ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ། (སྙན་ཚོམ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1478156659606804.jpg 

ཕ་ཡུལ། (སྙན་ཚོམ)

རྒུ་རུ་བ་རྡོ།

 

སྤྲིན་པ་དང་སྤྲིན་པས་གཤོག་གདུགས་ཕུབ་པའི་ཕ་མཐའ་ཞིག་ན

རི་བོ་དང་རི་བོས་དཔུང་རྡང་བསྒྲིགས་པའི་ཕར་ངོགས་ཤིག་ན

གཙང་པོ་དང་གཙང་པོས་མགོ་རྔ་སྦྲེལ་བའི་ཕ་རོལ་ཅིག་ན

ངའི་ཕ་ཡུལ

གདོད་མའི་ཤུན་ལྤགས་བཀོག་ཅིང་ནང་སྙིང་བྲུས་པའི་རི་ཚོགས་ཀྱི་གསེབ་ན

ཁ་རོག་གེར་ནར་སོན་གྱིན་ཡོད

ཁུ་སུམ་མེར་རྒས་ཀྱིན་ཡོད

 

ང་ཕ་ཡུལ་དང་བྲལ་ཐེངས་རེར

ངའི་ཕ་ཡུལ་སུ་ཞིག་ལ་བྲེལ་ཤ་སློང་བའི་ཐོ་ཡོར་ཞིག་གམ

སུ་ཞིག་གིས་མིད་ལ་ཉེ་བའི་རྩམ་རྡོག་ཅིག་ལྟར

ང་ལ་ཞེན་ཆགས་མང་དུ་བྱིན

ཕྱི་མིག་དང་མཆི་མ་ཡང་ངང་གིས་བསླངས

 

ངའི་ཕ་ཡུལ   ངའི་སེམས་ཁོང་ནས་ནམ་ཡང་གླིང་དཀར་སྟོད་ཡིན

ངའི་ཕ་ཁྱིམ   ངའི་སེམས་ཁོང་ནས་ནམ་ཡང་སེང་འབྲུག་སྟག་རྩེ་ཡིན

ངའི་ཡུལ་མི   ངའི་སེམས་ཁོང་ནས་ནམ་ཡང་ལྡོང་སྤྱི་དཔོན་དང་དཔའ་རྒྱ་ཚ་ཡིན

སྲི་འབྲུག་མོ་དང་སྨན་ནེའུ་ཆུང་ཡིན

བུ་གཡུ་སྟག་དང་འབྲུག་རྒྱལ་ཡང་ཅི་ལ་མིན།

 


ཕ་ཡུལ་དྲན་པ།

 

དུས་བཞིའི་ཆར་རླུང་ཁྲོད་ཨུ་ཚུགས་ཀྱིས་འགྱིངས་ཤིང

ལོ་རྒྱུས་ཀྱི་ཆུ་ཀླུང་གིས་འཁུར་ལ་ཉེ་བའི་སེང་འབྲུག་སྟག་རྩེ་དྲན་བྱུང

གཡུ་སྦྲ་མཐིང་ཤོག་གོང་དགུ་ཡང་དྲན་བྱུང

གནག་ཕྱུགས་ཀྱི་ཕྱི་རྗེས་དང་ཕ་སྐད་མཉམ་དུ་སྲུང་ཞིང

ཞིང་ཚིགས་ཀྱི་རྣང་མ་དང་ཕ་ཡིག་དམ་དུ་འཛིན་པའི་ལྡོང་སྤྱི་དཔོན་དང་དཔའ་རྒྱ་ཚ་དྲན་བྱུང

འཕྱོར་སྒེག་དང་ཁྲེལ་གཞུང་གིས་ཕྱུག་ཅིང

བྱམས་བརྩེ་དང་དུང་སེམས་ཀྱིས་བརྒྱན་པའི་སྲུ་འབྲུག་མོ་དང་སྨན་ནེའུ་ཆུང་དྲན་བྱུང

ལང་ཚོ་དང་སྤོབས་པས་ཁྱོགས་ཤིང

ལ་རྒྱ་དང་ང་རྒྱལ་གྱིས་བརྟས་པའི་བུ་གཡུ་སྟག་དང་འབྲུག་རྒྱལ་ཡང་ཅི་ལ་མི་དྲན

 


ཕ་ཡུལ་གྱི་གསར་འགྱུར།

 

གོ་ཐོས་ལ

སེང་འབྲུག་སྟག་རྩེ་དང་གཡུ་སྦྲ་མཐིང་ཤོག་གོང་དགུར་ཙི་གུ་དང་ཨ་བྲས་ཚང་འཆའ་བཞིན་འདུག་ཟེར

གོ་ཐོས་ལ

ལྡོང་སྤྱི་དཔོན་དང་དཔའ་རྒྱ་ཚས་མང་དམེ་བྱེད་ཀྱིན་འདུག་ཟེར

གོ་ཐོས་ལ

སྲུ་འབྲུག་མོ་དང་སྨན་ནེའུ་ཆུང་ཧོར་ལ་མནའ་མར་བུད་སོང་ཟེར

གོ་ཐོས་ལ

བུ་གཡུ་སྟག་དང་འབྲུག་རྒྱལ་གྱིས་རྒྱ་ཡིག་ཁོ་ན་སློབ་ཀྱིན་འདུག་ཟེར

གོ་ཐོས་ལ་་་་་་

༢༠༠༩/༡༡/༢/ཉིན་རྨ་ཆུ་རུ།

ཟླ་ཟེར་དུ་བཀོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།