ཀྲུང་གོ་བོད་ཀྱི་དྲ་བ།

​རྫ་སྐྱེ་རྒུ། མཆོད་མེ་རྐོང་གཅིག་ཁྱེད་ལ་སྒྲོན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྤྲེལ་ནག་པ་རིག་འཛིན་གྲགས་ལྡན།   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྫ་སྐྱེ་རྒུ། གནམ་ས་གཉིས་ཀྱི་བར་མཚམས་ན།
ཁྱེད་རང་ན་ཟུག་གིས་འཚོ་ཞིང་ཨུ་ཚུགས་ཀྱིས་བསྒྲེང་ཡོད།
དེ་ནི་མཚན་ལྗོངས་ཤིག་ཡིན་ལ།
ཟླ་འོད་མེད་ལ་སྐར་མའང་མེད་པའི་མཚན་ལྗོངས་ཤིག
དེ་ནི་ལྷགས་རླུང་གིས་ཤུགས་གླུ་ལེན་ཞིང་།
ཁ་བ་ཡིས་འོ་དོད་གྱེར་བའི་ལོ་ཟླ་ཞིག
དེ་ནི་མིག་ཆུ་ཞིག་གི་བཞུར་དབྱངས་ཡིན།
དེ་ནི་སྐྱོ་གདུང་ཞིག་གི་སྨྲེ་ངག་ཡིན།
 
རྫ་སྐྱེ་རྒུ། ཞོགས་པ་དེར།
མ་བུའི་བརྩེ་བའི་ལག་རྡང་སྦྲེལ་བཞིན་བུད་སོང་།
ཕ་བུའི་སེམས་ཀྱི་འོད་སྣང་འཚོལ་བཞིན་བུད་སོང་།
ཁྱེད་ཚོ་སོང་ཤུལ་ན། སྒོ་ཁྱི་གཅིག དར་ལྕོག་གཅིག
ཡིག་དྲུག་གི་དབྱངས་རྟ་ར་མདའ་ལ་བཅུག་ཀྱང་ཁྱེད་ཚོའི་རྗེས་མ་ཟིན།
དྲན་གདུང་གི་སེམས་པ་ཁྱོད་ཚོ་ལ་བསྟན་ཀྱང་ཁྱེད་ཚོའི་མཐོང་མ་བྱུང་།
ཡིན་ཡང་། ཁྱེད་ཚོ་ཁེར་རྐྱང་མིན། ཁྱེད་ཚོ་སྐྲག་མི་དགོས།
མཆོད་མེ་རྐང་གཅིག་ཁྱེད་ལ་བསྒྲོན་ཡོད།
 
རྫ་སྐྱེ་རྒུ། ས་ཆེན་གྱི་འདར་ཟུག་ལས།
ཁྱེད་ཉིད་དཔའ་མ་ཞུམ་པར་སྔར་བཞིན་བསྒྲེངས་ཡོད།
དགུན་ལྗོངས་ཀྱི་གྲང་ངར་ཤིན་ཏུ་ཆེ་ཡང་།
ཁྱོད་ཉིད་ཀྱི་པང་བ་རུ་བརྩེ་བའི་དྲོད་ཁོལ་རྒྱས་ཡོད།
ཁྱེད་ཉིད་མ་ངུ། ཁྱེད་ཉིད་མ་སྐྱོ།
ཆོལ་གསུམ་གྱི་སེམས་ཉིད་ན་ཁྱོད་ཉིད་འཚོ་ཡོད།
བོད་པ་ཡི་མིག་ནང་ན་ཁྱོད་ཉིད་འཚོ་ཡོད།
འཛམ་གླིང་གི་ཡང་རྩེ་ན་ཁྱེད་ཉིད་ཆགས་ཡོད།
གོ་ལའི་དངངས་འདར་ཐེངས་གཅིག་ལས།
ཁྱོད་ཀྱི་སྤོབས་སེམས་བཅོམ་མི་ནུས།
ཁྱེད་ཀྱི་མཛེས་སྡུག་འཕྲོག་མི་ཚར།
 
ཁྱེད་ནི་ནམ་ཡང་བདག་སེམས་ཀྱི་རྫ་སྐྱེ་རྒུ།
སྐྱོ་གདུང་གི་སྨྲེ་ངག་མ་འདོན།
མིག་ཆུ་ཡི་གཏམ་རྒྱུད་མ་སྐྲུན།
ཁྱེད་ལ་འཇའ་ཚོན་ལྟ་བུའི་མཛེས་སྡུག་ཡོད།
ཁྱེད་ལ་གངས་རི་ལྟ་བུའི་གཟི་འོད་ཡོད།
སེམས་པ་མ་སྐྱོ། གཟི་མདངས་མ་འབོར།
རྫ་སྐྱེ་རྒུ། མཆོད་མེ་རྐང་གཅིག་ཁྱེད་ལ་སྒྲོན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།