ཀྲུང་གོ་བོད་ཀྱི་དྲ་བ།

༄༅།།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་སྙིང་ནས་དྲན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གཅོད་པ་དོན་གྲུབ།   སྤེལ་དུས། : 2017-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

04.jpg

01.jpg

༄༅།།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་སྙིང་ནས་དྲན།


མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན་གྱིས་ཕྱུག།
མ་རིག་ལམ་བཟང་སྟོན་པའི་སྒྲོན་མེ་གསལ།།
སྙན་པའི་རྫ་རྔ་སྲིད་གསུམ་རྩེ་རུ་གྲགས།།
ཀུན་གཟིགས་པཎ་ཆེན་མཆོག་ལ་གུས་པས་འདུད།།


སྐུ་ཡི་བཀོད་པ་མདོ་སྨད་ལྗོངས་སུ་འཁྲུངས།།
གསུང་གི་བདུད་བརྩི་འཛམ་གླིང་རིས་མེད་ཁྱབ།།
ཐུགས་བརྩེའི་ཉིན་བྱེད་མ་ལུས་ཕྱོགས་བཞིར་འཕྲོས།།
ཁྱེད་ཉིད་འགྲོ་ཀུན་སྐྱོང་བའི་སྐྱབས་མགོན་ལགས།།


རྒྱུ་སྐར་དབུས་སུ་བཅོ་ལྔའི་ལྷ་ཟླ་བཞིན།།

ལྷང་ངེར་མངོན་པའི་ཀུན་གཟིགས་རིན་པོ་ཆེའི།།
མི་ཚེའི་མཛད་འཕྲིན་གོ་ལ་ཟླུམ་པོས་ཀྱང་།།
མ་ཐེག་ཡོམ་ཡོམ་གཡོ་བའི་ཚུལ་འདི་རྨད།།


ཉམ་ཐག་འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས།།
སྐྱོབ་ཕྱིར་རང་ཉིད་དོན་མེད་བཙོན་འོག་ཏུ།།
བགྲང་བྱ་དགུ་ལྷག་བཅུག་ནས་མནར་གཅོད་མྱངས།།
ཀུན་ཀྱང་འབངས་ལ་བདེ་སྐྱིད་བསྐྲུན་ཕྱིར་བསྔོས།།


ཡིག་འབྲུ་ཁྲི་བདུན་རྣོ་དབལ་རལ་གྲི་ཡིས།།
གཉོམ་ཆུང་འབངས་ལ་འཚེ་བའི་བདུད་དཔུང་ཚོགས།།
སྐད་ཅིག་ཙམ་ལ་རྨེག་མེད་བཅོམ་པའི་ཚེ།།
ཕན་བདེའི་འོད་དཀར་གངས་ལྗོངས་ཡུལ་དུ་འཕྲོས།།


དྲང་བདེན་རིས་མེད་སྐྱོང་བའི་ཕ་མ་དང་།།
འཁྱོག་བཤད་ཉོག་བཤད་སེལ་པའི་བློ་རིག་རྣོ།།
སྤོབས་པ་ཆེན་པས་གཏམ་གྱི་སྒོ་མོ་འབྱེད།།
བརྩོན་འགྲུས་གཞལ་མེད་ལྷས་ཀྱང་བསྔགས་པ་ཤོར།།


ལྷག་བསམ་དཀར་བོའི་རྒྱལ་མཚན་རྣམ་པར་མཐོ།།
དད་ལྡན་མང་ཚོགས་སྙིང་གི་དབུས་སུ་བཞུགས།།
རང་གི་ཕྱག་ཀྱང་བསྐྲངས་ནས་འདེགས་དཀའ་ཡང་།།
མཇལ་བ་ཁྲི་ཕྲག་མང་བོའི་རེ་བ་བསྐངས།།


ཆོས་སྐད་ཟིལ་གནོན་དྲགས་པོའི་བྱིན་རླབས་ཀྱིས།།
ཁམས་གསུམ་མ་ལུས་ཞི་བའི་བདེ་ལ་བཀོད།།
བྱང་ཆུབ་སེམས་ཀྱིས་མཛད་པའི་བཀའ་སློབ་མཐུས།།
འགྲོ་བ་ཀུན་གྱི་སེམས་སྡུག་རྨང་ནས་སེལ།།


རང་གི་རྒྱལ་ཁབ་ཆེན་པོའི་དབུ་འཛིན་གྱིས།།
མཆོད་བསྟོད་ལེགས་སྐྱེས་འབུལ་བ་ཕར་ཞོག་དང་།
ཕྱི་གླིང་རྒྱ་གར་ཆེན་པོའི་རྒྱལ་པོས་ཀྱང་།།
བསྔགས་པའི་གསེར་གྱི་མེ་ཏོག་འཛིན་མར་འཐོར།།


མི་རིགས་སྐད་ཡིག་རང་གི་བླ་སྲོག་ལྟར།།
སྲུང་སྐྱོང་དགོས་པའི་བཀའ་སློབ་ནོར་བུ་གནང་།
མི་རིགས་འཆམ་མཐུན་དཔྲལ་པའི་མིག་ཟུང་བཞིན།།
གཅེས་འཛིན་དགོས་པའི་སྙིང་གཏམ་དྲོད་མོ་བསྙད།།


རང་རིགས་ཕུ་ནུ་སྤུན་མཆེད་གང་ཡིན་ཀྱང་།།
ས་རྩོད་ཆུ་རྩོད་གནའ་ནས་ད་ལྟའི་བར།།
མ་ཆད་ཕན་ཚུན་གསོད་རྨས་ངན་པའི་ལུགས།།
མྱུར་དུ་འདོར་དགོས་བསླབ་བྱ་ནན་མོ་མཛད།།


རང་རིགས་རྗེས་ལུས་རྣམ་པ་མ་བསྒྱུར་ན།།
བདག་ཉིད་ཤི་ཡང་མིག་ཟུང་མི་བཙུམ་པའི།།
ཆོད་སེམས་དམ་པོས་འགྲོ་བ་ཁྲི་མ་འབུམ།།
མདུན་མཆོང་སྙིང་སྟོབས་བླ་མེད་སྦྱིན་པ་མཚར།།


སྐད་རིགས་སྣ་མང་ཤེས་ན་བཟང་མོད་ཀྱང་།།
རང་སྐད་བརྗེད་ན་ངོ་ཚ་ཡིན་པའི་གསུང་། །
ཉག་ཕྲ་སྙིགས་མའི་དུས་ཀྱི་བོད་སྐད་འདིར།།
བླ་སྲོག་གཉིས་པ་གནང་པའི་ནུས་ཆེན་ཐོན།།


བདག་གིས་རང་རིགས་བུ་རབས་ཚ་རྒྱུད་ཀྱི།།
མཚན་སྙན་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ།།
རང་གི་ལོ་རྒྱུས་ནང་དུ་མི་འཇོག་པའི།།
དམ་བཅའ་རྡོ་རྗེ་བྲག་ལྟར་མཛད་པ་རྨད།།


རིག་གནས་སྲོལ་རྒྱུན་རྨད་བྱུང་འཛིན་སྤེལ་དང་།།
དེང་རབས་ཚན་རིག་རིག་གནས་སློབ་སྦྱོང་གཉིས།
གཅིག་ལ་གཅིག་བརྟེན་འབྲེལ་བ་དམ་པས་ན།།
མདུན་སྐྱོད་གཤོག་ཟུང་ཡིན་པའི་བཀའ་སློབ་མཛད།།


ལོ་རྒྱུས་འོད་ཟེར་ལྡན་པའི་མི་རིགས་ཤིག།
སྐད་ཡིག་རྒྱན་གོས་གོམས་གཤིས་བཟང་བོ་སོགས།།
མི་འགྱུར་བརྟན་པོའི་གོ་གནས་གལ་ཆེན་བཟུང་།།
རྣམ་ཀུན་སྲུང་སྐྱོབ་དགོས་པའི་བསླབ་བྱ་གནང་།།


བོད་པ་སུས་ཀྱང་བོད་ཡིག་ཤེས་ཟིན་ན།།
དགེ་སྡིག་སྤང་བླང་ལེགས་ཉེས་དཀར་ནག་སོགས།།
གསལ་འབྱེད་བླང་དོར་བགྱིད་པའི་རྣམ་དཔྱོད་མཆིས།།
དང་པོ་རང་ཡིག་སློབ་དགོས་སྙིང་གཏམ་གསུངས།།


རྙེད་དཀའ་འཇིག་སླའི་མི་ལུས་རིན་ཆེན་འདི།།
མཐའ་ཡས་འགྲོ་ཀུན་སྡུག་བསྔལ་སེལ་བའི་སླད།།
ཟུངས་ཁྲག་དྲོན་མོ་མ་ལུས་བསྟིམས་ནས་ཟད།།
བདག་པས་གཞན་གཅེས་རྒྱལ་སྲས་སྤྱོད་པ་རྨད།།


ཁྱེད་ཀྱི་མཛད་འཕྲིན་འབྱམས་ཀླས་ཆུ་གཏེར་ལས།།
ཆུ་ཐིགས་ཙམ་ཞིག་བླངས་ནས་བརྗོད་པ་འདིས།།
གཞན་ཕན་འཕྲིན་ལས་རྒྱ་ཆེར་འགྲུབ་དཀའ་ཡང་།།
ཁོ་བོའི་བརྗོད་འདོད་བསམ་བློ་འགྲུབ་པར་ཤོག།
                                 
2017ལོའི་ཟླ1པའི་ཚེས28ཉིན་ཏེ་རྒྱ་ལོ་ཚེས་གཅིག་ལ་ཡང་བསྐྱར་དག་བཅོས་དང་ཁ་གསབ་བརྒྱབ་བ་དགེའོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།