ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་ཀ་ནས་ཡིད་ལ་ཤར་ཚུལ།(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྡོང་ལུག་རྫི།


ཚ་རྨུགས་འཐིབ་ཆེ་བའམ་ཡང་ན་ས་བབ་དམའ་དྲགས་པས་སམ

ཕྱི་ཤུན་མེད་པའི་ལུས་པོ་ཧྲང་ཧྲང་ལྟ་བུའི་རི་སྒང་དག་ལ

ས་རྡུལ་ཙམ་ཡང་འཁོར་གྱི་མེད་པར

སླེབས་སྔ་བའི་དཔྱིད་ཀ་ལ་ཚུགས་པ་ཟ་བཞིན

བཞུད་འཕྱི་བའི་སྟོན་ལྗོངས་ལ་སེམས་ངལ་བསགས་ཏེ

རི་ཚོགས་ཀྱི་མགོ་སྐོག་སྐམ་པོར་གྱུར་ནས་མིག་ཆུ་མི་འདུག

 

གནམ་འོག་གི་རྨ་ཆུ་ལུ་མ

ཁྲི་ཀའི་ཡུལ་ནས་དྭངས་ཚུལ་དེར་ངས་ཉན་དོན་མེད་ལ

ཁ་རླངས་ཀྱིས་མནོལ་བའི་གནས་སྐྱོང་གང་དེ

འཛམ་གླིང་གི་ཟིན་ཐོར་བཀོད་པའང་ཁྱོད་ལ་མ་བབས་སོ

གང་ལྟར   སྒྱིད་པ་འདར་སུག་སུག་ངང

ཚོ་ནག་སྐྱ་བ་གང་བུད་པའི་ཁྲག་ཤེད་མཐོ་བའི་སེམས་ཅན་དེས

ཕ་ས་བོར་བའི་མཐའ་མཇུག་གི་ཁ་ཆེམས་འཇོག་སའི་ནང་ཚང་གཡར་མ་དེའོ

 

ཆམ་པ་ངོ་རྒྱུག་ལྟ་བུ་དེས་ཡར་དེད་པའི

སྲིན་པོ་རྫ་ཁའི་ཁ་བ་དེ

སྣ་སྦྲིད་ཀྱིས་སྤུར་བ་འདྲ་བའི་རི་ཁའི་དར་ལྕོག་དེ

ཨ་མཆོད་ཀྱིས་འདོན་འཕྲོར་ལུས་པའི་རིམ་གྲོ་ལྟར

སྔར་བཞིན་གླེགས་བམ་ཀྱིག་གེར

གདོང་དར་ཤམ་མེར

ནད་ཡམས་ཤིག་གི་ཁ་གཅོད་དུ་མངོན་ཆུང་གིས་སྣང

 

ཁ་མི་འཆམ་པའི་བ་གླང་འགའ

ངག་མི་འཕྲོད་པའི་རྫི་བོ་དེས

གནའ་སྔ་མོའི་ཚོང་ལམ་རིང་མོར་ཐོགས་པའི

ཁྲི་ཀའི་ཀཱེ་ཤང་དུ་སྒྱིད་ལུག་གིས་འདེད་ཀྱིན་འདུག

 

རྩིག་པ་མཐོ་བའི་དོ་ནུབ་ཀྱི་ཐོག་སོ་འདིའི་མིག་ལྕིབས་འོག་ནས

ཐད་ཀྱིས་བལྟས་ན་ཇོ་ཁང་གི་རྒྱ་ཕིབས་མངོན་ཡོང

སེར་ལྷམ་མེར

གྱེན་ཏུ་ཅེར་ན་རྫ་ཁ་རིའི་གངས་བརྒྱུད་མཐོང་ཡོང

དཀར་བང་ངེར

ཐུར་ཏུ་རྔུབ་ན་སིལ་དཔའ་ཆེན་གྱི་དྲི་མ་ཚོར་འོང

ཞིམ་ཤ་ཤར

གཡས་གཡོན་སྔ་གཞུག་ད་རུང་ལུས་ཡོད

སྙན་ངག་འདིས་འཁྱོངས་ཐབས་ཡོང་གི་མ་རེད


2016ལོའི་སྟོན་ཁར་ཁྲི་ཀ་ནས་སྦྱར་རོ།


སྟོན་ནམ་རིང་མོ།

ལྡོང་ལུག་རྫི།


ཚེས་བཅོ་ལྔས་དྲུད་ཡོང་བའི་ཟླ་བ་གོར་གོར

ཟླ་བར་འབྱར་ཡོང་བའི་སྟོན་ནམ་རིང་མོ་འདི

དུས་ཆད་ལྟར་ཕེབས་འབྱོར་གནང་བའི

ཕྱི་ཐག་ཅན་གྱི་མཛའ་མོ་བཞིན

དོ་ནུབ་ཀྱི་ཆེས་དཀར་ཆ་གསལ་ས་འདིར

ཡང་ན་རུམ་ཁོང་གི་དྲོད་སའི་བྲང་གཞུང་དུ

སྙིང་ཆུང་གཉིས་ཀྱི་འཕར་ལྡིང་ལྟར་སྙོམས་པ་འདི

མུན་ནག་གི་ཁུད་དུ་གཅིད་པའི

བཤིག་ཐབས་མེད་པའི་ཕྱག་མདུད་བྱིན་རླབས་ཅན་དེའོ

 

རྣ་བར་ལོབས་པའི་ནམ་གུང་གི་ཁྱི་སྐད་འདི

ལན་རེར་རྒྱང་རིང་ནས་ཟུག་འོངས་ལ

སྐབས་རེར་ཉེ་ས་ནས་ཟུག་འོངས་འདྲའི

ལྷིང་འཇགས་བཅོམ་ཚར་བའི་སྒྲ་དབྱངས་འདིས

ས་ཁི་སའི་རོལ་དབྱངས་ཉལ་སར་འཕངས་ཟིན

མ་གཞི་ཁྱེད་ཀྱི་སྔུར་བ་ཕྲ་མོས

ངའི་སྙིང་ཆུང་ཁར་ལག་པ་བཞག་པས་ཡིན

 

འོད་ཀྱི་རྣ་ལོང་བཏགས་པའི་ཟླ་བ

རྒྱུ་སྐར་གཡོག་ཏུ་ཁྲིད་པའི་མཚན་མོ

འདས་དོན་གསོས་སུ་སྨིན་པའི་དྲན་པ

བསམ་ནག་ཁྱེད་ཚོས་གཉིད་དུ་མ་བཅུག་པའི་ཉེས་པ

ངས་ནམ་ལངས་ཀྱི་འགོ་མར་ཞུ་གཏུག་བྱ་དུས

འོས་འཚམ་གྱི་ཁྲིམས་ཆད་ཉོས་ན་སྡུག་གྱོང་ཡིན

 

ཟླ་བས་མཚན་མོ་འགམ

རྩམ་སྐྱ་ལྟར

མཚན་མོས་དྲན་པ་ལྡེག

སོ་མ་བཙས་པའི་ལུག་རྟིང་བཞིན

དྲན་པས་ཁྱེད་ཀྱི་མིང་བྱང་ཟློས

ཁ་བཏོན་ལྟར

 

སྟོན་ནམ་ཨ་་་་་་་

སྟོན་ནམ་རིང་མོ

ནམ་རིང་ན་རྨི་ལམ་མང་བ་ཇིས་མི་བདེན་ནམ

ངས་མཚན་གང་བོར་གཉིད་མ་ཁུག་པར་སྙན་ངག་བྲིས་ཚེ

སྨྱུག་ཆུ་འཛད་རེག་བར་ཏུ་ཤོག་བུའི་འདང་ཚོད་མ་རེད

ངས་ངོ་གདོང་ལག་པས་བཀབ་ཏེ་མིག་ཆུ་ཕུད་ཚེ

སྔས་འབོལ་བརླན་རེག་བར་ཏུ་སྟོན་ནམ་འདི་ལངས་ཐབས་མི་འདུག

ངས་དྲན་པ་ངག་ལ་དྲངས་ཏེ་སྨྲེང་གླུ་ཞིག་བླངས་ཚེ

ཆུང་མའི་ཐོས་རེག་བར་ཏུ་བུ་ཆུང་གིས་གཉིད་ལངས་རྒྱག་སྲིད

ངས་སྙིང་ལ་བྲེད་ཤ་ལངས་པའི་ཀི་རིང་ཞིག་བཏབ་ཚེ

ཁྱིམ་མཚེས་ཚང་གི་རྨི་ལམ་དཀྲོགས་འཇོག

 

སྟོན་ནམ་འདི་ལྟར་རིང་དྲགས་ན

ཁྱོད་ནི་དེའི་ལན་ཏུ་འབུས་པའི་ལན་ཆགས་ཀྱི་ལོ་མ་དེའོ


2016ལོའི་ཟླ10ཚེས17གྱི་ནམ་སྟོད་དུ་ཁྲི་ཀ་ནས་སྦྱར་བ་དགེའོ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།