---- ལྷོ་བྲག་ཏུ་གནས་གཟིགས་ལ་ཕྱིན་པའི་མཐོང་ཐོས།
ལྷོ་སྨྱོན་བློ་བཟང་དོན་གྲུབ།
ལྷ་ས་ནས་ཐོན་པ།
གྲོང་ཁྱེར་ནས་ཐོན་དུས་སེམས་པ་དགའ་ཡོང་།
གྲོང་ཁྱེར་གྱི་འདུ་འཛིས་སུན་པ་ཡིན་ཤས་ཆེ།
དགའ་ལྷང་ལྷང་གིས་ཐོན་ཙ་ན།
ལམ་བར་གྱི་ངལ་ནུབ་ལ་ཇི་མི་སྙམ།
མོ་ཊའི་ནང་མགོ་ཡུར་འཁོར་རུང་ཞུམ་པ་ཅི།
སྐྱུག་པ་སྐྱུག་གིན་སྐྱུག་གིན་དུ།
གྱ་གྱུའི་ལམ་འཕྲང་བརྒལ་དུས།
དྲན་ལམ་ཞིག་ལ་རྟ་དྲེལ་གྱི་ཨེར་ཁའི་སྒྲ་གོ་ཡོང་།
སྙིང་དམར་པོའི་རུམ་ན་མེས་པོ་དྲན་ཡོང་།
མོ་ཊ་བཀག་ནས་ཕར་ཕྱོགས་ཀྱི་གངས་རིར་ལྟ་དུས།
ཁ་སང་གི་ལོ་རྒྱུས་མང་པོ་མེ་ལོང་བཞིན་འཆར་ཡོང་།
གྲམ་ཐང་དེར་ཚ་ཕོགས་བརྒྱག་དུས།
ཇ་ཐང་སྤགས་རྐྱང་གི་ལོངས་སྤྱོད་ཁྲོད་ནས།
བྱིས་དུས་ཀྱི་དགོད་སྒྲ་ཐོས་མཁན་ང་གཅིག་པུ་ཨེ་ཡིན།
རབ་རིབ་ཀྱི་དྲན་སྣང་།
སྨུག་སྤྲིན་ཀློང་དུ་འགྱིང་བའི་མཁར་ཆུ་དགོན་དུ་འབྱོར་ཙ་ན།
བརྡབ་གསིགས་ཐེབས་པའི་ལོ་རྒྱུས་ཀྱི་བར་གསེང་ནས།
ཤུལ་དུ་ལུས་པའི་མེས་པོའི་ཤེས་རིག་གི་སྙིང་བཅུད་མཐོང་།
བྲག་བཙན་པོའི་ཁྲོད་དུ་ཆགས་པའི་སྒྲུབ་ཁང་རེ་རེ།
གཡང་གཟར་པོའི་ཟུར་དུ་བསྐྲུན་པའི་སྐོར་ལམ་རེ་རེ།
ཤིང་ནགས་དང་བྱ་བྱིའུ་ཡི་སྐད་སྙན་ཁྲོད་དུ་བརྗིད་ཆགས་སེ།
རྡོ་བརྡོས་རེ་རེར་གཏམ་རྒྱུད་རེ་འཐིམས་ཤིང་།
གཏམ་རྒྱུད་རེ་རེར་ངོ་མཚར་གྱི་སྙིང་པོ་རེ་མཆིས།
སྔོན་གྱི་གནམ་མཁའི་སྙིང་པོས་ཉི་ཟེར་ལ་ཆིབས་རུང་།
དེང་གི་གནམ་མཁའི་སྙིང་པོ་གཡག་བརྒྱབ་ཀྱིས་མི་ཐེག་ཅེས་པའི་གཏམ་དཔེ་མཚར་པོ་ཞིག
ཁ་ལོ་བ་ཚེ་རིང་ནོར་བུའི་ངག་ལས་ཐོས།
དཀོན་མཆོག་མཁྱེན། ཉི་ཟེར་ལ་ཆིབས་པའི་གནམ་མཁའི་སྙིང་པོས།
བདག་ཅག་ཚོར་སང་ཉིན་གྱི་ལམ་སྣེ་བསྟན་རོགས།
སྲས་མཁར་མདུན་གྱི་རྒྱུག་ཆུ།
རྗེ་མི་ལས་བཞེངས་པའི་སྲས་མཁར་དགུ་ཐོག
རྒྱུག་ཆུ་ཞིག་གི་འགྲམ་དུ་ཆགས་པས།
སྲས་མཁར་གྱི་རྩེ་མོར་འཛེགས་ཙ་ན།
རྒྱུག་ཆུའི་ཤང་ཤང་གི་སྐད་སྒྲ་བར་མེད་དུ་ཐོས་ཡོང་།
ཆུ་མོ་ཤང་ཤང་དུ་རྒྱུག་ཤུལ་དུ།
ཕ་བོང་རྒྱབ་ཏུ་འཁུར་བའི་ཐོས་པ་དགའ་དྲན་ཡོང་།
རྡོ་རྗེ་དཀྱིལ་ཀྲུང་ལ་ཞུགས་པའི་མི་ལ་རས་པ་དྲན་ཡོང་།
དཀའ་བའི་ལས་བྱས་ན། ཞིམ་པའི་འབྲས་བུ་སྨིན་པའི་གནས་ལུགས་རྟོགས་ཡོང་།
ཆུ་མོ་ཤང་ཤང་དུ་རྒྱུག་ཤུལ་དུ།
སྙིང་གཏམ་མཁའ་འགྲོའི་ཁ་རླངས་འཐུལ་ལེ་བ་ཞིག
སྲས་ཀྱི་བུ་མོའི་ངག་ལས་ཐོས་ཐུབ་བམ།
འབྲུག་པོའི་གཞས་ལ་དགའ་བའི་སྲས་ཀྱི་བུ་མོའི་ནང་།
བུ་མོ་མཛེས་སེ་བཞིན་ཕྱི་ཐག་རིང་བ་ཞིག་ཨེ་ཡོད།
ཚོང་ལས་ལ་མཁས་པའི་སྲས་ཀྱི་ཕོ་གཞོན་ནང་།
མི་ལ་རས་པ་བཞིན་སྙིང་རུས་ཅན་ཞིག་ཨེ་ཡོད།
གྲོ་བ་ལུང་གི་ཚེ་ལུག་མཐོང་དུས།
ལྷོ་བ་གྲོ་བ་ལུང་དེ་རི་འདབས་སུ་ཆགས་ཡོད།
ཚང་ཚིང་ནགས་ཀྱི་འདབས་སུ་ལྷུན་ནེར་ཆགས་ཡོད།
བྱིན་རླབས་ཀྱི་ངད་འཕྲོ་བའི་སྒྲུབ་ཆུ་མང་ལ།
དད་ལྡན་ཡི་གར་འོང་བའི་སྒྲུབ་ཁང་ཡང་མང་།
བཤད་སྒྲ་ཡི་མཚན་ཉིད་རྩོད་པའི་སྒྲའི་ཁྲོད།
ཚེ་ཐར་བཏང་བའི་སྲོག་ཆགས་ཅི་རིགས་རང་དགར་རྩེན།
མཐུན་རྐྱེན་ཞིང་ལ་འཁོར་བའི་རི་དྭགས་དག་ལ་ཅེར་ནས།
ངས་མར་པ་ལོ་ཙྰ་བས་ཕྲུ་སློག་པའི་རྨོད་གཡག་ལས་ཅན་དེ་གཉིས་དྲན་ཡོང་།
དེ་གཉིས་ཀྱི་མགོར་བརྒྱན་པའི་རྔ་དམར་ཚོམ་བུའི་མཚོན་དོན་མཐོང་ཡོང་།
བག་ཕེབས་པོར་གནས་པའི་སེམས་ཅན་དེ་དག་མཐོང་དུས།
གྲོ་བ་ལུང་དགོན་ལ་དད་པ་བླ་ལྷག་ཏུ་སྐྱེས།
མར་པ་ལོ་ཙྰས་རྒྱ་གར་ཞབས་ཀྱིས་བཅགས་པའི་ཤུལ་རྗེས་རི་དྭགས་ཀྱི་རྨིག་རྗེས་ལ་འཁོད།
ཡུམ་བདག་མེད་མའི་སྙིང་རྗེས་གཏམས་པའི་འཛུམ་ཞལ་རི་དྭགས་ཀྱི་རྭ་སྟེང་དུ་གསལ།
ལམ་བར་དུ་ལྟེས་དབང་གིས་འཕྲད་པའི་སློབ་མ།
ལྷོ་བྲག་ཅེས་པ་མིང་དོན་མཚུངས་པ་བཞིན་གྲོག་རོང་གི་ཀློང་དུ་ཆགས་འདུག
གྲོག་རོང་མང་བས་ལུང་ཤུར་རེར་བཀོད་པ་མི་འདྲ་བ་རེ་གྲུབ།
རྐང་ལམ་ཕྲ་མོ་རི་མགོར་འཐེན་པ་སུ་ཞིག་གི་འགྲུལ་ལམ་ཡིན།
ཡ་གིའི་སྦྲ་གུར་ནང་ན་བྱམས་བརྩེའི་དྲོད་ཁོལ་འཁྱིལ་ཡོད་ངེས་ཨང་།
ལྟོས་དང་།
རྔུལ་ཆུས་འཚོས་པའི་བྱིས་པ་ཁག་ཅིག་ཕ་མའི་སར་ལོག་བཞིན་འདུག
བརྩེ་ལྡན་གྱི་ཕ་མ་ཐུག་རྒྱུ་ཡིན་ཙང་མིན་ནམ་སྙམ།
ལྷད་མེད་བྱིས་པའི་སེམས་ལ་དཀའ་སྣང་ཕྲག་ཙམ་ཡང་མི་འདུག
ཀ་ཁ་ག་ངའི་བྱབས་འཁྲུད་ཞུ་ཐུབ་པས་ཡིན་ནམ།
རི་ལམ་གོམ་པས་འཇལ་ཡང་སྤོབས་པའི་གདེང་ཞིག་བརྙེད་འདུག
སྙན་པའི་གླུ་ཆུང་ལེན་གིན་དུ།
དག་ཡིག་ངག་སྐྱོར་གཏོང་གིན་དུ།
ཕ་མའི་ཕང་ལ་ལོག་དུས་རྒྱབ་ཏུ་འཁུར་བ་སྣོད་སྟོང་གཅིག་པུ་ག་ལ་ཡིན།
བྲག་བརྐོས་ཡི་གེ་ལས་འདི་ལྟར་དྲན་པ།
ལོ་རྒྱུས་བྲག་སྟེང་དུ་བརྐོས་པས་ཡིན་ནམ།
ཡང་ན་ལོ་རྒྱུས་ཀྱི་ཆག་གྲུབ་ཅི་ཞིག་མཐོང་བས་ཡིན།
ང་རང་གི་སེམས་པ་ལྗིད་ཏིག་ཏིག
ལྡེའུ་ཆུང་གི་བྲག་བརྐོས་ཡི་གེ་དེ་མཐོང་ཙ་ན།
བོན་སྒྲུང་ལྡེའུ་གསུམ་གྱིས་སྲིད་བསྐྱངས་ཞེས་པར་གོ་བ་གཞན་ཞིག་བསྟེར།
ལྡེའུ་ཆུང་ལུང་ཤུར་གྱི་གད་པར་བརྐོས་པའི་ཡི་གེ
མེས་པོ་དང་ཁ་ཐག་ཉེ་བའི་དཔང་པོ་ཅི་ལ་མིན།
རྒྱལ་དོན་གྲུབ་རྫོང་མཐོང་དུས་ཀྱི་དྲན་འཆར།
རི་ཟུར་གཟར་པོ་ཞིག་ཏུ་གནས་པའི་མཁར་དེ་ངོ་མཚར་ཆེ།
གཞན་དྲིང་མི་འཇོག་པའི་བཟོ་བཀོད་ཀྱི་མཛེས་པ།
བྲག་རི་གཡང་གཟར་སྟེང་དུ་མཁར་བསྐྲུན་པའི་བློ་སྟོབས།
ལོ་རྒྱུས་ཀྱི་ཆུ་ཀློང་ཁྲོད་དུ་སིམ་ཟིན་རུང་།
སྤོབས་པའི་གདེངས་ཀ་སྔར་བཞིན་དགུང་ལ་བསྙེགས།
རྩྭ་ངན་དང་ཟྭ་ཕུང་གི་ཁྲོད་ཀྱི་གྱང་གོག་ལས།
ང་ཚོར་ཛ་དྲག་པའི་ལོ་རྒྱུས་རྒྱབ་ལྗོངས་ཤིག་གི་ཡོལ་བ་ཕྱེ་ཡོང་།
སྙིང་ལ་ཙག་ཤད་འཁྱུག་པའི་ལོ་རྒྱུས་ཀྱི་ལྟས་མོ་རེ་རེ།
རྒྱལ་དོན་གྲུབ་རྫོང་གིས་རྫོང་དཔོན་བྱེད་པ་ལས་
ལས་རང་ཤྭ་བ་རི་ཡི་གཡོག་མོ་བྱས་ན་དགའ་ཞེས་པའི་གཏམ་དཔེའི་ཁྲོད་ནས་མངོན་ཡོང་།
ཨ་ཁ་ཁ། ཡང་ན་ལོ་རྒྱུས་ཀྱི་ངོ་རིས་བཀབ་འདུག
ཡང་ན་གྱང་གོག་ལ་བྲག་ཆ་འཁོར་རྒྱུ་མི་འདུག
ལྷ་ལུང་དཔལ་རྡོར་གྱི་མདའ།
གྲོང་ཚོའི་དཀྱིལ་དུ་ཆགས་པའི་ལྷ་ལུང་དགོན་དུ།
རི་ལ་ཤོར་བའི་ལྷ་ལུང་དཔལ་རྡོར་འགྱིང་ངེར་གནས།
བཙན་སྒམ་ནང་བཅུག་པའི་བཀའ་ལུང་དང་ནང་རྟེན་རེ་རེས།
ང་ཚོར་ཅི་ཞིག་གི་གསང་བ་བརྟོལ་འདོད་བྱེད།
ཀྱེ་མ་ཀྱེ་ཧུད ཡང་ན་ལོ་གསུམ་གྱི་སྔ་སོང་།
ཡང་ན་ལོ་གསུམ་གྱི་ཕྱི་སོང་ཟེར་བའི་འུ་དོད།
དགོན་པའི་ཕྱི་ནང་གང་སར་ཁེངས་པའི་སྣང་བ་འཆར།
ལྷ་ལུང་དཔའ་རྡོར་གྱི་མདའ།
བོད་ཀྱི་ལོ་རྒྱུས་དེབ་ཐེར་ངོས་ལ་ཟུག་པའི་འདྲི་རྟགས་ཤིག་ཡིན་ནམ།
ཡང་ན་ལྷ་ལུང་དཔལ་རྡོར་རི་ལ་ཤོར་རུང་།
རྟ་པའི་ཞབས་རྗེས་ཀླུང་ལ་བཞག་པའི་བདེན་རྟགས་ཡིན།
༢༠༡༦ལོའི་ཟླ་བ་དགུ་པའི་ཚེས་༢༠ཉིན།