ཀྲུང་གོ་བོད་ཀྱི་དྲ་བ།

ངས་ཁྱོད་ལ་ངའི་མི་ཚེ་ལྟ་བུའི་སྐྲ་ལོ་འབུལ།(ཞར་བཀོད་གཉིས)  

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : མཚོ།(མཚོ་ལྷོ།)   སྤེལ་དུས། : 2017-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉི་འོད་སྡོང་པོའི་ཡལ་ག་བརྒྱུད་ནས་སྒེའུ་ཁུང་དུ་འཕྲོས་པས།

ངས་ཁྱོད་ཀྱི་ངོ་གདོང་དྲན།

ཁྱོད་ཀྱི་བྱམས་བརྩེེ་དྲན།

ཁྱོད་ཀྱི་སྙི་དྲགས་པའི་སེམས་པ་དྲན།

ཁྱོད་རང་དྲན་ཐེངས་རེར།

ངས་ཁྱོད་ལ་རྒྱ་མཚོ་དང་རྩྭ་ཐང་།

ད་དུང་ནོར་ལུག་བཅས་བགོ་སྐལ་དུ་སྟེར་འདོད།

ཁྱོད་ཀྱི་མིག་ཟུང་ལ་སྤྲིན་པ་འཁྲིགས་ཐེངས་རེར།

ངས་ཁྱོད་ཀྱི་སེམས་ལ་ནམ་མཁའ་ཞིག་སྤྲོད་འདོད་ཧ་ཅང་ཆེ།

ཁྱོད་རང་དྲན་ཐེངས་རེར།  ངས་ནམ་ཡང་།

རང་ཉིད་ཀྱང་གླིང་ཕྲན་ཞིག་ཏུ་ཚུད་ཡོད་པ་བརྗེད་ཅིང་།

བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པའང་ཡོངས་སུ་བརྗེད་འགྲོ།

ངས་ཁྱོད་རང་དྲན་ཐེངས་རེར།

ངས་ངའི་མི་ཚེ་ལྟ་བུའི་སྐྲ་ལོ་འདི་ཁྱོད་ལ་འབུལ་ཨང་སྙམ།

ཁ་བ་འབབ་ཐེངས་རེ་རེར།    

ངས་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ཏེ་ཕྱིར་འདང་རེ་བརྒྱབ་ན།

ཁ་བ་འབབ་ཐེངས་རེ་རེ།

ནམ་ཡང་སེམས་པ་སྐྱོ་དུས་ཤིག་ལ་ཁེལ་འདུག

ངས་སྐྱོ་བ་ཐམས་ཅད་རྩྭ་ཕྲན་ནམ།

ལྗོན་ཤིང་། ཡང་ན་ས་རྡོ་དག་ཏུ་བྱས་པས།

ཁ་བ་སྡང་སྡུག་གིས་འབབ་པར་རེ་སྨོན་བྱེད་ཀྱིན་ཡོད།

གྲོགས་པོ་ལགས།

ང་ལའང་ནོར་ལུག་ཡོད།

ངས་ཀྱང་གོམ་ཁ་རྒྱང་ལ་གཏད་དགོས།

ཡིན་ནའང་།  གྲོགས་པོ་ལགས།

ཁྱེད་ཀྱིས་ཀྱང་།  ཅིས་ཀྱང་ང་ནང་བཞིན།

རང་ཉིད་ཀྱི་ནོར་ལུག་དང་གོམ་ཁ་བསྐྱུར་ནས།

དར་ཅིག་ལ།  རང་ཉིད་ཁ་བར་བཅོལ་རོགས།

མཛའ་བོ།

མུན་པར་དཔྱངས་ཐེངས་རེར།

ངས་རང་ཉིད་ཀྱི་ལྟག་རྒྱབ་ལ་རྡོག་སྒྲ་དང་མགོན་པོ་རྟོག་བཟོ་བྱས།

ཟླ་གསུམ་པའི་མཚན་རླུང་མི་ཕོ་མ་རབས་ཤིག་གི་མཆུ་ཏོ་བཞིན།

ངའི་ངོ་གདོང་ཚ་ལམ་ལམ་དུ་གཏོང་།

ལམ་འགྲམ་གྱི་གློག་སྒྲོན་དག་སོ་པ་བཞིན།

ངའི་ལམ་ཁའི་བདེ་འཇགས་སྲུང་ཡོད་པ་འདྲ།

ཐག་ཉེའི་མིས།

ང་ལ་མཛའ་བོ་ཡོད་ཟེར།

ངས་ཀྱང་རང་ལ་མཛའ་བོ་ཞིག་ཡོད་ན་བསམས།

ངའི་སྡུག་པ་དང་མི་སྡུག་པ་ཐམས་ཅད་དང་དུ་ལེན་ཕོད་པའི།

མཛའ་བོ་བྱམས་སེམས་ཅན་ཞིག་ཡོད་ན་བསམས།

མཛའ་བོ་ཞེས་ན་ཉི་ཟེར་དང་འཇམ་རླུང་དྲན།

མཛའ་བོ་ཞེས་ན་རྫ་རི་དང་ཆུ་བོ་དྲན།

མཛའ་བོ་ཞེས་ན་རྒྱང་རིང་དང་དཀའ་སྡུག་ཀྱང་དྲན།

མཆི་མ་མེད་པའི་ལོ་ཟླའི་ནང་།

ངས་ནམ་ཡང་མཚན་སྨག་གོས་སུ་གྱོན་ཏེ།

སོ་པ་ལྟ་བུའི་ལམ་སྒྲོན་ལ་ཅེར་ནས།

ཉི་ཟེར་དང་འཇམ་རླུང་དྲན་མ་ཕོད།

རྫ་རི་དང་ཆུ་བོ་དྲན་མ་ཕོད།

རྒྱང་རིང་དང་དཀའ་སྡུག་ཀྱང་། དྲན་མ་ཕོད། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།