ཀྲུང་གོ་བོད་ཀྱི་དྲ་བ།

ངག་གི་མེ་ཏོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ངག་གི་མེ་ཏོག》ནི་མདོ་སྨད་ཁྲི་ཀའི་ཡུལ་གྱི་འཐུས་ཚབ་རྩོམ་པ་པོ་མགར་ཨ་ཁྱུང་དང་སྨུག་པོ། སྟག་རིག་འབྲུག་ཐར་གསུམ་གྱིས་འགྲེམ་སྤེལ་བྱས་པའི་ཕྱོགས་བསྡུས་སྙན་དེབ་ཡིན།

སྙན་དེབ་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་རྩོམ་རིག་ལྷན་ཚོགས་ཀྱིས་གཟིགས་བཟོས་མཐོང་ཆེན་གྱིས་མ་དངུལ་བཏང་བ་དང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་པ་ཡིན་པས།  རྩོམ་གྱི་བརྗོད་བྱ་དང་ཚིག་སྦྱོར་གང་ཐད་དུ་ཞུ་དག་དང་པར་ཞུས་གོ་རིམ་ལྡན་པར་བྱས་པ་སོགས་ལས་རྩོམ་གྱི་ཆུ་ཚད་མཐོ་རུ་མངོན་པར་བྱས་ཡོད།     

སྙན་ངག་པ་གསུམ་གྱི་སྙན་ངག་བསྡུས་དེབ་འདི་ནི་སློབ་འབྲིང་དགེ་རྒན་གྱི་བྱ་གཞག་དང་འཚོ་བའི་ཚོར་འདུ་ཡོད་ཚད་སྨྱུག་གུའི་རྩེ་རུ་བབས་པའི་སྒྱུ་རྩལ་གྱི་མཛེས་པ་དང་།  འཚོ་བའི་བདེན་པ་སྒྱུ་རྩལ་ལ་སྦྱར་བའི་ངག་གི་མཆོད་པ།  དབྱངས་གསལ་དང་མར་རྩམ་མཉམ་དུ་ཟོས་པའི་བློ་སྦྱོང་གི་རེ་ཁཱ་ཡིན་པས།  རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་སེམས་ཀྱི་རྒྱགས་ཕྱེ་རུ་བཞེས་རོགས།  

335560004766878803.jpg

  ལྷ་མཁར་ཚེ་རིང( མགར་ཨ་ཁྱུང )ནི་མདོ་སྨད་ཁྲི་ཀ་རྫོང་གི་མི་ཡིན་ཞིང་། 2014ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ལོ་རྒྱུས་ཡིག་ཚང་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཤིང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། སྔ་ཕྱིར«སྦྲང་ཆར»དང«གངས་རྒྱན་མེ་ཏོག»«ཁྲི་གཤོག་རྒྱལ་མོ»«མཚོ་སྔོན་བོད་ཡིག་ཚགས་པར»«མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར»སོགས་དུས་དེབ་དང་ཚགས་པར་སྟེང་དུ་སྙན་ངག་དང་ལྷུག་རྩོམ་དུ་མ་སྤེལ་ཞིང་། «རྩེར་སྙེག»དང«མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ»སོགས་ཀྱི་སྟེང་རིག་གཞུང་དཔྱད་རྩོམ་འགའ་སྤེལ། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པར་དགེ་རྒན་གྱི་ལས་ལ་ཞུགས་མུས་ཡིན།

ཏུན་ཧོང་། བྲག་ལ་བགྱིས་པའི་རྡུལ་ཕྲན་སྟོང་ཕྲག་གི་ཚེ་སྲོག     

བྱེ་ཐང་དེ་མྱ་ངམ་དུ་སོང་ནས་ཡུན་རིང་འགོར་ཡང

ཉི་ཟེར་གྱིས་སྤུར་བཞིན་པའི་ལོ་ཟླའི་གྲིབ་གཟུགས་དེ་དག

ཚ་དྲོད་གྱི་ཆར་བ་ཤག་ཤག་འབབ་སའི་གསེར་གཞོངས་དེར

ཡང་བསྐྱར་གར་གྱིས་རྩེན་ཞིང་བྲོ་རུ་འཁྲབ་པ་ནི

དར་གྱིས་བརྒྱན་པའི་ལྷ་མོ་དག

རྨི་ལམ་གྱི་ནམ་མཁའི་སྨུག་ལོང་དུ་འཕྱོ་བ་བཞིན

རྒྱང་རིང་ནས་འདས་དོན་གྱི་རྟ་ཕོར་འཆིབ་བཞིན

ཁྱེད་ཀྱི་སེམས་ངོགས་སུ་འབྱོར་དུས

བྲག་ལ་བགྱིས་པའི་རྡུལ་ཕྲན་སྟོང་ཕྲག་གི་ཚེ་སྲོག

ཁྲག་རྒྱུན་དུ་བཞུར་བའི་དེབ་ཐེར་གྱི་ཚུལ་དུ་འཛོམས་པ་ན

གཙུག་རྒྱན་དུ་གྱུར་བའི་གཟུགས་བརྙན་དེ་དག

སྤྲིན་གྱི་འདུ་འགོད་ལས་འཛིངས་པའི་ཐུགས་འཕྲད་ཀྱིས

སྦས་སྐུང་གི་ལོ་ཟླའི་རྨི་ལམ་དུ་རྒྱུ་བའི

དྲན་གདུང་གི་དབྱངས་རྟའི་གྲོགས་སུ་འཁྱེར

བྲག་གི་ནམ་མཁར་འཕུར་བཞིན་པའི་ལྷ་ལྷ་མོའི་ཚོགས

ཁེར་རྐྱང་མ་ཡིན་པའི་ཞིང་ཁམས་འདིའི་སྒེའུ་ཁུང་དུ

ཁ་བའི་འཛུམ་མདངས་གྱོན་ཏེ་བག་ཕེབས་ངང་སླེབས་ཤིང

གང་ཡིན་ཆ་མ་འཚལ་བའི་རྒྱང་བཞུད་པ་དག་གིས

བདེ་སྟོང་གི་རེ་སྙེག་ཡོད་ཚད་རྒྱབ་ཏུ་ཁུར་ཏེ

ཞབས་རྗེས་ན་བཞད་པའི་མེ་ཏོག་སྟོང་ཕྲག

ཁྱེད་ཀྱི་མགུལ་དུ་བསྒྲོན་ཞིང་ས་ལ་གཏོར

ཚེ་སྲོག་གི་ལྷག་མ་འཁུར་བའི་ཟླ་གམ་གྱི་ཆུ་མིག

ཁྱེད་ཀྱི་པང་བར་འཐིམས་པའི་དཔའ་བོའི་ཚེ་སྲོག་གི་མིག་ཆུ་ཡིན་ལ

ཏུན་ཧོང་གི་སྲོག་རྩར་འཁྱིལ་བའི་མིག་ཆུ་ལས

ལེ་དབར་སྟོང་ཕྲག་གིས་ཆོད་པའི་བཙན་པོའི་རྟ་མཆོག་གི་རྨིག་སྒྲ་དང

ལོ་ངོ་སྟོང་ཕྲག་གིས་སྦས་པའི་བློ་མིག་གི་ལྡོག་གཟུགས་དེ

ཉ་གང་གི་ཟླ་བ་བཞིན་འཆར་འོང

ཉི་མ་བཞུད་སོང ཏུན་ཧོང་སྔར་བཞིན་བཀྲག་མདངས་བཀྲ

མཐོ་སྒང་གི་དབུ་རྩེ་ན་འཚེར་བའི་སྐར་ཆེན་དེ

ལོ་ཟླའི་བདེ་སྡུག་གི་རྒྱང་བཞུད་ཁྲོད

མེ་ཏོག་གི་མིག་ཆུ་རལ་གྲིས་གཤགས་ཀྱང་རུང

མངའ་ཐང་གི་ཉི་ཟླ་སྤར་མོས་བཟུང་ཡང་རུང

ཏུན་ཧོང་།   འོད་ཟེར་སྟོང་ཕྲག་གི་ཀློང་ན

ནམ་ཡང་རྒས་པ་མེད།    ཉམས་པ་མེད

       དཔྱིད་ཀའི་སིལ་སྡོང་མེ་ཏོག 

རླུང་བུའི་ལག་ཟུང་གིས་བསྐྱོམ་པའི་མེ་ཏོག་གི་ཐང་གས

དཔྱིད་ཀྱི་བདག་མོའི་བཞིན་རས་ལ་ཁ་དོག་བསྣན་ཞིང

ན་ནིང་གི་ཁ་བས་གཙེ་བའི་ལོ་མའི་སེར་ཏིག་དེ

བདག་གི་ཕྲག་སྟེང་ནས་འཛིན་མའི་གཞི་ལ་འཐིམས་དུས

སྐྱ་ཐིང་ཐིང་གི་ལོ་ཡིས་ཁུར་བའི་སྡུག་ཡུས་དག

ཁྱོད་ཀྱི་འཛུམ་བག་གིས་ནམ་མཁའི་མཐའ་རུ་སྤྱུགས་པས

ཚོན་གྱིས་བྱུགས་པའི་ངའི་ཕ་ཡུལ་ན

གཞན་ལ་མ་སླེབས་པའི་དཔྱིད་ཀྱི་སྒེག་མོ

སུ་ཡིས་ཀྱང་མྱོང་བཞིན་པའི་ཉི་འོད་བཞིན

འཛུམ་དམུལ་དམུལ འོད་ཀྲིག་ཀྲིག

མཛེས་མའི་འགྲམ་ཆུས་བརླན་པའི་སྤྲིན་བཅུད་ཀྱི་གོམ་སྒྲས

ཁ་ཕོ་ལས་བཙན་པའི་གཡུ་འབྲུག་མལ་ལས་དཀྲོགས་པས

མེ་ཏོག་གི་མཁུར་ཚོས་ལ་བརྩེ་བའི་དམར་མདངས་རྒྱས་ཤིང

དུས་ཆད་མི་དགོས་པའི་ས་སྲོད་ཀྱི་དུས་དེར

རྨ་ཆུའི་བརྩེ་བ་ལས་མཆེད་པའི་གཞས་ཆུང་ཕྲ་མོས

བདག་ཀྱང་འདྲེན་ལ ཁྱོད་ཀྱང་བསུ

རྒྱང་རིང་ནས་གནས་འདིར་བཏེགས་པའི་དྲན་སྣང་དག

མཁའ་རླངས་ཁྲོད་གཤོག་ཟུང་གིས་སྤུར་ཞིང

བུང་བའི་འདོད་ཡོན་ན་རྒྱུ་བའི་བསུང་ཞིམ་གྱིས

གནའ་མཁར་འདིའི་རྐང་མཐིལ་ནས་དབུ་རྩེའིི་བར

བརྗེད་བྱང་དུ་ཆགས་པའི་རི་མོའི་མདངས་ཅི་རིགས་བདུད་རྩིར་ཕབ་ཅིང

གང་དྲན་དྲན་གྱིས་ཕྱུག་པའི་མགྲོན་པོའི་ཚོགས

རྐང་རྗེས་འཚོལ་བའི་གྲུ་ཟུར་རེ་རེ་ན

སྣང་བས་འཁྱམས དྲན་པས་རྒྱུ

ཚེ་ཡི་སྙིང་བོའི་ངོ་བོ་སྨིན་པའི་མེ་ལོང་དང

མི་རྟག་རིས་སུ་མ་ཁྱེར་བའི་སྤྲིན་གྱི་མེ་ཏོག

ད་དུང་དཔྱིད་ཀྱི་བདག་མོའི་སྐྲ་ལོ་སོགས

ཡོད་ཚད་ཁྱོད་ཀྱི་པང་བ་རུ་བཞད་ཅིང་བཀྲ་བས

སྐག་བྱུགས་མི་དགོས་པའི་དཔྱིད་ཀ་འདིར

ཚོས་ཀྱིས་མ་བརྒྱན་པའི་བྱ་དངོས་མི་མཆིས་ན

བདག་ཁྱོད་ལས་སྒེག ཁྱོད་བདག་ལས་འཕྱོར

བཙག་ངར་ཞུས་ཚར་བའི་དཔྱིད་ཀའམ

དཔྱིད་ཀའི་ཚ་རུས་རུམ་པའི་ངའི་ཕ་ཡུལ

ལྗང་མདོག་གི་ཀློང་ན་ཉར་བའི་མེ་ཏོག་བཞིན

ཕྱི་མིག་མི་གླེང་ལ་འབྱུང་འགྱུར་ཡང་མི་བསམ་པར

ཁ་དོག་གིས་འཕྲུལ་བའི་འཇིག་རྟེན་འདིར

མེ་ཏོག་ཁོ་ན་གླེང་བཞིན

རླུང་བུས་སེམས་པ་སྤུར སེམས་པས་གཞས་ཆུང་གྱེར

འོད་ལ་འཁྲུངས་པའི་རྒྱལ་སྲས

ཤར་ཕྱོགས་ན་འཕྱོ་བའི་འོད་རླབས་དེ

མི་རྣམས་ཀྱིས་ཉི་མའི་བུ་རྒྱུད་དུ་གླེང་བཞིན

ཁོར་ཡུག་ངེས་ཅན་ཞིག་ནས

བཞུ་བ་མེད་པའི་ཁ་བ་གངས་རིར་གྱུར་ཅིང

སེམས་ལ་བཞད་པའི་མེ་ཏོག་ཅིག

ཡང་ཡང་མིག་ཟུང་གིས་མཆོད་ཅིང

སྙིང་ལ་བྲིས་པའི་ཕུག་རོན་ཞིག

གཤོག་ཟུང་བརྐྱངས་ཏེ་དགུང་ལ་འཕུར

ཨ་མྱེས་ཀྱི་ཕྱག་ཕྲེང་ནས་འབུས་པའི་མུ་ཏིག་རྡོག་པོ

དཀར་དམར་གྱི་ཕོ་བྲང་གི་བྲང་ཁར་གྱ་གྱུར་བགྲོད་ཅིང

གོམ་པའི་འགྲོས་ལ་འཁྱུད་པའི་གཟུགས་སྣང་དེ་དག

ལར་ལང་ཚོར་སྨ་ར་འཛིངས་པའི་སྐྱེས་ཆེན་གྱི་ལུས་ལ་འཐིམ་ཞིང

ལར་བླུན་རྒོད་གཡང་ལ་མཆོངས་པའི་གཤིས་ངན་གྱི་སྲིན་འབུར་སྲེད་དུས

ཁེར་རྐྱང་གི་སྣེ་ལམ་ལ་རྒྱང་རིང་གི་འོད་རླབས་ཀྱིས་བྱུགས་ཤིང

རེ་སྙེག་དང་འདུན་མས་གྲུབ་པའི་སྐར་མདའ་ཞིག

རི་རབ་དང་གཙང་བོའི་ཕ་རོལ་གྱི་རུས་རྐང་ལ་ཟུག་གམ

གོ་ལའི་ཁ་དོག་འབར་བའི་གླིང་དེའི་དབང་རྩའི་སྦུབས་སུ་ཞུགས

རྨི་ལམ་མ་ཡིན་པའི་ཞིང་ཁམས་དེར

མེ་སྟག་གིས་མཆེད་པའི་མི་རབས་ཀྱི་ཚོགས་ལ

སུམ་རྩེན་ལྟ་བུའི་ཁང་ཁྱིམ་ཞིག་བརྩིགས་སླད་དུ

བྱང་ཆུབ་ལྗོན་ཤིང་གི་ལོ་འདབ་རེ་རེའི་གྲིབ་གཟུགས་འཚོལ་ཞིང

སེམས་ཀྱི་བཙོན་ར་དབེན་སའི་རང་དབང་དེའི་ཕྱི་ལོགས་སུ

ནམ་ཡང་གཉིས་ཆར་མ་གྱུར་བའི་དབུ་མ་ཞིག་སེམས་བཞིན

ཕྱི་ནང་གསང་གསུམ་གྱི་བདེ་སྡུག་ཡོད་ཚད་ཐོད་དུ་བླངས་ཤིང

དགའ་སྐྱོ་ཆགས་སྡང་གི་འཁོར་བའི་སྒྱུ་མ་ཕྲག་ཏུ་བླངས་པས

སེམས་ཀྱི་དབུ་རྩེར་བསྙེག་པའི་བགོ་སྐལ་དེ

ནུབ་ནས་ཕྱོགས་བཞིར་མཆེད་དམ

ཤར་ནས་གླིང་བཞིར་སིམས་འགྲོ

མི་རྣམས་ཀྱི་དབང་ཚོར་ན་འཕུར་བའི་ཕུག་རོན་དེ

སང་ཉིན་གྱི་ཤོག་ངོས་སུ་གཤོག་པ་རྡེབ་པའི་ཡིག་འབྲུ་ཡིན་ཞིང

སྤང་རྟོགས་ཀྱི་མཁའ་དབྱིངས་ཆེ་ཆེར་ཕྱེ་བའི་བར་ཚིགས་སུ

ལག་པ་བརྐྱངས་ཏེ་ཞི་བདེ་རྔུབ་པའི་རང་དབང་ཞིག་དང

རྐང་པས་བསྙབས་ཏེ་ཕུགས་འདུན་ཟ་བའི་དྲོད་ཁོལ་ཅིག

འོད་ཀྱིས་བསྐྱངས་པའི་སྤྱི་གླིང་དེར

བརྗོད་མི་ཚར་བའི་བརྩེ་སེམས་ཀྱི་བརྗོད་གཞིར་གྲུབ་ཅིང

བཀླགས་མི་ཚར་བའི་གཙུག་ལག་གི་ཕོ་བྲང་དུ་འཁུམས་ཚེ

ང་ཚོའི་དྲན་པ་ལ་ཐོགས་རེག་བྲལ

ང་ཚོའི་བདེ་སྡུག་ལ་དུག་རླངས་དབེན

ང་ཚོའི་ནམ་མཁའ་ནམ་མཁའ་བཞིན་སྔོ་ཞིང་རྒྱ་ཆེ་ཨང

1481771220885371.png

         སྙིང་ལྕགས་རྒྱལ། སྨྱུག་མིང་ལ་སྨུག་པོ་ཟེར། མཚོ་སྔོན་ཁྲི་ཀའི་རྐང་ཚ་ནས་སྐྱེས།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་དུ་བོད་ཀྱི་རྩོམ་རིག་ཆེད་ལས་ཞིབ་འཇུག་འཛིན་གྲྭ་ལས་སློབ་མཐར་ཕྱིན། སློབ་འབྲིང་དགེ་རྒན་དང་སློབ་གཙོ། སྲིད་གཞུང་ལོ་ཙཱ་སོགས་ཀྱི་ཕྱག་ལས་གཉེར་མྱོང་།  ད་ལྟ་རྩོམ་རིག་གསར་རྩོམ་དང་ཞིབ་འཇུག  རྩོམ་རིག་སློབ་ཁྲིད་དང་ལོ་ཙཱ་སོགས་ཀྱི་ལས་ལ་འབད་བཞིན་ཡོད། སྔ་ཕྱིར་དུས་དེབ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་སོགས་བགྲང་དུ་རི་བ་ཞིག་སྤེལ་མྱོང་། དེ་ལས་ཁ་ཤས་དཔེ་ཚོགས་དང་སློབ་འབྲིང་སློབ་མའི་བསླབ་ཕྱིའི་ཀློག་དེབ་ཏུ་བདམས་ཡོད།

      སྙན་ངག་པ་ཚོར་སྤྲིངས་བ།

          དྲ་ཚིགས་ཀྱི་སྙན་ངག་ཞིག་བཀླགས་རྗེས།    

ལོ་དུ་མའི་རིང་ལ།

རང་ཉིད་ཀྱང་ལམ་ལ་ཆས་ཡོད།

འཚོལ་སྙེག་གི་ལམ་ལ་ཆས་ཡོད།

ཐོས་པ་དང་བསམ་པ། སྒོམ་པ་གྲོགས་སུ་བཀུར་ནས།

རྩམ་སྐྱ་མཆི་མས་བརྫིས་མྱོང་།

ཤོག་སྐྱ་ཟས་སུ་སྒོམ་མྱོང་།

བཞུད་ཟིན་པ་མང་པོ་ཞིག་གི

གསེར་གྱི་རྣམ་དཔྱོད་བཀླགས་ཡོད།

ད་ལྟ་རང་ཉིད་ཀྱི་བསམ་བློ་ཐོགས་ཏེ།

ཁྱེད་ཅག་གི་གོམ་འགྲོས་ལ་ཉན་ཡོད།

གསེར་གྱི་སྨྲ་བརྗོད་ལ་ཉན་ཡོད།

གངས་རིའི་རྣམ་ཤེས་འཁུར་བའི།

ཡིག་འབྲུ་གཤོག་ཐོགས་ཚོ་མིག་གིས་འཚོས་ཡོད།

སྤྱི་ཚོགས་འདིར་དར་ཆ་འཕྱར་མཁན་མང་།

ཁ་ཕོ་དང་ཁ་གཡང་དེ་བས་ཀྱང་མང་།

ཐ་སྙད་ཀྱི་ཕྱགས་དར་ཁྲོད་ན་འཕག་འཚག་བྱེད་མཁན།

མག་མོག་གི་ལམ་ན་རང་ཉིད་བོར་བའི་རྨོངས་འཁྱམ་པ།

སྙན་ངག་ལ་ལོག་འགྲེལ་བྱེད་པའི་ཁེངས་ཉམས་ཅན།

སྙན་ངག་ལ་ཀྱག་ཀྱོག་གི་ལམ་བུ་བཟོ་མཁན་མང་དུ་མཐོང་།

ང་ཚོའི་སྙན་ངག་པ་ཚོ།

རྟོག་འཇུག་གི་ཡང་རྩེ་ན་སད་ཡོད་དམ།

གཞུང་ལུགས་ཀྱི་ཕ་མཐའ་རུ་སོན་ཡོད་དམ།

འཚོ་བ་ཡི་ཟབ་སུ་རུ་འཛུལ་ཡོད་དམ།

རང་ཉིད་ཀྱི་གླུ་སྐད་ནི་རྣ་བའི་བཅུད་དུ་ཡོད་དམ།

རང་ཉིད་ཀྱི་བསམ་བློ་ནི་ཡར་སྐུལ་གྱི་སྒུལ་ཤུགས་ཡིན་ནམ།

རང་ཉིད་ཀྱི་སྙན་ངག་ནི་བདེན་ལུགས་ཀྱི་དར་ཆ་ཡིན་ནམ།

གལ་སྲིད་མིན་ན་ནི།

སྙན་ངག་ནི་སྒྱུ་རྩལ་དང་ལྷན་དུ་བསྐྱུར་ཞོག

སྙན་ངག་ནི་འཚོ་བ་ལྷན་དུ་བསྐྱུར་ཞོག

སྙན་ངག་ནི་སྙན་ངག་པ་ལ་སྤྲོད་རོགས།

སྙན་ངག་ནི་སྙན་ངག་ལ་སྤྲོད་རོགས།

དྲག་ཆར།  

རང་བྱུང་ཁམས་ཀྱི་ཁྲོ་གཏུམ་ནི།

གང་ཟག་གང་དེའི་ཁྲོ་གཏུམ་བཞིན།

ནམ་མཁའ་ཡང་གང་གི་ཁྲོ་གདོང་བཞིན།

སྤྲིན་ནག་གཅུས་ལོག་གཅུས་ལོག

འཇིག་རྟེན་ཡོངས་སུ་གཅུད་འགྲོ།

གློ་བུར་གློ་བུར་དུ།

དྲག་ཆར་དང་ཤ་འོད་ལྷོག་ལྷོག

ཞི་བའི་སྡེ་ལ་དམག་གི་དཔུང་འཇུག་ལྟར།

ཨ་ཧོ། དྲག་ཆར་གློ་བུར་བ་འདིས།

བྱེའུ་མར་ཚང་མལ་སྙེག་ཁོམ་མ་བྱུང་།

སྒོ་ང་རེ་རེ་ཚལ་བར་བཏང་སོང་།

རྫི་བོ་ཁྱིམ་དུ་ལོག་ཁོམ་མ་བྱུང་།

སྣམ་བུའི་ཕྲག་མགོ་རལ་བར་བཏང་སོང་།

ཀྱེ་མ་དྲག་ཆར། དྲག་ཆར།

གནམ་གྱི་མདའ་ཆར་རལ་གྲིའི་རྣོ་དབལ་ཅན།

མགོ་ཁང་ཆུང་མེད་ན་ཅི་ཞིག་བྱ།

གནམ་ལྕག་ཐོག་གི་སྤུན་ཡ།

སྲ་མཁྲེགས་ལྕགས་ཀྱི་གོང་བུ།

བར་སྣང་གི་རལ་གྲི་གཏོར་དུས།

འཇིག་རྟེན་ཡ་འཇིག་རྟེན་ཁྱོད།

མཚམས་སྤྲིན་གྱི་མཛེས་སྡུག་དེ་མིན།

འཇའ་ཚོན་གྱི་གུར་ཁང་དེ་མིན།

ཉི་ཟླ་དང་སྐར་ཚོགས་ཀྱང་མིན།

ཁྱོད་ནི་འཚོ་བའི་ཟུར་གཅིག་ཡིན་ཟེར་ན།

སོམ་ཉིའི་དཔྱངས་ཐག་ག་དུས་གཅོད་དམ།

ཀྱེ་མ་དྲག་ཆར།  དྲག་ཆར།

རྐང་སག་ལྷམ་འདི་སྙིང་རེ་རྗེ།

རྩྭ་རྩེའི་བསིལ་ཐིགས་ཕྲ་མོས་རློན་པར་བྱེད།

མགོའི་ཞྭ་མོ་འདིའང་སྙིང་རེ་རྗེ།

ཁྱོད་ཀྱི་ཐལ་ལྕག་གིས་རལ་བར་བཏང་།

དྲག་ཆར། དྲག་ཆར།

འཇིག་རྟེན་གཞོམ་པར་འདོད་ཀྱང་།

ལམ་ཕྲན་འདི་རྐང་རྟེན་དུ་བསྐྱུར་རོགས།

སྐུ་མཁྱེན།  སྐུ་མཁྱེན།

མིག་ཆུའི་ནང་གི་རོལ་དབྱངས།

ཡར་ལྷ་ཤམ་པོའི་སྒམ་བརླིང་ལ།

སུ་ཞིག་གི་གསང་བའི་ལོ་རྒྱུས་བཀོད་ཡོད།

རྟ་ཐོག་གི་མི་རིགས་ཤིག

རལ་གྲིའི་སྣེ་མོ་ནས་འགྱེད་ལོག་ཡང་ཡང་བརྒྱབ་རྗེས།

ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ལ་བློ་བཀོད་བྱས་པ།

དཔྱད་བརྗོད་ཀྱི་མགྲིན་པ་རྣང་སོང་།

གཅིག་ནི་ཐར་བའི་བདེ་བ་སྟེ།

ཅིག་ཤོས་ནི་དམྱལ་བའི་གཏིང་རིམ།

མིན་མིན། འདི་ནི་གནའ་གཏམ་ཞིག

རལ་གྲིས་ལམ་ཁ་གཤགས་པའི་མེས་པོ་དག

གཟི་མིག་དགུ་བའི་གླ་རྡོ་ཡར་ཀླུང་ནས་བོར་བ།

ད་ལྟ་སུ་ཡི་མགུལ་ན་ཡོད།

ལག་ཟུང་གིས་བར་སྣང་ཕྱེ་དགོས་སམ།

གློ་གཤོག་གིས་རྒྱལ་ཁམས་འབྱེད་དགོས།

ངའི་མགྲིན་པ་བརྣང་དོན་ཅི།

སྐབས་འདི་དང་འདི་ལ།

ཁྱེད་ཀྱི་མིག་ལ་ཁེངས་ཉམས་རྒྱས་ཏེ།

ལག་མགོ་ཕུར་ཕུར་གྱིས་འཇིག་རྟེན་ལ་ཧབ་འཐོབ་བརྒྱག་དུས།

ངའི་མིག་ཆུའི་ནང་གི་རོལ་དབྱངས་ཐོས་སོང་ངམ།

ངའི་ཉིན་མོའི་མུན་པ་མཐོང་སོང་ངམ།

913571544420668154.jpg

      སྟག་རིག་འབྲུག་ཐར། དངོས་མིང་། འབྲུག་ཐར་རྒྱལ། 1982ལོའི་ཟླ10བར་སྲིན་པོ་རྫ་རིའི་འདབས་རོལ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སྡེ་བར་སྐྱེས། 2004ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་ནས་སློབ་མཐར་ཕྱིན། 2014ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་དམ་བཅའ་བླངས། སྔ་ཕྱིར《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《སྤང་ལྗོངས》《ཁྲི་ཤོར་རྒྱལ་མོ》《རི་བོ་ཉི་ཟླ》སོགས་བོད་ཁུལ་དུས་དེབ་དང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》《མཚོ་སྔོན་ཁྲིམས་ལུགས་ཚགས་པར》《གངས་རྒྱན་ན་ཆུང་ཚགས་པར》《གངས་ལྗོངས་གཞོན་ནུའི་ཚགས་པར》《གཞིས་རྩེ་ཚགས་པར》《རྨ་ལྷོ་ཚགས་པར》《མཚོ་ལྷོ་ཚགས་པར》སོགས་བོད་ཁུལ་གྱི་ཚགས་པར་དུ་བརྩམས་སྒྲུང་ཐུང་གྲས་དང་ལྷུག་རྩོམ། སྙན་ངག དཔྱད་རྩོམ་ཐུང་གྲས་སོགས་བརྩམས་ཆོས་དྲུག་ཅུ་ལྷག་སྤེལ་མྱོང་།

      2007ལོར་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གིས་གཙོ་སྒྲུབ་མཛད་པའི《བརྒྱུད་ཚོང་དང་བསླུ་བྲིད》ཅེས་པའི་ཁ་བྱང་གཅིག་པའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། 2013ལོར་རྒྱལ་ཡོངས་སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་སྙན་ངག་འགྲན་བསྡུར་ཁྲོད《དབྱངས་ལ་བརྒྱུས་པའི་རེ་འབོད》ཅེས་པར་ཨང་གསུམ་པ་ཐོབ། 2014ལོར་རྒྱལ་ཡོངས་སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་ལྷུག་རྩོམ་འགྲན་བསྡུར་ཁྲོད《སློབ་བུར་བཅོལ་བའི་ངག་གི་སྙེ་མ》ལ་ཕུལ་བྱུང་བྱ་དགའ་ཐོབ། 2014ལོའི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་པའི་སྐབས་གཉིས་པའི་རྒྱལ་ཡོངས《ཚྭ་འདམ་བུམ་པ་རྟགས་མའི》དྲ་རྩོམ་འགྲན་བསྡུར་ཁྲོད《གཟི་དཔལ་འཚེར་བའི་མཚོ་ལྷོ》ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ། 2015ལོར《སྤྱོད་ལམ་དང་ཁྲིམས་ལུགས》ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་བཅས་ཐོབ་མྱོང་། 2016ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གིས“ང་ཡི་ཕུགས་འདུན”ཞེས་པའི་ཁ་བྱང་གཅིག་ཅན་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ།2016ལོར་མཚོ་ལྷོ་ཁུལ་རྩོམ་རིག་ལྷན་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་བླངས།  2010ཡས་མས་སུ་བསྟུད་མར་ལོ་གཉིས་ལ་མཚོ་སྔོན་བོད་སྐད་རླུང་འཕྲིན《སློབ་རའི་འགྱུར་ཁུགས》ལེ་ཚན་གྱི་དཔེ་ལེགས་གསར་འགོད་པར་བདམས་པ་དང། 2015ལོར《མཚོ་ལྷོ་ཚགས་པར》ཁང་གིས་ཕུལ་བྱུང་གསར་འགོད་པ་ཡང་བདམས་མྱོང་།  2008ལོར་ལྗགས་རྩོམ་སྙན་དེབ་ཐོག་མ《འོད་ཀྱི་གཤོག་རླབས》   མི་ཡུལ་གྱི་ཟས་རིན་ཙམ་དུ་ཀུན་གྱི་གཟིགས་མོར་བཀྲམ་པ་དང་། 2011ལོར《སེམས་འགྱུ་བན་བུན། ཚོར་བ་ཟ་ཟི》ཞེས་པའི་སྙན་དེབ་གཉིས་པ་པར་བསྐྲུན་འགྲེམ་སྤེལ་བྱས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་དགེ་རྒན་གྱི་བྱ་བ་གཉེར་མུས་སུ་མཆིས།  

  སྟོན་ལོ་འཁྲོལ་བའི་གཞས།(ཞར་བཀོད་ཚན་པ་གཉིས)

སྟོན་གྱི་བདག་མོ་བཞུད་པ་སྔ་དྲགས་པས།

སེར་པོ་གསེར་ལ་བྲིས་པའི་ལོ་མ་སེར་པོ།

སྟོན་རླུང་ལྕག་ཚན་གྱིས་བྲབ་ཚེ།

ཡལ་གར་འཁྲེང་ནས་སྐྱོབ་འབོད་ཀྱི་གཡབ་མོ་ལྕུག་ལྕུག་འདར།

ཚེ་སྲོག་འགགས་ནས་མདུན་སྐྱོད་ཀྱི་མགོ་བོ་རབ་ཏུ་དུད།

སྒལ་ཚིགས་བོར་བའི་ལོ་མ་རེ་འགའ།

བསམ་ལོང་དགྱེ་ལོང་མེད་པར་བསིལ་རླུང་གིས་བརྡེགས་ཏེ་ས་ལ་བྲུལ།

རྫུབས་སྟུག་གི་ཡལ་གར་འཚང་བའི་ལོ་མ་སེར་པོས།

འཇིག་རྟེན་གྱི་བདེན་པ་གླུ་རུ་བླངས་ནས་མི་སེམས་གསོ།

འཇིག་རྟེན་གྱི་མི་རྟག་བྲོ་རུ་བསྒྱུར་ནས་འཆི་བ་ཀློག

དུས་ཀྱི་གཙུབ་བརྡར་གྱིས་སྟོན་རླུང་དྲག་ཏུ་འཕྱོས་པས།

རྨི་ལམ་དུ་བབས་པའི་ལོ་མ་སེར་པོའི་རྣམ་ཤེས་དཀྲོགས།

ལོ་མར་འཁྲིལ་བའི་སྲིན་འབུའི་མིག་ཆུའང་ཤམ་ཤམ་ཟགས།

ཐ་དད་སྣང་ངོར་ཤར་བའི་ལོ་མའི་རིས།

གངས་རི། གཙང་པོ། རྩྭ་ཐང་དང་གཞི་གཅིག་ཏུ་མཐོང་།

ཐ་དད་མིག་ལ་ཐོགས་པའི་ལོ་མའི་མདོག

དམར་སེར། ངང་སེར། སེར་ནག་དང་ཡོངས་སུ་སྣང་།

རུས་གསེང་གི་རྐང་ལ་ཐོགས་པའི་གྲང་ལྷགས་ཀྱིས།

ལོ་མ་འཐོར་ཤུལ་གྱི་མ་སྡོང་ཁོ་ན།

སྟོན་མཇུག་གི་སྨྲེང་གླུའི་ཁུད་དུ་སྨྲ་བ་དཀག་ཏུ་བཅུག

སྟོན་མཇུག་གི་སྐྱོ་ཤས་ཀློང་དུ་ངག་སྒོ་བསྡམས་སུ་བཅུག

ལམ་འགྲམ་ན་འཕྱན་པའི་ལོ་མ་སེར་པོ།

འོབས་དོང་དུ་འཚང་བའི་ལོ་མ་སེར་པོ།

བར་སྣང་དུ་འཁུར་བའི་ལོ་མ་སེར་པོ།

ཡོད་ཚད་ཆག་གྲུམ་གྱི་ཐ་སྙད་ཁྲོད་དུ་འཐིམས།

སྟོན་མཇུག་བ་མོས་བཅོམ་པའི་ལོ་མ་སེར་པོ།

ཧྲག་དམག་སུ་ཞིག་གིས་ཆམ་ལ་ཕབ་པའི་ཉེས་ཅན་ཡིན།

སྟོན་མཇུག་རླུང་བུས་འགམ་པའི་ལོ་མ་སེར་པོ།

མཛངས་མ་སུ་ཞིག་གིས་ཡལ་བར་དོར་བའི་ཚི་ལིན་ཐར་རྐྱང་ཡིན།

ཕྱིར་རྟོག་ཐེངས་ཤིག་བགྱིས་ན།

ལང་ཚོས་འབར་བའི་དབྱར་ཟླ་གསུམ་ལ།

དྲུག་པའི་ཚ་སྨུག་བཅོམ་ནས།

བསིལ་གྲིབ་ཀྱི་གཤོག་རུ་བརྐྱངས་མྱོང་བ་དེ་སུ་ཡིན་ནམ།

དུས་ཀྱི་ཁུགས་སོ་གཉིས་པར།

ལ་རྒྱའི་སྙན་འཇེབས་ཀྱི་དབྱངས་རྟ་དཀྲོལ་མྱོང་བ་དེ་སུ་ཡིན་ནམ།

དར་བབ་གཞོན་ནུའི་སྐབས་ལ།

མཐུན་པའི་ལག་རྡང་གི་སྟངས་སྟབས་བཀོད་པ་དེ་སུ་ཡིན་ནམ།

ཕྱི་ནང་འགལ་རྐྱེན་དུ་མཐོང་བའི་ད་ཆ།

ང་རང་དངོས་གནས་ལོ་མ་སེར་པོ་བཞིན་དྲག་ཏུ་འཕྱོ་འདོད་ཅིང་།

ལོ་མ་སེར་པོ་བཞིན་མཁའ་དབྱིངས་སུ་མཐོ་ནས་མཐོ་རུ་སྤུར་འདོད་ཨང་།

ལམ་འགྲམ་ན་འཕྱན་པའི་ལོ་མ་སེར་པོ།

འོབས་དོང་དུ་འཚང་བའི་ལོ་མ་སེར་པོ།

བར་སྣང་དུ་འཁུར་བའི་ལོ་མ་སེར་པོ།

ཡོད་ཚད་ཆག་གྲུམ་གྱི་ཐ་སྙད་ཁྲོད་དུ་འཐིམས།

        སྐྱུར་སིལ།

ཁ་སྐྱེངས་རྒྱུར་མོས་པའི་མཚམས་སྤྲིན་གྱིས།

ས་སྲོས་ཀྱི་མགྲོན་པོར་ལག་བརྡ་བཏང་ཡང་།

དུས་ཆད་བཏབ་པའི་རེ་འཛོམས་སྲིད་མཐའ་ཙམ།

ཐག་རིང་ཐག་རིང་གི་ཁྱེད་ཀྱི་མཛའ་གླུ་དེ་གསན་མི་ཐུབ་ནའང་།

ཁྱེད་ཕྱོགས་སུ་ལྡང་བའི་དུ་ཞགས་སྔོན་མོ་དེ་རིག་ཡོང་ན།

གཡང་ཁྱིམ་གྱི་གྲུ་ག་གང་རུང་དུ།

སྨན་མཛངས་མོ་ཞིག་གི་སྐྱེ་བ་བླངས་ནས།

ཚར་རྒྱུ་མེད་པའི་འཚོ་ཚིས་ལ་རེམ་པ་རྟོག་བཟོ་བྱས་ཆོག་པས།

ང་རང་ཁྱེད་ཀྱི་ཉེ་གམ་དུ་འབྱོར་འདྲའི་དྲོད་ཁོལ་ཞིག་འཁྱིལ་ཡོང་ཞིང་།

རེ་སྒུག་གི་ན་བུན་མག་མོག་ཀྱང་ག་ཤེད་ཅིག་ཏུ་ཡལ་འགྲོ།

ཁྱེད་ཀྱི་རྣམ་ཤེས་ལ་འཁྲིལ་ཚར་བའི་ངའི་ཡིད་སེམས།

སྔ་མོ་ནས་བརྩེ་དུང་གི་རི་སྒང་དུ།

དགའ་བའི་དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བཞིན།

ཁྱེད་ཀྱི་ལོག་མལ་ལ་གཡབ་མོ་གཏོང་བ་བསམ་ན།

དྭངས་གསལ་གསལ་གྱི་མེ་ལོང་ལྟ་བུའི་ཁྱེད་ཀྱི་བློ་རྩེ་ན།

མཚོ་མོའི་རླབས་ལྟར་ཐུག་འཕྲད་ཀྱི་འདུན་མ་དྲག་ཨང་།

དྲན་གདུང་བཏེགས་འདྲའི་མཚམས་སྤྲིན་གྱི་ཁ་དོག་དེ་མཐོང་ན།

མིག་ལམ་དུ་ཁྱེད་ཀྱི་མཆུ་སྒྲོས་ལས་འཕོས་པའི་སེམས་གཏམ་འབའ་ཞིག་བཞུར་འོངས་པས།

ངང་ཆུང་གཉིས་ཚང་མལ་སྙེག་པའི་དུངས་སེམས་ཀྱི་སྣེ་མོར།

ང་དང་ཁྱེད་ཀྱི་རྣམ་ཤེས་ཕྲ་མོ་ཤོང་དཀའ་ཡང་།

ཁྱེད་ཕྱོགས་སུ་བསྙབ་ཀྱིན་པའི་ཚེ་སྲོག་འདིའམ།

སྨྲེང་སྐྱོ་ལ་གཞིབ་པའི་དྲན་གདུང་དག་གི

འགོག་མེད་ན་ཟུག་ལ་བསམ་ཚེ།

ཤ་སྐྱིའི་བར་གསེང་དང་ཕྲ་ཕུང་གི་ཁུད་ན།

ལྷོག་ལྷོག་ཏུ་གདུ་བ་ཡང་སྙིང་སུ་ཞིག་ཡིན་ནམ།

སྦྲ་རོག་རོག་གི་བདག་པོ་གཞན་དབང་དུ་གྱུར་ཡང་།

ནམ་ཉི་མ་ཞིག་ལ།

ང་རང་དུ་ཞགས་སྔོན་མོའི་ཁྲོད་ནས་ཁྱེད་དང་ལྷན་འཛོམས་བྱུང་ན།

དུངས་བརྩེས་ཟོས་པའི་ལྗིད་ཏིག་ཏིག་གི་དུ་ཞགས་སྔོན་མོ་ཁུར་ནས་ཕྱིར་ལོག་ཆོག་གྲང་།

            མཚན་མོ།

མཚན་མོ་ཁེར་རྐྱང་དུ་ངའི་གམ་ལ་བཞུར་ཡོང་དུས།

མུན་པ་ཁོ་ན་ངའི་གྲང་ལྷགས་འགོག་བྱེད་ཀྱི་ལྭ་བ་ཐར་རྐྱང་ཡིན།

དུས་ཚོད་ཀྱི་ཐག་སྒྲ་དང་ཕབ་གཞོང་ལ་རྡེག་པའི་ཐག་སྒྲ་གཉིས།

ངོ་བོ་དབྱེར་མེད་དུ་འདྲེས་ཏེ།

དགུ་ཚིགས་ཆུ་བོའི་རླབས་ངོགས་སུ།

འཇིག་རྟེན་གཞན་ཞིག་གི་འཁོར་བ་བསྐྱང་མགོ་བརྩམས།

མཁའ་དབྱིངས་སུ་དཔྱངས་པའི་ཟླ་བ་ཟད་པོ་དེའང་།

སྤྲིན་རིམ་གསེང་ན་སུ་ཞིག་ལ་ལྐོག་ལྟ་བགྱིད་པ་ལྟར།

ཟླ་ཕྱེད་ཙམ་ལས་སུ་ཞིག་གི་རུམ་ཁོང་དུ་ཡིབ་འདུག

ལྷིང་འཇགས་འཐུ་བའི་མཚན་མོ་སླེབས་པས།

ཉན་བྱེད་ཀྱི་ལྕགས་ཟྭ་སྔ་མོ་ནས་བརྒྱབ་སྟེ།

འུག་པའི་གླེང་མོལ་ལ་ཕོག་ཐུག་བཟོ་འདོད་ཡེ་ནས་མ་ཤར།

ཚོར་ཤེས་ཀྱི་ལུག་ཁྱུ་རུ་ལ་ཕབ་དུས།

དྲི་ཞིམ་ཞིང་བྲོ་བ་མངར་བའི།

སྙན་ངག་ཁོ་ན་དོ་ནུབ་ཀྱི་དགོང་ཟས་ལ་བཞེས་ཆོག

མཚན་མོའི་མཆེ་སྡེར་རྣོན་པོས།

ཟང་ཟིང་གི་ཚུལ་འཆོས་དག་སྔ་མོ་ནས་ཁྱུར་མིད་དུ་བཏང་བས།

ང་དང་འབུ་མེ་ལྕེབས་ཁོ་ན།

འོད་ཀྱི་མངའ་ཐང་འོག་ཏུ།

མུན་པ་རྒུམ་པའི་བྱེད་པོ་འབའ་ཞིག་གོ།

མ་གཞི་མཚན་མོ་ལ་འཇིགས་པ་དག

རེ་བའི་ཁ་དོག་བོར་སོང་བས་ལན།

རྨི་ལམ་གྱི་གཤོག་པ་ཐེད་སོང་བས་ལན།

མུན་པའི་ཤེལ་མིག་གྱོན་རྒྱུར་ཡང་བག་ཚ་ན།

སྐར་མར་ཁོང་འདར་རྒྱག་པའང་ཁག་མི་འདུག

རྩི་ཤིང་གིས་ངུད་མོ་སྒྲོག་པའང་ཁག་མི་འདུག

རེ་སྒུག་གི་མཚན་མོ་སླེབས་ཚེ།

ངས་ད་གཟོད་རྣམ་ཤེས་ཀྱི་རྒྱུད་སྐུད་དཀྲོལ་ཏེ།

འཚོ་བའི་འཇིངས་སུ་འཐིམས་པའི་ཡུལ་མི་ཚོར།

དང་བ་འགུག་བྱེད་ཅིག་སྙན་ལ་སྐྱེལ་ན།

འབྲུ་རིགས་ཀྱི་རིན་གོང་ཆགས་པའི་སྡུག་གཏམ་དག

ང་ལ་མི་ལབ་རོགས། ང་ལ་མི་ལབ་རོགས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།