ཀྲུང་གོ་བོད་ཀྱི་དྲ་བ།

ཆོས་ཤུལ་གསང་བདག་གི་སྙན་རྩོམ་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

173.jpg

དངོས་མིང་ལ་གསང་བདག་ཟེར། རུས་ཆོས་ཤུལ་ཡིན་པས་ཆོས་ཤུལ་གསང་བདག་ཟེར། ལོ་བཅུ་བདུན་བར་ཕྱུགས་རྫི་བྱས། རང་ལོ་བཅུ་བདུན་གྱི་ལོ་མཇུག་ནས་ཡུལ་གྱར་པའི་ལས་སུ་ཞུགས། ༢༠༠༠ལོ་ནས་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་དུ་སློབ་གཉེར་བྱས། ༢༠༠༣ལོ་ནས་རྩོམ་རིག་གི་ལས་སུ་ཞུགས། སྔ་གཞུག་ཏུ། <<སྦྲང་ཆར>><<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>><<གངས་རྒྱན་མེ་ཏོག <<ཉི་ཟླ་རི་བོ།>> <<ཟླ་ཟེར།>>སོགས་དུས་དེབ་དང་ཚགས་པར་མང་བོར་རྩོམ་བཀོད་མྱོང་། ༢༠༠༤ལོ་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་རྩོམ་རིག་ཆེད་སྦྱོང་བྱས། ད་ལྟ་རང་སེམས་སྐྱིད་སྤྱད་ལ་དཔེ་ཀློག་ཐུབ་ཚོད་ཅིག་དང་རང་གི་དགའ་ཕྱོགས་ཀྱི་གློག་བརྙན་ལ་བལྟས་ནས་ཉི་མ་འཁྱོངས་ཐབས་བྱས་བསྡད་ཡོད། །


གྲོང་མཐའ།

གྲོང་མཐའ་རུ་གྱུར་ཏེ་ཡུན་རིང་འགོར།

རྟ་རྒྱུག་གི་སྐབས་འདིར 

ལམ་འདིར 
མི་མང་བོ་གཤར་གྱིན་འདུག 
གྲོག་མ་མང་བོ་གཤར་གྱིན་འདུག 
སྟག་དང་གཟིག་དག་གཤར་གྱིན་འདུག 
ཝ་དང་སྤྱང་ཀི  རི་དྭགས་མི་འདྲ་བ་མང་བོ 
འུག་པ་དང་སྲོག་ག    ངང་བ་དང་གོག་ག 
གཅན་གཟན་དང་རི་དྭགས་གཤར་གྱིན་འདུག


ལམ་འདི་མཐའ་འཁོབ་ཏུ་གྱུར་ཏེ་ཨེན་ཙམ་འགོར 
དེ་རིང་ཐལ་རྡུལ་འཚུབ་པའི་གཞིས་སུ 
གདོང་གི་གཉེར་མའི་མང་ཉུང་མི་འདྲ་བ་མང་བོ 
རྐང་བའི་ཐོག་རྐང་བ་སྤོ་བཞིན 
ལམ་འདི་བརྒྱུད་དེ་འགྲོ་དུས 
སེམས་ཀྱི་དགའ་སྡུག་མི་འདྲ་བ་མང་བོ 
ཉི་ནུབ་དང་སྐྱ་རེངས་གཉིས་དང་འདྲ་བར 
མི་མང་བོ་གཤར་གྱིན་འདུག 
ཆར་བས་བརླན་དང་མ་བརླན་པའི་མི་མང་བོ 
ལམ་འདིར་བརྒྱུད་དེ་འགྲོ་དུས 
འཇག་མའི་རིང་ཐུང་མི་འདྲ་བ་མང་བོ 
རླུང་གིས་འགུལ་ཙམ 
གཡས་ལོག་གཡོན་ལོག་གིས 
ལམ་ཕྲན་འདི་གཞུང་ལམ་དུ་སྒོམ་མཁན་དག 
ག་ལེར་ག་ལེར་འགྲོ་བཞིན་འདུག


       བུད་མེད་ཅིག་ལ་སྦྱར་བ། 

མདང་དགོང་མཚན་གང་ལ་ངུས་པའི 
བུ་མོ་དེའི་མིག་ཆུ 
སྲང་ལམ་འདིར་བཞུར་གྱིན་པ་དེ 
ཁྲག་དང་རྣག་ཏུ་གྱུར 
ཤར་དང་ནུབ་ཏུ་གྱེས


མུན་པའི་ཀློང་དུ་འབྱམས་པའི 
སྐྲ་ལོ་ལྟར་གཟེངས་ཤིང་འཛེར་བའི 
ནགས་ཚལ་སྟུག་ཐག་ཆོད་པ་དེ 
དེ་ཡི་གསེང་གི་འབུ་ནག་མང་བོ 
སྤྲིན་པས་གཤོག་པ་བཅད་པ་ལྟར 
འགུལ་མེད་ངང   མངོན་རྒྱུ་མ་བྱུང 


སྐམ་རིད་དུ་གྱུར་པའི་སྲང་ལམ་དོག་མོ 
རྐང་རྗེས་མང་བོས་ཐལ་རྡུལ་བསླངས་ཤུལ་དུ 
ཁ་སྐམ་ལུས་ཟད་ཀྱི་གྲོག་མ་དང་སྐྱག་སྦྲང 
ཡང་ཡང་ལྡིང་སྐོར་རྒྱག་པའི་མེ་ལྕེབ་སོགས 
སྐོམ་ཐན་གྱིས་བཟུང་བའི་བྱ་ཚོགས་དང་བྱེའུ 
མི་མངོན་དབྱིངས་སུ་ཡིབ 
        
          མཚན་མོའི་སྤང་ཁུག 

ཐལ་བ་སྤར་མོ་གང་གཏོར་ཏེ 
ཆབ་རོམ་དེ་ཞུ་བར་རམ་འདེགས་བྱས 
ཐལ་བའི་གསེང་གི་དྲོད་མེ་སྟག་འདྲ་བོ་དེ 
དེ་ཡི་ཆེད་དུ་སུ་ཞིག་གིས་རང་སྲོག་བཏང་མྱོང 
དེའང་དྲོད་སྣང་གི་ཕ་ཁྱིམ་ཞིག་ཡིན 


ཆབ་རོམ་དེའི་གསེང་དུ་ཅི་ཞིག་བསྐུངས་ཡོད 
ན་ནིང་ཁུར་སོང་བའི་ལོ་མ་དེའི་ཆ་ཤས་སམ 
ཁ་སང་བོར་སོང་བའི་ནས་འབྲུ་དེ 
ཡང་ན་རྙེད་དུ་མེད་པ་དག 
རྨི་ལམ་ལ་བཅོལ་ཏེ་དགའ་སྣང་གིས་བཟི 


མུན་པའི་གསེང་ན་འོད་སྣང་གི་སྡེར་མོ་སྲིང་གིན 
ལྐོག་སིལ་སིལ་དུ་ཅེར་མཁན་ཞིག་ཡོད་ན 
འུག་པས་ནི་རིག་ཡོད་ཤག་ཤག་གིས 
འུ་ཚོར་བརྡ་ཞིག་གཏོང་གི་འདུག 
ལམ་ཞིག་སྟོན་གྱིན་འདུག 


སྤང་གི་ནེམ་ཤ་དེ་བསམ་ནས 
ཨར་འདམ་གྱིས་བརྩིགས་པའི་ཁང་བ་དེ་དག 
རྒྱབ་ཀྱི་གྲིབ་མ་དང་མཉམ་པོར་བསྐྱུར་ཅིང 
མིག་དབང་གི་ཡོལ་བའི་ངོས་ལས 
རླུང་གིས་བསེད་སོང་ནའང 
དྲེག་པ་དེའི་ཤུལ་དུ་འགུལ་བའི་སྦྲང་ནག་སྐོར་ཞིག 
འཆི་རག་བར་གློག་འོད་ཀྱི་གུད་དུ་འཚང 
འཚང་ནས་ཀྱང་རང་རང་གི་རྨི་ལམ་རྨིས 


         ལྡེ་མིག་ཅིག་བོར་སོང་། 

མིག་ཤེལ་གྱོན་པའི་མི་དང་སྲོགས་ཆགས་དེ་དག 
སྒལ་གཞུང་ནས་བཞུར་ཡོང་བའི་རྔུལ་ཆུའི་ཐིགས་པ 
སྤང་གི་གཡས་དང་གཡོན་དུ་འཁྱག་ཤི་ཐེབས་པ་དེ་དག 
དེ་དག་ནི་སུ་ཞིག་གི་རྣམ་ཤེས་སུ་འཁྱུད་ཡོད 


མེ་ཏོག་རྐང་གཅིག་པུ་དེ་དགུ་དང་བོའི་ནང་འཁྱག་ལ་ཐེབས་ཤིང 
རྫ་བུམ་གྱི་སྦུབས་སུ་བཙུགས་པའི་མེ་ཏོག་གཞན་དེ་ནི 
མེ་ཏོག་གཞན་དང་འདྲ་བར 
ང་ལ་དྲི་བསུང་སྦྱིན་མཁན་དུ་འདོགས་ལོས་ཆོག 


བཙག་དང་བསེར་བུས་ཁུར་སོང་བའི་ལོ་མ་དེ་དག 
རྒྱ་མཚོའི་མཐིལ་དང་རི་རབ་ཀྱི་རྩེ་གང་དུ་མཐོང་རྒྱུ་མ་བྱུང 
སང་ཉིན་ཟེར་བའི་སྦྲིད་སྨད་དེས་མི་ནི་ཉོབ་ཉོབ་པོར་བཏང་ཡོང 
ལག་པ་ཟུང་ཡང་ཐུང་ནས་ཐུང་དུ་བཏང་ཡོང 
ཤ་ཟད་རུས་ཐུག་གི་མི་ཡ 
སྨུག་པ་ནི་འཐིབས་རྒྱུ་ཞིག་ལོས་ཡོད 
རྒྱུ་འབྲས་ནི་སུ་ཡང་འཕྲད་སྲིད་པའི་ཟམ་པ་ཞིག་གོ 


           གས་ཁ། 

སེམས་པ་འདི་དུམ་བུར་བཏང་སྟེ 
སྲང་གོག་འདིའི་གདན་དུ་བཏིངས་ན 
མི་སེམས་ཀྱི་ཐོ་བས་རྡུང་བའི་ན་ཟུག 
ཟགས་མའི་འཕོན་པོ་རེ་རེར་ཐིམ


འབར་བཞིན་པའི་མེ་ལྕེ་དེས 
སྔར་ནས་བསྲེགས་ཚར་བའི་ཀུ་ཤུ་དམར་པོ་དེ 
བཟའ་མཁན་ནི་དཀོན་པར་གྱུར 


ལག་ཟུང་སྙིང་ཁར་སྦྱར་བའི་མི་ཡ 
རྐང་སྣེ་གཉིས་འདམ་ལ་ལྷུང་རྗེས 
ཁྱོད་ནི་སུ་ཚང་གི་ལྟོ་ལྡུད་མི་དགོས་པའི 
སྒོ་ཁྱི་བགྲེས་པོ་དེ་ཡིན 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།