ཀྲུང་གོ་བོད་ཀྱི་དྲ་བ།

སྲོད་ཀྱི་ཁ་བ།(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྐང་རྗེན།

 

ནུབ་ཁའི་ཉི་ཟེར་གྱི་གཤོག་པ་མེ་ཏོག་བཞིན་འཐོར་ནས

གྲང་ཤུར་ཤུར་གྱི་རི་དང་ཆུ་བོར་འདྲེས

གནམ་སའི་མཚམས་འདིར

སྲོད་ཀྱི་ཉི་ཟེར་ཁོ་ནས་དགུན་གཞུང་འདི་ལ་ཙག་རླུང་མེད་པའི་བྱིས་སྒྲུང་ཡག་པོ་ཞིག་འབྲི་ཡི་འདུག

ང་རང་རྐང་རྗེན་དུ་འགྲེང་སྟེ

ས་གཞིའི་མགུལ་དུ་འཁྱིལ་བའི་ཁ་བའི་མེ་ཏོག་གི་འདབ་མ་རེ་རེ

ཡང་མོར་ཡར་སྒྲུག་ནས་རང་གི་ངོ་ལ་ཡང་ཡང་གླན་པ་ཡིན

 

འཐོབ་ཟིན་པ་དང་ཤོར་རྒྱུའི་དངོས་པོ་དག

ཁ་བ་བཞིན་ཞུ་དགོས་པ་དང་ཡང་ཤིན་ཏུ་འདྲ་སྟེ

ཁ་བ་བཞིན་མཛེས་པའི

འཕྲུལ་སྣང་ཡིན་འདྲའི་སེམས་འགྱུ་གང་མང་གི་གཤོག་པ

ནམ་ཞིག་གི་ཚེ

ཁ་བ་བཞིན་ས་ལ་འཐིམས་སྲིད

 

དགུན་ཁ་མང་པོ་ཞིག

ཁ་བའི་ཁྲོད་ཕར་བསྐྱལ་རྗེས

ལུས་སེམས་གཉིས་པོ་སེར་ཁ་བཞིན་གས་པའི་རྨ་ཁ

ཁ་བ་ཁོ་ནས་འགྲེལ་ཤེས

 

སྒེའུ་ཁུང་གི་ཤེལ་ངོ་ལ་བབས་པའི

མཛེས་མ་ཡིན་འདྲའི

མེ་ཏོག་ཡིན་འདྲའི

སྦྲང་མ་ཡིན་འདྲའི

བཅོས་མའི་སྣང་བ་བན་བུན

སེམས་པའི་ངོས་ལ་ཞོ་བཞིན་ཆགས་འོངས་དུས

ལྷབ་ལྷུབ་ཏུ་འབབ་པའི་ཕྱི་རོལ་གྱི་ཁ་བས

ཡིད་ལ་སིམས་པའི་རྐང་རྗེས་གང་མང་བསུབ་འོང

 

ཁ་བས

མང་པོ་ཞིག་ཁྲིད་འོང

ཡང་མང་པོ་ཞིག་དེད་འགྲོ

 


བཤད་མ་ཚར་བ་དག

རྐང་རྗེན།

 

དྲན་པའི་རི་མོ་དག་པར་སྒྲོམ་ལ་བཅུག་རྗེས

མིང་ནས་འཛིན་དཀའ་བའི་མེ་ཏོག་གི་ཡུ་བས་ཁ་མདུད་བྱས་ཏེ

དུས་ཚོད་ཀྱི་ཆག་རོ་དང་མཉམ་དུ

ཁྱོད་ཕྱོགས་ཀྱི་ནམ་མཁར་དཔྱངས་ཡོད

 

ནུབ་ཁའི་ནམ་མཁའ་ན་མེ་ཏོག་བཞིན་དམར་བའི་སྤྲིན་པ་ལེབ་མོ་དེ

ཁྱོད་ཡིན་པར་སྨོན

ཁྱོད་ཀྱི་བཞིན་རས་ཡིན་པར་སྨོན

 

ལོ་གཅིག ལོ་གཉིས ཡང་ན་ལོ་བཅུ་ཕྲག་རྗེས་ཀྱི་བཀྲ་ཤིས་པའི་ཞོགས་པ་ཞིག་ལ

ང་སྔ་མོ་ནས་ཡར་ལངས་ཏེ

པར་སྒྲོམ་ངོས་ལ༼བརྗེད༽པའི་རྟགས་སུ་བབས་པའི་སའི་རྡུལ་གྱི་བེམ་རོ་དག

གཅིག་རེ་གཅིག་རེར་བཏུས་ཏེ

ཁྱོད་ཕྱོགས་ལ་གཡུག་པའི་རླུང་གི་གཤོག་བར་ལ་བརྫངས་ངེས

དུས་ཚོད་དང་ཁ་ཐག་གིས་མནན་པའི་བརྩེ་བའི་རི་མོ་དག

ཕྱེ་ལེབ་ཆ་བཞིན

ཁྱོད་ཀྱི་སྔས་འགྲམ་ནས་ལྷོད་ཀྱིས་བབས་ཏེ་སེམས་ཀྱི་སྐྱེད་ཚལ་ལ་འཐིམས་པར་སྨོན

 

སྟོན་འཇུག་གི་ནམ་ཟླས

སྐྱེས་དངོས་གང་མང་གི་མཛེས་པ་བཅོམ་པར་རྩོམ

དེ་བཞིན་དུ

ངས་ནེམ་ཤིག་ཤིག་གི་སེམས་པའི་ཡལ་ཀའང

གྲ་སྒྲིག་གང་ཡང་མེད་པར་འཁྱག་པས་བསྡམས

 

རི་དང་ཆུ་བོས་བཅད་པ་དེར་ངས་ཁ་ཐག་ཟེར་གྱིན་མེད

སེམས་ཀྱི་མཐིལ་ལ་རི་དང་ཆུ་བོ་བབས་པ་ནི

རྒྱང་རིང་གི་རྒྱང་རིང་ངོ

 

ལོ་དང་ཟླ་བ་ནི་རྟ་མཆོག་ཅིག་གིས་དྲུད་སོང་བ་ནང་བཞིན

དགུན་ཁ་མང་པོ་མང་པོ་ཞིག་བརྒལ་རྗེས་ཀྱི་སྲོད་ཀ་ཞིག་ལ

ངས་པར་སྒྲོམ་ངོས་ཀྱི་དྲན་པ་ཐ་དག་གོས་སུ་གྱོན་ནས

དགུན་གཞུང་གཞན་ཞིག་ལ་སྒུག་ངེས

 

2015ལོའི་སྟོན་ཁར།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།