ཀྲུང་གོ་བོད་ཀྱི་དྲ་བ།

གསང་བའི་སྒོ་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 གྲོང་ཁྱེར་གྱི་ངོ་གདོང་།

གཅན་རི་འཚེར།


མུན་ནག་ཡོད་ཚད་འཚང་ཁ་ཤིག་ཤིག་གིས་ཁྱོད་ཀྱི་གམ་དུ་བཅར་མོད

ཁྱེད་ཀྱིས་ད་རུང་བརྗེད་མི་ཟིན་པའི་གཏམ་རྒྱུད་དེ་སླར་ཡང་བརྗོད་བཞིན

ལམ་གྱི་བཞི་མདོ་ནས་ཟླ་འོད་ཀྱི་གུར་ཁང་འཚོལ་ཕྱིར

ནམ་མཁའི་འོག་གི་ས་ཆེན་གྱི་རྨི་ལམ་ཡང་ཡང་བཙལ།


བཀྲ་མི་ཤིས་པའི་གཏམ་དེ་ཐོས་འཕྲལ

དུས་དེ་ནི་མཛེས་སྡུག་བོར་ཟིན་པའི་དགུན་གྱི་མཐའ་མ་ཞིག་ལ་ཁེལ་ཏེ

ཕྱོགས་བཞི་ནས་ཁང་བརྩེགས་ཀྱིས་ཡོངས་སུ་བཀབ་ཡོང་བས

ད་ནི་གཞི་ནས་མིག་ཆུ་དང་མཉམ་དུ་བྱིས་པ་དེ་འཚོལ་དུ་འགྲོ་བར་བསམ།


རྨི་ལམ་ལས་འོད་འགྱེད་ཚུལ།


སྐར་མ་རྗེས་མ་དེའང

ནུབ་ཕྱོགས་ཀྱི་མཁའ་མཐའ་ནས་མི་མངོན་པར་གྱུར

མདང་དགོང་ཡང་ལྷིང་འཇགས་ཤིག་ཡུན་གྱིས་དཀྲོགས་ཏེ

ཚོད་ཚོད་ལ་ཀི་འདེབས་པ་དེ་ནི

ཕྱིར་ལྡོག་པའི་ལས་དབང་ལ་འཁང་ར་བྱེད་པ་དང་འདྲ་སྟེ

མིག་གིས་རྒྱ་མཚོ་མཐོང་བས

ཆུ་བོ་སྔར་ལྟར་ང་ཡི་མདུན་ཕྱོགས་ཀྱི་བླ་མཚོ་དེ་ལས་བདའ་མི་སྲིད


སེམས་ནང་གི་འདྲེ།


མུན་ནག་ལ་ཕྱོགས་ཆེ་བས

ཡོད་ཚད་ང་ཡི་དབང་བསྒྱུར་གྱི་ལས་ལ་གཞོལ

མཚན་མོ་འགྲོ་མཁན་ཉུང་བས

དེ་ནི་ལྷ་ཡི་རྫུ་འཕྲུལ་གྱི་གསང་བའི་མན་ངག་རེད

སེམས་ཆུང་གིས་བགྲོད་པའི་མི་རྣམས

སེམས་ཆུང་གིས་ཕྱིར་ལོག་སྟེ

ཐ་ན་རང་ཉིད་ལ་ར་སྐོར་ཞིག་བརྒྱབ་སྟེ་འཁོར་བ་ནན་གྱིས་སྲུང་ཡོད།


གསང་མྱུལ་བ།


དུང་བརྡ་རིང་མོ་དེ་ལས་ཁྱེད་ཀྱི་རྣམ་ཤེས་རིག་ཐུབ

ཕྲ་མཐོང་ཆེ་ཤེལ་དེ་ལས་ཁྱེད་ཀྱི་ནང་སྙིང་རྟོགས་ཐུབ

ཁྱེད་ཉིད་སྐམ་ས་ལས་ཕྱིར་ཐོན་རྗེས

རྒྱ་མཚོ་དང་ངོ་བོ་དབྱེར་མེད་དུ་འདྲེས།


འོད་ལ་གོམས་པའི་འབུ་མེ་ལྕེབས།


ལྕེབས་ཐག་སྐེ་ལ་བསྐོན་ནས

འཆི་བདག་གི་གམ་དུ་ཡང་ཡང་སྤོས་མོད།

གཤིན་རྗེ་རྒྱལ་བོ་སྔོན་ལྟར་བཟི་འདུག་པས

ཞེ་འཁོན་གྱི་འཁྲུག་ཆ་ཡང་ཡང་བསླངས་ཏེ

ཨ་མའི་ནང་སེམས་ཀྱི་འགྱུར་བ་ལའང་ཕོག་ཐུག་བཟོས།


ཤུགས་ཀྱིས་བླངས་བའི་གླུ


མགྲིན་པ་གཟེངས་སུ་བཏེགས་ཏེ

སྐད་ཅོར་ཆེན་པོས་སུ་ཞིག་གི་མིང་འབོད་བཞིན་འདུག

མི་རྣམས་ཀྱིས་མགོ་བོ་སྨད་ནས་ང་ལ་མིག་ཆུ་འདོན་པ་འདིའང

ངས་རང་ཉིད་ཀྱི་བྱིས་པ་བོར་བའི་མཚན་མོ་དེ་མ་དྲན་པ་ཡིན་ནམ།


ཟླ་དགུ་བ།


མེ་ཏོག་གི་མཛེས་ཉམས་འཐོར་ཤུལ་དུ

ཟླ་བ་ཁོ་ན་དུས་ཚིགས་འདིའི་ཁྲོད་དུ་ལུས

རྒྱ་མཚོ་དེའི་ཕ་རོལ་དུ

ཆུ་མོ་འདིའི་ནང་རོལ་དུ

ངལ་ཞིང་དུབ་པའི་བདེ་སྐྱིད་ཀྱི་མི་རྣམས

མུ་ཏིག་གི་ཕོ་བྲང་བཞེངས་བར་བརྩོན་ཞིང་།

མིག་ཟུང་ཀེར་ཀེར་གྱིས་ནམ་མཁའ་ཧྲིལ་བོ་མཐའ་ནས་བཟུང་།


ངར་ལྕགས་ཆེན་པོའི་སླ་ང་།


ས་སྲོད་ཀྱི་མཁའ་མཐར་ཅེར་ནས་ཡུན་རིང་འགོར

ཡུན་རིང་འགོར་བ་དེ་ནི་རྨི་ལམ་ཞིག་དྲན་པ་དང་འདྲ་སྟེ

རྨི་ལམ་དེ་དུག་སྦྲུལ་ཞིག་ཏུ་སྦྲུལ་ནས་མི་ཚོགས་ཀྱི་ཁྲོད་འཚང་དུས

འཐོར་ཟིན་པའི་མི་ཚོགས་དེ

མིག་ཆུ་གསེང་གི་ཤེལ་མིག་དེའི་རྒྱབ་ན་ག་ལེར་སྦས་ཡོད།


མེ་ལོང་དང་ཤེལ་མིག་གཉིས་མཉམ་དུ་བཞག་ཚེ

མདོག་འགྱུར་བའི་ངར་ལྕགས་ཆེན་པོ་ཞིག་ཏུ་གྱུར་འགྲོ

ཚོན་མདངས་སྣ་ཚོགས་ཀྱིས་བརྒྱན་པའི་ངར་ལྕགས་ཆེན་པོ་དེས

སླ་ང་ཆེན་པོ་ཞིག་གྲུབ་བཞག


སླ་ང་ཆེན་པོ་དེའི་ནང་ལ་མི་ཤ་བཙོ་བཞིན་ཡོད་ལ

ཁྱི་ཤའང་བཙོ་བཞིན་ཡོད།


མིས་ཁྱི་ཤ་ཟོས་ནས་ཡིད་ཚིམ་པར་བྱས་ཤིང་།

ཁྱིས་མི་ཤ་ཟོས་ཀྱང་ཞེ་སྡང་ལྷག་ཏུ་ལངས།


མཐའ་མར་གཅིག་གིས་ཤ་ཁོལ་འཐུང་ཞིང་།

གཅིག་གིས་ཤ་ཁྲག་ཟོས་ཏེ་གྲོགས་པོར་གྱུར།


དོ་ནུབ་སླར་ཡང་དོ་ནུབ་ཀྱི་ཁོང་དུ་སྦ་ཆོག


མུན་ནག་ལོགས་སུ་དགར་རྗེས

ང་རང་རྐང་རྗེན་རྐྱང་རྐྱང་དུ་བུད་ཡོད།


ང་ཁྲིད་མཁན་ནི་ཨ་མ་ཁོ་ན་ཡིན་པས

སྡོང་ལོ་ནི་ཡུན་རིང་དུ་ཐོན་མི་སྲིད་པའི་རྒས་རྟགས་ཁོ་ན་ཞིག


ཉི་མ་དང་ཟླ་བའི་བར་ཐག་ངེས་ཅན་ཞིག་ཕྱེས་རྗེས

མགོ་བོ་གནམ་ལ་འདེགས་མཁན་གྱི་མི་བུ་ག་ཚོད་ཅིག་གི་གྲས་ནས


ཁྱོད་ནི་གྲལ་བསྒྲིགས་པའི་རི་དཔུང་གི་ཕོ་ཉ་དེ་ཡིན་ཡང་སྲིད།


ཟླ་བ་ཁོ་ན་རུམ་པའི་དོ་ནུབ

ངའི་མིག་ཆུ་མཐའ་དག་ཁྱོད་ཀྱི་པང་དུ་ལོག་ཡོད

སུ་ཞིག་གི་གསང་བ་ཁ་དོག་བཞིན་བསྒྱུར་བའི་དོ་ནུབ

རྨི་ལམ་ཡོད་ཀྱང་སྲིད་དེ

སང་ཉིན་ཡོད་ཀྱང་སྲིད།


དོ་ནུབ་གཅིག་པུ

ནམ་མཁར་དབང་ཆོག་སྟེ

ཁྱོད་ལའང་གཏན་དུ་དབང་ཆོག


སུའི་བྲན་གཡོག་བྱ་དགོས།


ཡུན་རིང་ཞིག་ལ་སྤྱང་ཀི་ལྟར

སྡུག་ལས་བྱས་བྱས་མཐར

ངས་དུས་གཏན་དུ་ངེས་མེད་ཀྱི་འཆི་བ་བསམ་ཡོད

དུས་སྐབས་ལ་ལའི་ན་བ་ནི་སྡུག་བསྔལ་ཕྱེད་ཀ་ཙམ་དུ་གཏོགས་སྲིད་པས

ཨ་མས་བཤད་པ་ཡིན་ན་སྨན་པ་སྟོན་ཟེར

ཨ་ཕས་བཤད་པ་ལྟར་ན་ལྷ་ལ་བཅོལ་ཟེར

ལ་ལས་བཤད་པ་བསྟུན་ན་འཆི་རུ་བཅུག་ཟེར

ངས་རང་ཉིད་ཀྱིས་རང་ཉིད་ལ་སེམས་ནང་གི་བསང་ཞིག་ཕུད་དེ

འཆི་འདོད་པའི་འཇིགས་སྣང་གི་དུས་སྐབས་ཤིག་དྲན་ཡོང་ཚེ

ངས་སུ་ལའང་ཞུ་བ་ཡང་ཡང་ཞུ་འདོད་དེ

ངས་སུ་ལའང་ཞུ་བ་ནན་གྱིས་ཞུ་མི་འདོད།


ཁྱོས་ཀྱིས་ང་ལ་དྲན་ཤིང་འཛུགས་མི་ཕོད།


སྒྱུ་འབྲས་བློ་མིག་གིས་དཔྱད་ན

ཁྱོད་ཀྱིས་ད་དུང་འཇིག་རྟེན་འདི་བཀླགས་ནས་ཚར་མེད

འཇའ་ཚོན་གྱི་མཛེས་སྡུག་ད་དུང་ཁྱོད་ཀྱི་སྙིང་དབུས་ན་ལུས་ཡོད

ངས་རྒྱ་སེའི་མེ་ཏོག་གི་མིག་ཆུ་གང་ལའང་གཏོར་བ་ཇི་བཞིན

དེ་ནི་ང་རང་ཆེས་སྤྱིར་བཏང་གི་མྱ་ངམ་ཐང་ཞིག་ན་འཚོ་ཡོད་པས་ཕྱིར

ངས་དུས་རྟག་ཏུ་ཁྱོད་ཉིད་མེ་ལོང་ནང་བཞག་སྟེ

ཁྱོད་ཉིད་དྲན་པ་ནི་ཁ་དོག་ཅིག་དྲན་པ་དང་འདྲ་སྟེ

རང་བྱུང་ཁམས་ལ་ཆགས་སྦྱོར་གྱི་ཁ་དོག་ཅིག་མིན་པ་འདྲ

མཐར་གཏུག་ན་ངས་ཁྱོད་ལ་སྦྱོར་འོས་ཀྱི་ཐ་སྙད་ཡེ་ནས་ཡོད་མི་སྲིད།


བདག་པོ་སུན་ཚུལ།


གནས་སྤོ་བྱ་མི་འདོད་པའི་ཙི་གུ་སྐོར་ཞིག

ན་ནིང་ངེད་ཚང་གི་མགྲོན་པོ་ཡིན

ད་ལོ་ངེད་ཚང་གི་གཏེ་བོ་ཡིན

སྒོང་ང་མི་གཏོང་བའི་ཙི་གུ་འདི་ཚོས

སྒམ་ནང་གི་འབྲུ་རྡོག་རེ་རེ་ཧམ་གྱིས་འཕྲོག་སྟེ

ཕྱུག་པོ་ཚང་དབུལ་བོར་བསྒྱུར་ཞིང་

དབུལ་བོ་ཚང་ཕྱུག་པོར་བསྒྱུར་བའི་ནག་ཉེས་ཤིག་བསགས་ཀིན་མེད།

དུས་རྒྱུན་དུ་བདག་པོས་བྱ་སྐད་ཅིག་གོ་མ་ཐག

ཁྭ་ཏའི་ཨག་འགྱུར་དེ་ལ་ཧད་གྱིས་གྱེར་ཏེ

ན་ནིང་གི་ཁུག་རྟ་མདོག་མེད་སེམས་སུ་བཟུང་བ་དང་འདྲ་བས

ད་ནི་བདག་པོ་སུན་ལ་ཁྱི་ཕྲུག་ཀྱང་སུན་པོར་བཟོས།


གནོན་ཤུགས།


རྡོ་བ་ལེབ་མོ་ཞིག་ཕྲག་སྟེང་ལ་བཞག་པ་ནས་བཟུང་

ངས་རྔུལ་ཆུ་ལྡག་ཞོར་དུ་ལྷ་གོང་མ་གསོལ་བ་ཡང་ཡང་བཏབ

ལོ་ངོ་མང་བོ་ཞིག་འགོར་རྗེས་སུ

བུ་ཆུང་གིས་ང་ལ་གསེར་གྱི་སྟ་རེ་ཞིག་ཉོས་ཡོང་།

སྟ་རེ་དེའི་སྟེང་ལ་ལོ་རྒྱུས་ཀྱི་ས་རྡུལ་ཆགས་ཡོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།