ཀྲུང་གོ་བོད་ཀྱི་དྲ་བ།

​ཨ་ཅེ། འཕུར་ལམ་བདེ་བར་སྨོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

— ཟི་ལིང་གནམ་ཐང་དུ་བྲིས།

 འབྲུག་ལྗང་།

2221.jpg

ཨ་ཅེ།  འཕུར་ལམ་བདེ་བར་སྨོན།

འཁྲེང་ཞེན་དང་མིག་ཆུ་མི་འཕྱོ་བར་བདེ་མོ་བཞུད་དང་།

ཨ་སྔོན་དང་ཉི་ཟླ།  སྐར་ཚོགས་དང་སྤྲིན་པ་དཀར་པོས།

མི་མངོན་པའི་དབྱིངས་རིམ་ནས།

མཁའ་ལམ་དཀར་པོའི་སྡོངས་གྲོགས་བསྩལ་འོངས།

 

ཨ་ཕའི་འདར་སིག་སིག་གི་ལག་འཇུ་དང་།

ཨ་མའི་གཉོམ་དུང་དུང་གི་མིག་ཆུ།

ནང་མི་སྤུན་མཆེད་ཚོའི་ལག་བརྡ་དེ་ཚོ།

ཨ་ཅེ་རྒྱང་བཞུད་ལམ་གྱི་བྲོ་ཁ་དང་།

སྐྱབས་འཇུག་སྨོན་ལམ་ཡིན་སོང་།

ཨ་ཅེ།  འཕུར་ལམ་བདེ་བར་སྨོན།

ཨ་ཕས།  ཏག་ཏག་ཁྱེད་ཀྱི་ཕེབས་འབྱོར་མིག་གིས་འཚོས་ཡོད།

ཨ་མས།  ད་དུང་ཁྱེད་ཀྱི་རྡོག་ཐོན་སེམས་པས་མཉན་ཡོད།

 

ཕ་ཡུལ་གྱི་བྲང་གཞུང་ནས་རྒྱང་དུ་ཆས་པའི་ཨ་ཅེ།

རི་བོ་ཧི་མ་ལ་ཡ་རྡོག་པས་མནན་མྱོང་བའི་ཨ་ཅེ།

ཆུ་མོ་ཡར་ཀླུང་གཙང་པོར་དྲོད་ཀྱིས་བརླན་མྱོང་བའི་ཨ་ཅེ།

ཡོད་ཚད་སྐད་ཅིག་སྐད་ཅིག་ངང་འཇིག་སོང་སྙམ་པའི་གྱེས་ཁ་མར།

ཟི་ལིང་གནམ་ཐང་ནི།  ཆེད་དུ་ང་ལ་བསྐྲུན་པའི་གཤིན་རྗེའི་བཙོན་ར་དེ་ཡིན་སོང་།

མི་ཚོགས་ཀྱི་རླབས་རྒྱུན་ཁྲོད་སྣང་བ་ནི།

ང་ཚོའི་མི་ཚེ་ནི་གྱེས་བྲལ་ཁོ་ནའི་ངང་ཟད་འགྲོ་བ་དེ་རེད།

ཁྱོད་སོང་རྗེས།  ངས་ནི།

ཁྱེད་ཀྱི་སྒམ་བརླིང་གི་བློ་རྒྱ་ཁོ་ན་སྒོམ་པས་ཆོག

དད་བརྩོན་བློ་སྤོབས་མངའ་བའི་ཨ་ཅེ།

རང་གཅེས་སྒེར་སེམས་བོར་བའི་ཨ་ཅེ།

གཞན་ཕན་གཏོང་ཕོད་ནུས་པའི་ཉིད་ཀྱི་ཕྱག་ཟུང་གིས།

གཅུང་ཆུང་ངའི་དོན་ལྔ་སྣོད་དྲུག་གཙང་བཀྲུས་ཡང་དག་བགྱིས།

 

ཨ་ཅེ།  འཕུར་ལམ་བདེ་བར་སྨོན།

ཁ་བཏགས་འདི་ཁྱེད་ལ་ཕུལ་དོན།

ང་ཚོ་སླར་ཡང་མཇལ་འཛོམས་ཀྱི་གཡང་རྟེན་ཡིན།

མིག་ཆུ་འདི་ཤག་ཤག་བཞུར་དོན།

ད་དུང་བརྗོད་འཕྲོར་ལུས་པའི་སྙིང་གཏམ་ཡོད་པའི་ཕྱིར་རོ།

 

ཁུ་བྱུག་དང་ཁྲུང་ཁྲུང་གི་བསྟར་ཕྲེང་།

ལྷོ་ལམ་བསྒྱུར་བའི་སྟོན་ལྗོངས་དེར།

ངའི་ཨ་ཅེ་ཨ་སྔོན་གྱི་དགུ་ཚིགས་བརྒལ་གྱིན་གདའ།

རྒས་བཞིན་པའི་གངས་རི་དང་རྩྭ་ཐང་།

མཚོ་མོ་རེ་རེ་དྲན་པའི་རྟེན་དུ་ཉར་ཏེ།

རྒྱ་མཚོའི་ཕ་རོལ་ཕྱོགས་སུ་ཐོལ་གྱིས་བཞུད།

 

ཨ་ཅེ།  འཕུར་ལམ་བདེ་བར་སྨོན།

རེ་སྨོན་དང་གསོལ་འདེབས་གྲངས་མེད་ཟློ་བཞིན།

ལམ་འཇུག་དང་སྐྱེལ་མ་སྙིང་ནས་ཡང་ཡང་ཞུ།

མཁའ་ལམ་དཀར་པོས།

ཐག་རིང་འཕུར་སྐྱོད་ཀྱི་བཞུད་ལམ་རིང་མོར།

བཀྲ་ཤིས་སྡོང་གྲོགས་སྩོལ་རོགས།

ཨ་ཅེ།  སངས་ཞོགས་ཕ་ཡུལ་ལུང་པར།

ལོ་ལེགས་སྐལ་བ་བྱུང་དུས།

གཞིས་བྱེས་འཛོམས་པ་ཡག་མོའི་གཡང་ཁྱིམ་དུ།

ཆང་གཞས་སྙན་མོའི་བདེ་བ་ཅི་དགར་རོལ་འདོད་ཨང་།

 

ཨ་ཅེ།  འཕུར་ལམ་བདེ་བར་སྨོན།

2016ལོའི་ཟླ10པའི་ཚེས17ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།