མིང་དངོས་ལ་རྒྱལ་ལོ་ཚེ་རིང་ཟེར། (འབའ་སྨད་རྒྱལ་ལོ་ཚེ་རིང་།)ཡུལ་མདོ་སྨད་འབའ་རྫོང་འབའ་སྨད་ཀྱི་ཝ་དཀར་སྡེ་བར་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་དང་ལུའུ་ཞུན་རྩོམ་རིག་སློབ་གླིང་དུ་ཐོན།
2015ལོའི་བོད་ལྗོངས་སློབ་ཆེན་གྱི་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ལ་འབད་བཞིན་ཡོད།
སེམས་གཞས། ༼གླུ་ཚིག་ཁག་བཞི༽
(ལྷ་ས) འབའ་སྨད་རྒྱལ་ལོ་ཚེ་རིང་།
རི་ལ་རི་བསང་བཏང་ཡོད།
བསང་དུད་གནམ་ལ་ཟུག་ཡོད།
བསང་དུ་བར་ཆད་མེད་ན།
དགུང་སྔོན་ནམ་མཁའི་དབྱིངས་ཀྱི།
ཉི་ཟླ་སྐར་གསུམ་དྲུང་དུ།
ང་ཡི་རེ་སྨོན་བསྐུར་ཡོད།
རེ་སྨོན་ཐུགས་ལ་བཞེས་དུས།
ཕ་མའི་སེམས་ཁྲལ་ཞི་སོང་།
ང་ཡི་སེམས་པ་བདེ་སོང་།
ཆུ་ལ་གཡོར་གྲུ་བཏང་ཡོད།
གཡོར་གྲུ་ཆུ་ཡིས་སྐྱོམ་སོང་།
ཆར་རླུང་སྔོན་དུ་མེད་ན།
ཐག་རིང་རྒྱང་ན་བཞུགས་པའི།
ཆུང་འདྲིས་བྱམས་པའི་དྲུང་དུ།
ང་ཡི་སེམས་གཏམ་བསྐུར་ཡོད།
སེམས་གཏམ་ཐུགས་ལ་བཞེས་དུས།
ཕ་མའི་སེམས་ཁྲལ་ཞི་སོང་།
ང་ཡི་སེམས་པ་བདེ་སོང་།
ནགས་ལ་མེ་ཏོག་བཏབ་ཡོད།
མེ་ཏོག་ནགས་ནས་བཞད་ཡོད།
ནགས་ལ་སེར་ཐིག་མེད་ན།
རྒྱ་རྫོང་ནགས་ན་བཞུགས་པའི།
ཁུ་བྱུག་སྔོན་མོའི་དྲུང་དུ།
ང་ཡི་དྲན་གླུ་བསྐུར་ཡོད།
དྲན་གླུ་ཐུགས་ལ་བཞེས་དུས།
ཕ་མའི་སེམས་ཁྲལ་ཞི་སོང་།
ང་ཡི་སེམས་པ་བདེ་སོང་།
2017-2-16ཟི་ལིང་མེ་འཁོར་ས་ཚིགས་སུ།
ལོ་ཡག་བསུ་བའི་གླུ།
འབྲུ་དྲུག་སྙེ་མའི་བསྟན་པ་ཕ་ཡུལ་རོང་ལ་དར།
རོང་གི་བུ་མོས་འཛུམ་གྱིས་ལོ་ཡག་བསུ།
བཀྲ་ལ་ཤིས་པའི་ལོ་ཡག གཡང་ལ་ཆགས་པའི་ལོ་ཡག
ཕྱྭ་གཡང་གཉིས་ཀ་སྨིན་པའི་གནས་མཆོག་འདི་ལ་ཕེབས་ཤོག
འབྲུ་དྲུག་སྙེ་མའི་བསྟན་པ་ཕ་ཡུལ་རོང་ལ་དར།
རོང་གི་བུ་མོས་ལོ་ཡག་སེམས་ཀྱིས་བསུ།
བཀྲ་ལ་ཤིས་པའི་ལོ་ཡག གཡང་ལ་ཆགས་པའི་ལོ་ཡག
ཕྱྭ་གཡང་གཉིས་ཀ་འཁོར་བའི་གནས་མཆོག་འདི་ལ་ཕེབས་ཤོག །
ཡ་ལ་བསོ། ཡ་ལ་བསོ།
བཀྲ་ཤིས་ལོ་ལེགས་སྨིན་བྱུང་།།
གྲོ་ཁང་གསར་པ་བཟོས་ཡོད།།
གྲོ་ཁང་གསར་པའི་སྟེང་ན།།
གྲོ་ཡི་གཡུང་དྲུང་བྲིས་ཡོད།།
གཡུང་དྲུང་འགྱུར་བར་དོགས་ཏེ།།
གསེར་གྱི་དར་ཞིག་བཙུགས་ཡོད།།
མདའ་དར་རིན་ཆེན་སྣ་ལྔ།།
ཕྱྭ་དང་གཡང་ལ་ཁུག་ཤོག
2015-8-20ལྷ་སར།
ཞིང་ཆུ་གཏོང་གླུ
ཞིང་ཆུང་འདི་ལ་ཆུ་ཞིག་གཏོང་ཟེར་ན།།
སྐར་མ་སྨིན་དྲུག་ནམ་མཁར་ཤར་བ་འདྲ།།
ཞིང་ཆུང་འདི་ལ་ལུད་ཅིག་རྒྱག་ཟེར་ན།།
ཕོ་རོག་ནག་ཆུང་ཐང་ལ་བབས་པ་འདྲ།།
ཞིང་ཆུང་འདི་ལ་རྨོད་ཅིག་རྒྱག་ཟེར་ན།།
གཞོན་པའི་ཕུ་དུང་གཡས་ལ་གློད་པ་འདྲ།།
ཞིང་ཆུང་འདི་ལ་སོན་ཞིག་རྒྱག་ཟེར་ན།།
སྐྱ་ཀ་ཁྲ་མོ་ཐང་ལ་བབས་པ་འདྲ།།
དཔྱིད་གསུམ་དཔྱིད་ཀྱི་དཔྱིད་ཟླ་དང་པོ་ཤར་ཟེར་ན། །
དཔྱིད་ཡུར་རའི་ནང་གི་ཆུ་སྣ་ལས་འཛོམས་པ།།
ཆུ་སྣ་མི་གཅིག་བརྒྱད་ཅུ་ཡི་ནང་ནས།།
ཡར་རྒྱབ་གཙང་པོ་གསེར་སྲང་ལས་ལྷག་པ།།
ཡར་རྒྱབ་གཙང་པོ་དངུལ་སྲང་ལས་ལྷག་པ།།
སྟོན་གསུམ་སྟོན་གྱི་སྟོན་ཟླ་དང་པོ་ཤར་ཟེར་ན།།
སྟོན་གཡུ་ཁའི་ནང་གི་འབྲུ་སྣ་ལས་འཛོམས་པ།།
འབྲུ་སྣ་མི་གཅིག་བརྒྱད་ཅུ་ཡི་ནང་ནས།།
ཨོ་ལོའི་གྲོ་ནས་སྲན་གསུམ་གསེར་སྲང་ལས་ལྷག་པ།།
གྲོ་ནས་སྲན་གསུམ་དངུལ་སྲང་ལས་ལྷག་པ།།
2015-ལྷ་སར།
ལས་ཀྱིས་གྱེས་པའི་ཨ་ཇོ།
--ལས་ཀྱི་ཕུ་བོ་གསང་ལོ་ཐར་རམ་འབའ་སེང་སྨྱོན་འཇིག་རྟེན་མི་ཡུལ་དང་བྲལ་ནས་ལོ་འཁོར་དགུའི་ཐོན་རྗེས་དྲན་བཞིན་དྲན་བཞིན། སྐྱོ་བཞིན་སྐྱོ་བཞིན་འདི་ལྟ་བྲིས་སོ།།
དང་པོ།
སྡོང་ལོ་ས་རུ་ཟགས་པའི་སྟོན་མཇུག
ཨ་ཇོ་རྒྱང་ལ་ཆས་པའི་དུས་ཚིགས།
ཚེ་རབས་ལས་ཀྱི་ཨ་ཇོ།
མི་ཚེ་གཅིག་གི་དྲན་ཤིང་།
ལོ་མང་སྒུག་པའི་མཐའ་མར།
ང་དང་ལྷན་འཛོམས་མ་བྱུང་།
ལས་ཀྱིས་ཁ་ཁར་བཏང་བ།
མི་ཚེ་གཅིག་གི་གྱོང་རེད།
ཨོ། དྲན་པའི་སྨྲེང་བ་ཞོགས་པའི་སྐྱ་རེངས་བསྐུར་ཡོད།
སྡུག་གི་སུན་སྣང་མཚན་མོའི་སྐར་མདའ་བསྐུར་ཡོད།
ཨ་ཇོ།
དྲན་གདུང་སྙིང་ལ་ཟུག་ཡོད།
སྙིང་གི་རུས་པ་ཆག་ཐལ།
རེ་བ་མིག་ལ་ཤར་ཡོད།
མིག་ལ་ཆར་ཆུ་བབས་ཐལ།
གཉིས་པ།
ལས་ཀྱིས་བསྐོས་པའི་ཨ་ཇོ།
ཚེ་རབས་ལས་ཀྱི་སྔོན་མས།
སོ་སོར་གྱེས་པའི་སྡུག་བསྔལ།
སུས་ཀྱང་ཐེག་ཐུབ་མེད་དེ།
མི་ཚེ་མེ་ཏོག་རྐང་གཅིག
མེ་ཏོག་སད་ཀྱིས་ཁྱེར་སོང་།
ཚེ་འདིར་མཉམ་འདུག་མེད་པ།
མི་ཚེ་གཅིག་གི་སྡུག་རེད།
ཨོ།
ང་ཡི་སེམས་ཁམས་བསིལ་རླུང་འཇམ་པོར་བསྐུར་ཡོད།ང་ཡི་རྨི་ལམ་དྭངས་གཙང་ཆུ་ཕྲན་བསྐུར་ཡོད།
ཨ་ཇོ།
རེ་བ་ནམ་མཁའི་འཇའ་རེད།
འཇའ་ལ་འཛིན་ཐབས་མི་འདུག
རང་སེམས་འཁྱག་པ་རྡོ་རེད།
རྡོ་ལ་ཚོར་བ་མི་འདུག
2014-ལྷ་སར།