ཀྲུང་གོ་བོད་ཀྱི་དྲ་བ།

དྲན་པའི་ནང་གི་ལྷ་ས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཆི་མེད།

1477970517881997.jpg

ས་ལ་མ་རེག་ལུས་པོ་བར་སྣང་ནས་འཁོར་ཏེ།།
ལྕགས་ཀྱི་གཤོག་པ་བརྐྱངས་ནས་ལྷ་ས་ལ་འཕུར་ཡོང་།།
ལྷ་སའི་གནས་མོ་ཨ་ཇོ་སྟག་ཤར་གྱི་ཚོགས་ལ།།
བས་མཐའི་སེམས་རྩ་འཁོལ་བའི་མཇལ་ཁ་ཞིག་ཞུ་འདོད།།

ལྷུན་པོ་རྔམ་བརྗིད་ཅན་གྱི་པོ་ཏ་ལའི་རྩེ་མོར།།
མེས་པོའི་ང་རྒྱལ་འཁྱིལ་བའི་འཁྲུལ་སྣང་ཞིག་སྐྱེས་ཏེ།།
ལྷམ་མཐིལ་དལ་གྱིས་རྡོ་སྐས་སྔོན་མོའི་སྟེང་འཇོག་དུས།།
རང་ཉིད་ཀོང་ཇོ་ཡིན་པའི་རྨི་ལམ་ཞིག་བཏང་སོང་།།

ཀོང་ཇོས་སྐྲ་ལོ་དཔྱངས་ནས་རྡོ་སྐས་འདི་བརྒྱུད་དུས།།
བཙན་པོ་རལ་བ་བཤིག་སྟེ་གུས་གུས་ཀྱིས་བརྒྱུགས་ཡོང་།།
མགར་གྱིས་དགྱེ་དགྱེ་བྱེད་བཞིན་ཇ་སྟོན་ཞིག་དྲངས་ཚེ།།
ཀོང་ཇོས་འཛུམ་འཛུམ་ངང་ནས་མ་བཞེས་ཚུལ་མཛད་ཡོད།།

རྨི་ལམ་དེ་འདྲ་རྨིས་པའི་ང་རང་གི་ཡིད་སེམས།།
ལོ་ཆེན་སྤྱན་གྱིས་གཟིགས་སའི་སྒེའུ་ཁུང་འདི་བརྒྱུད་ནས།།
ཕྱི་རོལ་ཁ་བ་ཆགས་པའི་རི་རྩེ་དེར་བལྟས་ཏེ།།
འདས་དོན་ལོ་རྒྱུས་རིང་མོས་ཤུགས་རིང་ཞིག་ཤོར་སོང་།།

ལྕགས་སྡོང་རལ་བ་ཅན་གྱི་རི་བོ་འདི་ཉམ་ཐག།
སྣ་ཁུང་འཕྲུལ་གྱིས་ཕུག་པ་རླངས་འཁོར་གྱི་རྒྱུ་ལམ།།
མཆོད་རྟེན་རྩེ་མོར་འཁོར་བ་གློག་སྡོང་དང་ཤེལ་ཏོག།
མི་འཁྱར་སྣ་མང་འདུས་པས་སུན་སྣང་གིས་གཡོན་འདུག།

ཇོ་བོ་ལོ་ཀེ་ཤྭ་རར་གུས་ཕྱག་ཅིག་ཕུལ་ཏེ།།
སྣ་དགུ་སྡུག་ཡུས་ཕུལ་ནས་འཁང་ར་ཞིག་ཞུས་ཡོད།།
པུས་མོ་ས་ལ་འཛུགས་ས་ཁྱེད་རང་གི་དྲུང་ཡིན།།
བཙན་པོའི་མགོ་བོ་སྒུར་ས་ཁྱེད་རང་གི་དྲུང་ཡིན།།

ཁྱེད་རང་བཞེངས་ཏེ་བཞུགས་པའི་གཙང་ཁང་འདིའི་ཀླད་ནས།།
ཨ་ཅེ་རྒྱ་མོ་བརླ་ཐོག་བརླ་བཞག་གིས་འགྱིངས་ཏེ།།
ས་བཅོས་ཆུ་བརྟགས་བྱས་པའི་ཕྱག་ལས་ལ་བྲེལ་སྐབས།།
མ་འོངས་དེ་རིང་ཁྱེད་ཀྱིས་མི་གསུང་དོན་ཅི་ཡིན།།

རྒྱལ་བློན་གཉའ་བ་སྒུར་བཞིན་མཐའ་འདུལ་གྱི་ལྷ་ཁང་།།
བོད་ས་སྲིན་མོའི་སྙིང་དང་སྤྱི་གཙུག་ལ་བཞེངས་དུས།།
འཇོ་སྒེག་གཡེར་བག་ཅན་གྱི་རྒྱ་མོ་ཡི་འཛུམ་ལ།།
མ་ཆགས་ཡར་ལུང་དཔའ་བོ་སུ་ཞིག་རང་ཡོད་དམ།།

ཇོ་མོ་ས་རྩིས་མཁན་གྱི་ས་དཔྱད་དང་རྩིས་ཀྱིས།།
བོད་ཀྱི་ས་ལ་མཐའ་འདུལ་ཡང་འདུལ་རང་བྱས་འདུག།
དེ་ནས་བཟུང་སྟེ་ངོ་མ་བོད་ཡུལ་འདི་ཐུལ་སོང་།།
དཔའ་བོའི་དཔུང་རྒྱུན་དམ་པའི་ཆོས་རྒྱུན་ཡང་ལྷོད་སོང་།།

རི་མོ་བྲིས་མ་ཙམ་གྱི་གྱན་ཐང་རེ་བཤམས་ཏེ།།
སྔོན་དུས་བཙན་ཕྱུག་འཛོམས་ཞེས་གང་ནས་ཀྱང་བཤད་ཡོང་།།
རི་མོ་དེ་ལ་བལྟས་ན་རི་མོ་ཙམ་ཡིན་འདུག།
ཐ་ན་ལོ་རྒྱུས་བདེན་པའི་དཔང་རྟགས་ཀྱང་དཀའོ།།

ས་མཐའ་ཧྲིལ་གྱིས་སྒུལ་བའི་དཔའ་བོ་ཞིག་ཡོད་ན།།
གནམ་ས་སློག་པར་ནུས་པའི་མཛངས་མི་ཞིག་ཡོད་ན།།
བདེ་མོ་འཇོག་ལ་ཉེ་བའི་ཕོ་བྲང་དང་ཇོ་ཁང་།།
ཕྱི་ཐག་བསྲིང་བའི་ཞུ་བ་དུས་ཐོག་ལ་སྨིན་ཤོག།


རྡོ་ནག་བརྩེགས་མའི་རྡོ་རྐས་རྐང་འོག་ལ་ལྷུང་དུས།།
ཤིང་རྒན་གྲུ་བཞིའི་སྒེའུ་ཁུང་མིག་ལམ་ལ་བརྒྱུད་དུས།།
ཕོ་བྲང་རྩེ་ནས་ཕྱོགས་མཐའི་རི་ལྗོངས་ལ་ལྟ་དུས།།
ཚོར་བ་འཁྲིགས་ཏེ་བྲང་ཁ་ལག་ཟུང་གིས་གནོན་དུས།།

བཞུད་པའི་ལོ་ཟླ་དཔའ་བོའི་གད་རྒྱངས་དེ་དྲན་ཡོང་།།
ཆེན་པོའི་རང་རློམ་མེས་པོའི་ཞལ་གདམས་ཀྱང་དྲན་ཡོང་།།
སྲོག་གིས་བརྗེས་པའི་བཙན་པོའི་ས་ཁྱོན་ཡོངས་དྲན་ལ།།
སྨག་ཆེན་སྒྲོན་མེ་བསམ་ཡས་ལོ་ཆེན་རྣམས་དྲན་ཡོང་།།

དྲན་པའི་རྨི་ལམ་གཙང་བོའི་མཆོངས་རྔམ་དང་འགྲོགས་ཏེ།།
གང་གཱའི་ངོགས་སུ་བསྐྱིལ་བའི་སྣང་བ་འདིས་བསླུས་ཏེ།།
དར་ཅིག་ཕོ་བྲང་རྩེ་ནས་དབང་མེད་དུ་ཧད་ན།།
སེམས་ཁོང་གྲང་བའི་ནོངས་འགྱོད་འཕར་མ་ཞིག་འཕེལ་འོང་།།

ང་ལ་ཅི་ཡོད་ཨ་ཇོ་གནས་མོ་ལགས་མཁྱེན་ནོ།།
མི་སེམས་རྨས་མ་གསོ་བའི་གསོས་སྨན་ཞིག་གནང་རོགས།།
སེམས་ཀྱི་མེ་ལོང་འདི་ལ་རྡུལ་ཕྱིས་ཤིག་མཛོད་ཀྱེ།།
ཡོད་ཚད་དྲན་པར་ཉར་ནས་གསོལ་བ་ཞིག་བཏབ་ཡོད།།

 


༢༠༡༦. ༩. ༢༧ ཉིན་དབུས་སུ་བྲིས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།