ཀྲུང་གོ་བོད་ཀྱི་དྲ་བ།

ཆུང་མ་བྱེད་སྲིད་པའི་བུ་མོ་དེར་བྲིས་པའི་སྙན་ངག་ཅིག(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བོང་སྟག་རི་ལུ།​   སྤེལ་དུས། : 2016-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོང་སྟག་རི་ལུ།


ཁྱེད་ནི་ཚེ་གཅིག་ཆུང་མ་བྱེད་འདོད་ཡོད་ན།།

གནམ་ལོ་གསར་བར་གཉེན་གྱི་ཆོ་ག་སྒྲིག་ཆོག །

གཉེན་དང་རྟགས་སོགས་གང་ཡང་མ་བརྒྱབ་གོང་ལ།།

ང་ལ་སྙིང་གི་ཚིག་གསུམ་ཞུ་རྒྱུ་འདུག་གོ །

མི་ཚེ་འདི་ཡི་ཕོ་ལོ་སོ་དྲུག་ཅེས་པ།།

རིང་རྒྱུ་ཐུང་རྒྱུ་མེད་ཀྱང་རང་དགར་བུད་སོང་།།

གཉེན་གྱི་ཆོ་ག་མི་སྤེལ་མི་རྐྱང་བྱེད་དོན།།

རང་ལ་དབང་བའི་འཚོ་བ་རོལ་དོན་ཡིན་ནོ།།

1

སྙན་ངག་བྲིས་ནས་སྙན་པ་ཆེན་པོ་མེད་ཀྱང་།།

སྙན་ངག་ཅེས་པ་སྙིང་གི་ཚི་ལུ་ཡིན་ཏེ།།

ཆུང་ནས་བྲིས་པའི་རང་གི་སྙན་ངག་རེ་རེར༎

ཤ་ལས་ཆད་པའི་བུ་ཡི་འདང་རྩིས་ཡོད་ལ།།

འདྲ་མིན་བརྩེ་དུང་སྣ་ཚོགས་རྗེས་མར་བྲིས་ན།།

ཚོར་བ་རྒྱ་ཡན་གཏོང་ཀོ་རེ་བ་གཅིག་ཡིན།།

2

ལོ་ངོ་མང་པོར་མི་རྐྱང་འཚོ་བར་རོལ་བས།།

རང་དབང་འཚོ་བ་དེ་ལ་རིང་ཙམ་གོམས་ཡོད།།

ལན་རེར་གྲོགས་དང་གྲོགས་མོ་ལྷན་འཛོམས་བྱས་ནས།།

སྐྱ་གཏོང་མགོ་སྟོང་བྱེད་པ་ཡོད་ཀྱང་སྲིད་པས།།

དེ་ལ་མ་འགྲིག་ལེ་བདའི་སྐད་ཆ་སྣ་ཚོགས།།

དུས་རྒྱུན་རྣ་ལ་མ་སྐྱེལ་རེ་བ་གཉིས་ཡིན།།

3

ཁྱེད་དང་འུ་གཉིས་སུ་དང་སུ་ལ་མཚོན་ན།།

འགྲོ་བ་མི་ཡི་ཐོབ་ཐང་འདྲ་མཉམ་ཡིན་ལ།།

མི་ཚེ་རིང་མོ་འདི་ལ་རང་གཉིས་མ་གཏོགས།

དགའ་ས་དུངས་ས་གཞན་ཡང་ཡོད་ཀྱང་སྲིད་པས།།

ལན་རེར་གཞན་ལ་བརྡ་འཕྲིན་བསྐུར་ཙམ་མཐོང་ན།།

མིག་ཡས་ཞ་ར་བྱེད་དགོས་རེ་བ་གསུམ་ཡིན།།

4

བུ་དང་བུ་མོ་གང་ཡིན་ཁྱད་པར་མེད་དེ།།  

རྗེས་མར་ཤ་ལས་ཆད་པའི་བུ་ཕྲུག་དེ་ག །

བོད་ཡིག་བོད་སྐད་ཤེས་པའི་རྨང་གཞིའི་སྟེང་ནས།།

བོད་ཀྱི་རིག་གནས་སོགས་ལ་མཁས་ན་ཆོག་པས།

ལས་བྱེད་དགོས་ཅེས་བུ་ལོན་ཆད་པ་ལྟར་དུ།།

ས་ལྡིང་གནམ་ལྡིང་མ་བྱེད་རེ་བ་བཞི་ཡིན།།

5

ཕ་ས་ཇི་འདྲའི་ཆུང་ཞིང་ཆུང་བར་ཡོད་ན།།

མི་ཡི་ཁོག་རྒྱ་དེ་འདྲའི་དོག་ཅིང་དོག་ལ།།

བཤད་རྒྱུ་གླེང་རྒྱུ་སྣ་ཚོགས་དེ་བཞིན་མོད་པས།།

ཨ་ཨ་ཨོ་ཨོའི་མྱི་ཁ་གང་རུང་འཁོར་ན།།

དེ་ལ་རློམ་སྟེ་དེ་ནི་ཇེ་ཆེར་བཏང་སྟེ།

དབྱེན་དང་ཕྲ་མ་མ་ཉན་རེ་བ་ལྔ་ཡིན།།     


ང་རང་དགའ་སའི་ནམ་ཟླ།


ང་ནི་འབྲོག་ནས་ཐོན་པའི་བུ་ཡིན་ཏེ།།

དུས་ཀྱི་ནམ་ཟླ་འཁྱག་པོར་དགའ་བོ་ཡོད།།

ལན་རེར་ལྷགས་རླུང་དྲག་ཏུ་ལྡང་བ་ཡིས།།

རླུང་བུས་བྱང་སྒྲ་བཏབ་ན་ལྷག་ཏུ་དགའ།།

 

ང་ནི་འབྲོག་ནས་ཐོན་པའི་བུ་ཡིན་ཏེ།། 

དུས་ཀྱི་ནམ་ཟླ་འཁྱག་པོར་དགའ་བོ་ཡོད།།

མཚམས་རེར་ཆར་བ་དྲག་ཏུ་བབས་པ་ཡིས།།

ཕྱི་ནང་ཆར་གྱིས་བརླན་ན་ལྷག་ཏུ་དགའ།།

 

ང་ནི་འབྲོག་ནས་ཐོན་པའི་བུ་ཡིན་ཏེ།།

དུས་ཀྱི་ནམ་ཟླ་འཁྱག་པོར་དགའ་བོ་ཡོད།།

ལན་རེར་ཁ་བ་ལྷབ་ལྷུབ་འབབ་དུས་སུ།།

ཝུ་ཆང་ཁམ་རེ་ཁམ་རེ་འཐུང་བར་དགའ།།

 

རླུང་བུ་ཡིན་ན་བྱང་སྒྲ་གྲགས་ན་དགའ།།

ཆར་བ་ཡིན་ན་དྲག་ཏུ་བབས་ན་དགའ།།

ཁ་བ་ཡིན་ན་མཚམས་མེད་བབས་ན་དགའ།། 

ཝུ་ཆང་འཐུང་ན་རབ་ཏུ་བཟི་ན་དགའ།།


རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།