུ་བ།
                            གངས•གཡུ་མཚོ། 


ལོ་དང་ཟླ་བ་རེ་རེ་ནི་སྐད་ཅིག་སྐད་ཅིག་ཏུ་འདས་སོང་།
འཛུགས་སྐྲུན་དང་ཁ་གཡང་གིས་ཁྱེད་ཉིད་ཇི་ལྟར་བརྒྱན་རུང་།
བརྙན་ཡོལ་དང་བརྡ་ཁྱབ་ལས་ཁྱེད་ཉིད་ཇི་ལྟར་མཛེས་རུང་།
 
ཡིད་ལ་བརྣགས་པའི་ཉི་མ་དེ།
འཛུགས་སྐྲུན་དང་ཁ་གཡང་གིས་བསྐོང་ཐབས་མེད་པའི་ཚེ་དང་སྲོག་གི་གྱོང་གུད་དེ།
བརྙན་ཡོལ་དང་བརྡ་ཁྱབ་ཀྱིས་འགེབས་ཐབས་མེད་པའི་སྡུག་དང་གདུང་བའི་ཁུར་བོ་དེ།
དུས་དེ་རིང་ད་དུང་དྲན་ན་མིག་ཆུ་ལྷུང་གི
 
ལོ་ངོ་གསུམ་འདས་པའི་ཏག་ཏག་གི་ཉི་མ་དེ་རིང་།
བགྲང་ཡས་ཚེ་སྲོག་གི་རྒྱུད་སྐུད་ཐོལ་གྱིས་བཅད་པའི་སྡུག་ཡུས་ཀྱི་ཉི་མ་དེ་རིང་།
བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་གློ་བུར་སྟོང་བའི་ན་ཟུག་གི་ཉི་མ་དེ་རིང་།
དེ་རིང་ཡང་བསྐྱར་ཁྱེད་ཀྱི་འདས་སོང་ལ་བསྔོ་སྨོན་ཐེངས་གཅིག་ཞུ།
ཨོཾ་མ་ཎི་པདྨེ་ཧཱུཾ།
 
ཏག་ཏག་ལོ་ངོ་གསུམ་འདས་པའི་དེ་རིང་།
ས་ཡོམ་གྱི་འཇིག་པ་རྒོད་པོའི་ཁྲོ་གཉེར་གྱིས་བསྡུས་པའི་རྣམ་ཤེས་ཀྱི་མེ་ཏོག
ཨར་རྡོ་དང་ས་རྡུལ་གྱི་ཀློང་ནས་སྐམ་པའི་ཚེ་སྲོག་གི་ཆུ་ཐིགས།
དེ་རིང་ཡང་བསྐྱར་དྲན་ནས་མིག་ཆུ་འཕྱི་ཞོར་བསྔོ་སྨོན་ཞུ།
ཨོཾ་མ་ཎི་པདྨེ་ཧཱུཾ།
 
ལོ་ངོ་གསུམ་འདས་སོང་།
ལོ་ངོ་གསུམ་ནི་མིག་རྡེབ་ཙམ་གྱིས་འདས་སོང་།
སེམས་ལ་ཟུག་པའི་འགྱོད་གདུང་ཟབ་མོའི་རྨ་ཁ་དེ་སོས་ཐབས་མི་འདུག
ཡིད་ལ་དམར་བའི་བཞི་ཚེག་གཅིག་བཞི་ཉིན་གྱི་གོད་ཆག་དེ་བརྗེད་ཐབས་མི་འདུག
 
དུས་དེ་རིང་།
དུས་དེ་རིང་ད་དུང་ཁྲག་དང་མིག་ཆུའི་ཁྲོད་ཀྱི་ཡ་ང་བའི་སྣང་བརྙན་དེ་དྲན་ན།
ཞིག་རལ་དུ་གྱུར་བའི་ཁང་ཁྱིམ་དང་ས་རྡོའི་གསེབ་ཀྱི་ཤི་གསོན་གཉིས་ཀ་བསམ་ན།
ང་ཡི་མིག་ཆུའི་ཆར་རྒྱུན་འགག་ཐབས་མི་འདུག
ཨོཾ་མ་ཎི་པདྨེ་ཧཱུཾ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།