ཀྲུང་གོ་བོད་ཀྱི་དྲ་བ།

ཕྱིར་འཁོར་ནས་སྡེ་ལ་བལྟ་དུས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཀར་ལུང་པདྨ་རྡོ་རྗེ།


1

ཞོགས་པའི་ཉི་ཟེར་ལ་བརྒྱུས་པའི་འགྲུལ་བཞུད་ཁྲོད་ནས

ཕྱིར་འཁོར་ནས་སྡེ་ལ་བལྟ་དུས

སྨུག་རླངས་ཀྱིས་བཏིམས་པའི་རི་གྲོང་དེ

གཉིད་ལ་ཡུར་བའི་ས་ཆེན་གྱི་གཤོག་པ་ཇི་བཞིན

 

ཡང་ན  ངས་ལྷག་བསམ་གྱིས་བཞེངས་པའི་ཕོ་བྲང་དང

ངས་རྟོག་བཏགས་ལ་དྲངས་པའི་ལྷ་སྒྲུང་གི་རྣམ་ཤེས་གསོན་པོའང  དེ་རུ་ལུས་ཡོང་ངེས

2

ཉིན་གུང་གི་ཚ་ཟེར་ལ་གཞོལ་བའི་ངལ་གསོའི་ཁྲོད་ནས

ཕྱིར་འཁོར་ནས་སྡེ་ལ་བལྟ་དུས

ཚ་ཟེར་གྱིས་འཇོམས་པའི་རི་གྲོང་དེ

མེ་འོབས་ཀྱི་དོང་དུ་ལྷུང་བའི་གྲོག་མ་ཇི་བཞིན

 

ཡང་ན  ངས་བརྩེ་བར་དྲངས་པའི་སེམས་ཀྱི་ན་ཟུག་དང

ངས་སེམས་པར་བརྒྱུས་པའི་སྙིང་གཏམ་མང་བོ་ཞིག་ཀྱང   དེ་རུ་ལུས་ཡོད་ངེས

3

མཚན་མོའི་སྨག་རུམ་ལ་བཅོལ་བའི་དུང་ཟླའི་འོད་སྣང་ཁྲོད

ཕྱིར་འཁོར་ནས་སྡེ་ལ་བལྟ་དུས

སེམས་ཀྱི་རི་གྲོང་དེ་ཇི་ལྟ་བུ་ཞིག་དང

 

ཡང་ན   ངའི་སེམས་ཀྱི་ཞེན་ཆགས་གང་ཞིག་དང་བརྩེ་བ་ཅི་ཞིག   

ད་དུང་དེ་རུ་ལུས་ཡོད་དམ

                                        2015ལོའི་ཟླ11པའི་ཚེས15ཉིན།

《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད།


རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།