དགེ་རྒན་དུས་ཆེན་ལ་ཕུལ་བའི་སྙན་ངག་གི་མཆོད་པ།

8888.jpg

རང་ཉིད་དྲན་ཚུལ།

— དགེ་རྒན་དུས་ཆེན་ལ།

འཆི་མེད།

 

ལོ་ཟླའི་འགྲོས་ཀྱིས་འཁོར་བའི་དུས་ཆེན་དེ་བསླེབས་པས། །

ཡལ་བའི་མི་ཚེའི་ཕྲེང་ལ་ཕྱིར་རྟོག་ཅིག་ཤོར་སོང་། །

ཀྱག་ཀྱོག་ལོ་ཟླའི་གྲོག་རོང་སྣ་ཚོགས་ཤིག་བརྒྱུད་ཀྱང་། །

སློབ་གསོའི་ལས་སྟེགས་འདི་ནས་གོམ་གང་ཙམ་མ་འགྱེལ། །

 

གསར་རྙིང་དུས་ཀྱི་རི་མོ་མིག་འོག་ནས་བརྒྱུད་པའི། །

མངར་ལ་སྐྱུར་བའི་འཚོ་བ་བྲང་ཁོག་ཏུ་བཅུག་སྟེ། །

བཅུ་ཕྲག་གསུམ་ལ་ཉེ་བའི་ལོ་ཟླ་ཡི་ནང་དུ། །

ལང་ཚོ་ཡོད་ཚད་ཕྱི་རབས་མདུན་ལམ་ལ་ཕུལ་ཡོད། །

 

ཞོགས་པའི་སྐར་མ་འཐུ་བའི་གོམ་ཆུང་གི་ཐག་སྒྲ། །

ནངས་མོ་རེ་བཞིན་སློབ་རའི་སྐྱེད་ཚལ་ན་གྲགས་ཡོད། །

བརྩེ་ཞིང་དུངས་པ་མ་བཅོས་སློབ་ཁང་གི་གྲུ་ན། །

ང་ཡི་ཡོད་ཚད་ལུས་པའི་རྔམ་ཚོར་ཞིག་སྐྱེས་ཡོང་། །

 

དྭངས་གསལ་བློ་རིག་རྣོ་བའི་མྱུག་ཚོགས་ཀྱི་གསེབ་ནས། །

དབྱུག་སྣེ་མ་བསྟན་མི་ཐུལ་བོད་ཕྲུག་གི་གཤིས་སྤྱོད། །

གཅར་རྡུང་སློབ་གསོ་མ་བྱས་རང་བྱས་སུ་སོང་ཚུལ། །

འདས་དོན་ཡིད་ལ་འཁོར་ན་མིག་ཆུ་ཞིག་འཁྱིལ་འོང་། །

 

མི་བྱེད་ལས་གཅིག་མེད་པའི་རང་ཉིད་ཀྱི་འཐབ་ཡ། །

སློབ་ཕྲུག་པྲ་ཚག་ང་ཡི་མི་ཚེ་རུ་གྱུར་ཏེ། །

ཚེ་ཡི་ཕྱེད་ཀ་དེ་ལྟ་དེ་ལྟར་ཏུ་ཟད་ཀྱང་། །

དཀའ་བའི་ལས་དེར་ཕངས་སུན་ལན་ཅིག་ལ་མ་སྐྱེས། །

 

ཉིན་མཚན་མཐུད་པའི་ལས་རེས་གཞུང་ཁང་དུ་བསྐྱལ་ཡོད། །

ཁྲིད་སྟེགས་ནོན་པའི་སྟ་གོན་ཉིན་གཅིག་ལ་མ་ཆག །

དབྱངས་གསལ་སོ་བཞིའི་ས་བོན་ཕྱོགས་བཅུ་རུ་གཏོར་དུས། །

སློབ་གསོའི་ལས་ལ་ང་རང་ནོངས་འགྱོད་ཅིག་མེད་དོ། །

 

ལེགས་བཤད་དམ་པའི་དགོངས་དོན་གཞི་རྩ་ལ་བཞག་ནས། །

ལམ་སྣེ་འཚོལ་བའི་བློ་ཐབས་ཅི་ནུས་ཀྱིས་ཕུལ་ཡོད། །

སྐར་ཚོགས་ལྟ་བུའི་སློབ་ཚོགས་ཕྱོགས་ཀུན་ཏུ་འཐོར་ན། །

ལན་རེར་ཡིད་ཁོང་གྲང་བའི་སྡུག་བསྔལ་ཡང་སྐྱེས་མྱོང་། །

 

རྟིང་མའི་ལོ་ལ་སླར་ཡང་སྐར་ཚོགས་ལྟར་མཇལ་དུས།།

མི་ཚེ་འོད་ཀྱིས་གཏམས་པའི་ཁྲིད་སྟེགས་ལ་བུད་དེ། །

ན་ཆུང་རེ་སྨོན་འཚོ་སྐྱོང་ཉམས་མྱོང་གིས་གཞི་བྱས། །

སྐད་དང་ཡི་གེའི་ལས་དོན་ཉིན་གཅིག་ལ་མ་དོར། །

 

རང་སེམས་དེ་ལ་གཏད་པའི་མི་ཚེ་འདི་བསམས་ན། །

སྐྱོ་ཡུས་དེ་ལ་བཤད་པའི་ལས་དབང་འདི་དྲན་ན། །

རང་ཉིད་བརྒྱུད་པའི་ལམ་བུ་རིན་ཐང་གིས་ཕྱུག་སྙམ། །

ས་སྨྱུག་ཟས་སུ་བསྟེན་པ་ཚེ་ནོམ་དུ་བསམས་ཡོད། །

 

ལས་གནས་རེ་ནས་འཛུམ་འཛུམ་དགེ་རྒན་ཞེས་འབོད་པའི། །

སློབ་མའི་ཚོགས་ཀྱིས་མ་ཁྱབ་ལས་རྐང་ཞིག་མི་འདུག །

ཚེ་འདི་སྐྱོ་ལ་སྡུག་པའི་མཐའ་དཀྱིལ་ལ་བསླེབས་ཀྱང་། །

སེམས་པ་དྲོད་ལ་ཁེན་ས་འདི་ཉིད་ལས་མི་མཁོ། །

 

འཇིག་རྟེན་འདི་ན་ཁ་ཚོན་ཆོད་པ་ཞིག་མེད་ཀྱང་། །

འདི་བྱས་ལས་ལ་སྙིང་བོ་ཡོད་པ་ཞིག་དཀོན་ཡང་། །

དུས་ཆེན་འདི་ལ་རང་ཉིད་ཕྱིར་དྲན་ཙམ་བྱེད་དུས། །

འདས་པའི་ལོ་ཟླ་དེ་དག་འོད་སྣང་གིས་ཕྱུག་སྙམ། །

 

རང་ཉིད་རང་གིས་དྲན་པའི་དེ་རིང་གི་ཞོགས་པ། །

འཇའ་ཚོན་བརྒྱུས་པའི་ལོ་ཟླའི་རྨི་ལམ་དེ་ཡིན་སོང་། །

ཉི་ཟེར་འཇམ་པོ་འཐུང་བའི་སྒེའུ་ཁུང་ལས་ལྟ་སྐབས། །

ཡུལ་ལྗོངས་མྱུལ་བའི་ངང་ཚུལ་སྨྱུག་རྩེ་རུ་འཁྱིལ་ཡོང་། །

 

མི་རིང་མི་ཐུང་དགེ་སློབ་གཏམ་རྒྱུད་ཀྱི་མཚར་སྡུག །

བྲིས་ན་ལྟ་ཅི་བསམས་ན་ཚར་རྒྱུ་ཡང་མི་འདུག །

མ་བསམ་སྣང་བ་འཁྲུལ་བའི་ཕྱིར་དྲན་ཙམ་སྐྱེས་པ། །

ཕྱོགས་བཞི་མཚམས་བརྒྱད་འཐོར་བའི་སློབ་གྲོགས་ཚོར་བསྐུར་ཡོད། །

2015.9.10ཉིན་རེབ་གོང་ནས།


དྲིན་ལྕི་བའི་དགེ་རྒན་རྣམས་ལ།

ཀླུ་འབུམ་ཚེ་རིང་།


སྒེའུ་ཁུང་ཕྱེས་པས་མུན་པ་རལ་ཞིང་འོད་ཀྱི་དབུགས་ཀྱིས་གྲེ་བ་བསལ།།

ལག་ནས་མ་ལྷོད་མིག་གིས་མ་བོར་ལམ་བུ་ཡངས་པོའི་སྣེ་སྟོན་བཞིན།།

ལག་མཐིལ་རྩེན་པའི་སྣང་སྲིད་རི་མོ་ཆུང་ཆུང་སྣོད་དུ་འཚེར་བའི་སླད།།

གསེར་གྱི་ལྡེ་མིག་འཇུངས་མེད་སྩོལ་མཁས་ཁྱེད་ཅག་རིགས་ཀྱི་རུས་རྐང་ཉིད།།


མཚན་ངོགས་སུ་བཏབ་པའི་འོད་སྣང་། 

— དགེ་རྒན་གྱི་དུས་ཆེན་ལ་ཕུལ་བ། 

དགའ•བཀྲ་ཤིས་རྡོ་རྗེ།(ཅོ་ནེ)


སེམས་ཀྱི་འཕར་ལྡིང་དམར་བོ། 

ལག་གི་ས་སྨྱུག་དཀར་བོས་བྲིས། 

རི་རབ་དང་གཙང་བོའི་རབ་ཁ་ནས་བྲིས། 

ད་དུང་། མཚན་མོའི་ངོས་ཀྱི་སེམས་པ་དཀར་བོ་དེ། 

སེམས་དཀར་ཀློང་གི་མཚན་མོ་ནག་པོ་དེ། 


རུས་གསེང་ན་འཐིམ་པའི་རྐང་མར་དེས། 

སྲིད་པའི་རི་མོ་འཁྱོག་ཏུ་མ་བཅུག་པས། 

ད་གཟོད། ཐོད་པའི་རྒས་གཉེར་གྱི་མདུད་པ། 

བརྩེ་བའི་ལྷག་བསམ་གྱི་དར་དཀར་རིང་མོས་ཤད་ཀི་འདུག

རུས་རྐང་ན་འོ་དྲི་འཐུལ་བའི་དགེ་རྒན་ལགས། 

མཚན་ངོགས་སུ་བཏབ་པའི་འོད་སྣང་དེས། 

མ་ནོར་བའི་ལམ་སྣེ་སྟོན་གི་འདུག 


གཙང་བོའི་རབ་ཁ་ན་རྒྱུ་བའི་ཀོ་གྲུ་དེ། 

དྭངས་གཙང་གི་ལོ་མའི་སྟེང་གི་ཡིག་འབྲུ་དག 

ཁྱེད་ཀྱིས་བསྐུར་བའི་དྲན་ཤིང་དང་སྨོན་པ་ཡིན་འདུག

མུན་ནག་པའི་མཚན་མོ་ཞིག་ལ། 

ཀོ་གྲུ་རུ་བསྡད་ནས་སེམས་ཁྲལ་དང་ན་ཟུག་ཀློག 

རི་རྩེ་རུ་འགྲེང་ནས་རྗེས་ཤུལ་དང་རྨི་ལམ་བཙལ། 

2015.9.9ཉིན།


ལེགས་སྐྱེས།

— དགེ་རྒན་དུས་ཆེན་ལ་ཕུལ་བ།

རྩིང་བ་དཀོན་བྷེ།(མདོ་ལྷོ)

 

བླ་མ་བསྟེན་ན། དགེ་བ་འཕེལ་ཞིང་།

མི་དགེ་བ་འགྲིབ་པས།

བླ་མ་ལས་ལྷག་པའི་སངས་རྒྱས་མེད།

 

དགེ་རྒན་བསྟེན་ན།  མི་ཤེས་པ་སེལ་ཞིང་།

ཤེས་པ་གོང་འཕེལ་དུ་འགྲོ་བས།

དགེ་རྒན་ལས་ལྷག་པའི་ཡི་དམ་མེད།

 

བླ་མ་ནི་དགེ་རྒན་ཡིན་ལ།

དགེ་རྒན་ནི།

དོན་གྱི་སངས་རྒྱས་ཡིན་པས་།

ང་ཚོས་དགེ་རྒན་སངས་རྒྱས་སུ་སྒོམ་ནས།

འབུལ་བ་མེད་རུང་།

རང་རང་གི་ལུས་ངག་ཡིད་གསུམ་དབུལ་ན་ཅིས་མི་ཆོག

2015.9.9ཉིན་ལ། 


ངའི་མི་ལོ་བཅོ་བརྒྱད།

_དགེ་རྒན་དུས་ཆེན་ཉིན་རང་ཉིད་ཐེངས་གཅིག་དྲན་པ།

འབྲུག་ལྗང་།


དགེ་རྒན    འཇིག་རྟེན་ཆོས་བརྒྱད་སྤངས་མཁས་བྱ་བཏང་བ

གཟི་འོད་འབར་ཞིང་ཐེག་དཀའ་བའི་ཅོད་པན་འདི་མནབས་ནས་བཟུང

གཉོམ་ཆུང་བདག་བརྗེད་ཀྱི་ང་ཉིད

སྐྱ་རེངས་ཀྱི་འབོད་བརྡ་དང་ཆབས་ཅིག

མཚན་མོའི་མུན་ཁྲོད་ཀྱི་དགུ་ཚིགས་རེ་རེ་ནས

སློང་མོ་བའི་རྣམ་ཐར་འབད་པས་སྐྱོང་གིན

ལོ་རྒྱུས་ཀྱི་ཐེམ་སྐས་རེ་རེར་རྡོག་ཐོན་བྱུང་དུས

ཏག་ཏག་མི་ལོ་བཅོ་བརྒྱད་ལྷག་འདས

 

དུས་ཀྱི་མི་ཁ་དང་བསླུ་བྲིད་འོག་ཏུ

ལང་ཚོའི་རྨི་ལམ་ཤུགས་ཀྱིས་འཚོལ་ཞིང་སྙེག་ནས

ཨུ་ཚུགས་མཐར་སྐྱེལ་གྱི་སྐྱོ་སྒྲུང་རྒྱང་དུ་བསྲིངས

 

དུས་ཚོད་ཀྱི་རྒྱང་མིག་རང་ལ་བསྐོར་དུས

རྒྱང་བཞུད་བུ་སློབ་ཚོའི་འདྲ་པར་དང་བརྗེད་ཐོ

རྙིང་ཧྲུལ་གྱུར་ཟིན་པའི་ལས་བྱའི་འབྲི་དེབ་རེ་རེ

ཉིན་གཅིག་རིང་ལ་དབང་སྲིད་པའི་དུས་ཆེན་ཉིད་མ་གཏོགས

བྱ་བཏང་བ་ཁྱོད་ལ་ཅི་ཡང་ཡོད་རབས་མི་འདུག

 

ཡིན་ནའང    དང་པོ་ནས་བདམས་ཟིན་པའི་ལམ་བུར་ལེ་བདའ་མི་བྱེད་རོགས

ལོ་རྒྱུས་ཀྱི་དྲི་བས་ཁྱོད་ཉིད་བརྗེད་མི་སྲིད་པའི་ལན་ཞིག་ལྡོན་ངེས

 

སྐྱ་རེངས་ཀྱི་སྒོ་གླེགས་རྡུང་མཁན་དེ་སུ་ཡིན་ལགས

ཉིན་མོའི་གོ་འབྱེད་པ་དེ་སུ་ཡིན་ལགས

མཚན་མོའི་མལ་ཚེ་སྲུང་མཁན་དེ་སུ་ཡིན་ལགས

ལོ་རྒྱུས་ཀྱི་བདེན་མིག་ར་སྤྲོད་མཁན་དེ་སུ་ཡིན་ལགས

 

བླ་མ    སློབ་དཔོན    བཤེས་གཉེན    དགེ་རྒན

མདོར་དྲིལ་ན    ཁྱོད་ཉིད་ལ

མཚན་བྱང་འདི་དག་ལས་ཅི་ཞིག་མཁོ་འདོད་ཨང

2016.9.10ཉིན།


དུས་ཆེན་གྱི་ལབ་གླེང་།

— དགེ་རྒན་དུས་ཆེན་ལ་ཕུལ་བ།

ལྡོང་ལུག་རྫི།(མཚོ་ལྷོ)


དེ་རིང་ནས་ཡར་བརྩིས་པའི་ཉིན་ལྔ་པ་ནི།

ངས་དབྱར་གྱི་འགྲུལ་བཞུད་ལ་གྱེས་བརྡ་བཏང་བའི་ཉིན་དང་པོ་ཡིན་ལ།

སློབ་མགོ་བརྩམས་པའི་ཚོགས་འདུའི་ཉིན་དང་པོ་ཡིན།

 

དུས་དེ་ནས་བཟུང་འགུལ་ཤེས་པའི་ཐ་སྙད་ལ།

སྐྱི་མོ་བརྗེ་རྒྱུའི་སྟ་གོན་བྱས་ཚར་ལ།

མཆུ་དང་དཔྲལ་བ་ཐོགས་ནས་བརྗོད་པ་བཟོས་ཡོད།

 

རང་སེམས་ནང་ལ་བསྐོར་ནས་ཟིན་བྲིས་ཤིག་འབྲི་བསམ་དུས།

གྲོགས་པོས་སྐད་འཕྲིན་ལས་དུས་ཆེན་གྱི་རྟེན་འབྲེལ་ཞུས་འོངས།

གྲོགས་མོས་དུས་ཆེན་གྱི་རྣམ་པ་དྲིས་ཡོང་།

ངས་རང་གི་དུས་ཆེན་ཐོན་ལ་ཉེ་བའང་།

ལས་བྱེད་ཚོ་དང་འདྲ་བར་ཤེས་ཀྱི་མེད་པ་འདྲ།

དུས་ཚོད་ཀྱིས་དམིགས་སུ་སྤྲད་པའི་དུས་ཆེན་དེ།

སྤྱིར་བརྗེད་ག་ལ་ཉན་མོད།

རྩག་རྩིག་གི་བྱ་ལས་མང་པོར་མགོ་འཁོར་ནས།

རང་ཉིད་ཀྱི་དུས་ཆེན་ཡང་བརྗེད་ངས་རྐུན་པོས་ཁྱེར་སོང་།

 

དོ་ནུབ་ངའི་སྨྱུ་གུ་སྨྲེང་བ་ཤ་ལེར།

ཤོག་ངོས་སུ་བཞུར་དོན་ཡང་།

དུས་ཆེན་འདི་དབང་ཆོག་པའི་ང་ཚོ་ནི།

བྲེལ་ཟིང་ཆེ་བའི་དུས་འདི་དང་ཅི་འདྲའི་མཚུངས་ཨང་།

 

ཀྱེ།     སྟོང་གསུམ་ཁ་ལོ་བསྒྱུར་མྱོང་བའི་རིགས་ཀྱི་སྲས་པོ།

སྲིད་གསུམ་དབང་དུ་བསྡུས་མྱོང་བའི་རིགས་ཀྱི་སྲས་མོ།

ཁྱེད་ཚོ་ཡང་དུས་ཆེན་འདི་དབང་བའི་མྱི་བུ་དེ་དག་ལས་འཁྲུངས་པ་མ་བརྗེད་རོགས།

 

གཞོན་པ་དག་གི་ཡབ་ཆེན།

དཀར་མཛེས། སྤྱང་ལོ་བ།

མུ་མཐའ་མེད་པའི་རྩྭ་ཐང་ནས།

སྦྲ་ནག་ལ་སྒོ་དར་འཐེན་མཁན་གྱི།

གཞོན་པ་དག་གི་ཡབ་ཆེན།

ཉི་ཟླ་རི་བོ་ལ་སྙན་ཚིག་འབྲི་མཁན་གྱི།

ང་ཡི་སློབ་དཔོན་དམ་པ།

 

ཡར་ཀླུང་གཙང་པོའི་ཆུ་རྒྱུན་ནས།

བླ་རུས་ཆག་རོ་འགའ་སྒྲུག་མཁན་གྱི།

དུར་ཁྲོད་ཀྱི་ཕ་བོང་ཆེན་པོའི་ཁར་སླེབས་དུས།

ཁྱེད་ཀྱིས་བྱེ་མའི་ཐང་ཆེན་བརྒལ་ཏེ།

དུར་ཁྲོད་ཀྱི་ཕ་བོང་ཆེན་པོའི་ཁར་སླེབས་ཤིང་།

ཁྱེད་ནི་ང་ཡི་ལུས་ཀྱི་རྟེན་ས་དང་།

སེམས་ཀྱི་དམིགས་ས་ཁོ་ན་རུ་གྱུར།  


སྒྲོན་མེ། 

དགེ་རྒན་དུས་ཆེན་ལ་ཕུལ་བ།

སྨུག་པོ། 


སྒྲོན་མེ།  རླུང་ཁ་ན་འདར་ལྕིག་ལྕིག

གངས་རིའི་ཕྲག་གོང་དུ་ཉལ་བའི།

གསེར་མདོག་གི་ཡིག་འབྲུ།

ཁྱེད་ཀྱི་རྣམ་ཤེས་ལ་བབས།

ཉི་མའི་འོད་མདངས་གཡར་བའི་ལང་ཚོ།

མེ་ཏོག་དང་རྩྭ་ལྗང་གི་སེམས་ཁོངས་སུ་བབས།


སྒྲོན་མེ། རླུང་ཁ་ན་འདར་ལྕིག་ལྕིག

རལ་གྲིའི་རྣོ་དབལ་འཁུར་ཏེ།

མུན་ནག་ལ་འཐབ་མོ་འགྱེད་པའི།

ལམ་གྱི་སྒྲོན་མེ། ལས་ཀྱི་སྲུང་དམག


སྒྲོན་མེ།   རླུང་ཁ་ན་འདར་ལྕིག་ལྕིག

འོད་ཀྱི་མིག་ལ་གསེར་གྱི་གཟི་མདངས་འཁྱིལ།

རྡོག་སྣེ་ལ་ལོ་རྒྱུས་ཀྱི་རྣང་མ་ཆགས།

ལག་ཟུང་གིས་བྱབས་བྱབས་གནང་ས།

རྐང་ལམ་ཕྲ་མོའི་སྟེང་གི་གཞོན་ནུ།


སྒྲོན་མེ།  རླུང་ཁ་ན་འདར་ལྕིག་ལྕིག

གངས་སེང་དཀར་མོའི་ངར་སྐད།

སྤང་ལྗོངས་སྔོན་མོའི་འཇམ་མཉེན།

ངག་གི་འདབ་མར་འཁྲུངས་པའི་རི་མོ། 

ནམ་ཡང་རྒས་མི་སྲིད་པའི་སྙན་ངག

ཡལ་བ་མེད་པའི་འཛུམ་མདངས་ཀྱི་དྲོད་ཁོལ།

2016.9.8ཉིན།


ངའི་སེམས་ཁོང་གི་ཁྲུང་ཁྲུང་དཀར་མོ།

— དགེ་རྒན་དུས་ཆེན་བསུ།

ཅོ་བྱང་སྐར།(ཅོ་ནེ)


དཔྱིད་ཀྱི་སྒེག་མོས་རྒྱུད་དྲུག་གི་རོལ་ཆ་ག་ལེར་འབུད་དུས།

ཁྲུང་ཁྲུང་དཀར་མོ་ཁྱུ་དང་ཁྱུ་བྱས་ནས།

བར་སྣང་གན་ལ་རེ་བའི་ཀི་སྒྲ་ལྷིང་ལྷིང་ཁྱབ་ལ།

མི་ཡུལ་གན་ལ་བྱམས་པའི་མིག་ཟུང་ཡང་ཡང་འཁོར།


ངའི་གཏི་མུག་གི་མཁའ་དབྱིངས་ནས་ཁྲུང་ཁྲུང་གིས་ལྡིང་བསྐོར་བརྒྱབ་དུས།

སྐྱ་རངས་བཞིན་གསལ་ལ་དངས་པའི་མཁའ་དབུགས་ཤིག་གི་ཚེ་སྲོག་བསྩལ་བྱུང་།


ངའི་རབ་རིབ་ཀྱི་བར་སྣང་ནས་ཁྲུང་ཁྲུང་གིས་གཤོག་རྩལ་ངོམ་དུས།

འབྲོང་རྒོད་བཞིན་དཔའ་ལ་དར་པའི་ཀ་ཁ་ཡི་ལང་ཚོ་སྦྱིན་བྱུང་།


ངའི་སྲ་མཁྲེགས་ཀྱི་ཁོར་ཡུག་བརྩོན་འགྲུས་ཀྱི་ཆར་བས་བརླན་བྱུང་།

གཞིས་ཁྱིམ་ཀྱི་ཁོར་ཡུག་ལ་ལྗང་མདོག་གི་སྨྱུ་གུ་འབུས་བྱུང་།

ངའི་སེམས་ཀྱི་ཁྲུང་ཁྲུང་དཀར་མོ།


ཁྱེད་ཡོང་དུས། གཡང་ཟོག་དང་གཡང་ནོར། གྱི་ལིང་གི་ལོ་རྒྱུས་ཡོད་ལ།

འབྲོག་མའི་འཚོ་བ་ལ་རེ་ལྟོས་ཀྱི་མྱུ་གུ་འཁྲུངས།

ཁྱེད་ཡོང་དུས། ཁུག་བྱུག་དང་། ཕུག་རོན། སྐྱ་ཀ་སོགས་ཡོང་རྩིས་ཡོད་ལ།

ངའི་རྣ་བའི་བུ་གར་གསུངས་སྙན་དག་དལ་གྱིས་འཛུལ།


སྟོན་མཇུག་གི་སྡོང་ལོ་རླུང་གིས་འཕུར་དུས།

དགུན་གསུམ་གྱི་གྲང་ངར་ཤ་གསེང་རུས་རྟིང་ལ་བཙན་གྱིས་འཛུལ་དུས།

ད་དུང་ཁ་བ་བསྟུད་མར་འབབ་པའི་ཉིན་ཞག་རེ་ཡོད་དུས།

འདབ་ཆགས་སྟོང་གི་ཚོགས་རྣམས་འཕུར་སོང་རུང་།

ཤུལ་ན་འཇིགས་ཉམས་ཀྱི་ཞེད་སྣང་དང་སྐྱོ་བ་མེད་པར།

དལ་བུར་གཤོག་སྒྲོ་རྐྱོང་མཁན་དེ་ཚོ།

ཁྲུང་ཁྲུང་གཅིག་པུ་ཡིན་རྒྱུ། ང་ལ་ཡིད་ཆེས་ཡོད།


ལོ་ཡི་འཁོར་མོར་གཞིས་ཁྱིམ་འདི་བཙན་གྱིས་སྲུང་ལ་བྱམས་ཀྱིས་བསྐྱངས།

ལོ་ཡི་འཁོར་མོར་མི་རབས་ཤིག་དལ་གྱིས་བསྐྱངས་ལ་དུས་རབས་ཤིག་ལ་སྐྱེལ་མ་བྱས།


སུ་ཞིག་གིས།

རི་རབ་ཀྱི་རྩེ་ནས་ཀྭི་བསྭོ་ཡི་ལྷ་བསང་གཏོད།

སུ་ཞིག་གིས།

བྱེ་ཐང་གི་གཞུང་དུ་སྔོ་ལྗང་གི་ནེའུ་གསིང་བསྐྲུན།


ན་ཆུང་བའི་ང་ཚོ།  

གཉོམ་ལག་མ་རྒྱས་པའི་ང་ཚོ།

མི་ལོ་བཅུ་ཕྲག་འགའི་རིང་ཏུ།

བྱམས་བྱམས་དང་བརྩེ་བརྩེས་བསྐྱངས།


འོ་བརྒྱལ་བཟོས་སོང་།

བདག་གི་དགེ་རྒན་དམ་པ།


འོད་ཀྱི་རེ་སྨོན།

— ཐེངས32པའི་དགེ་རྒན་དུས་ཆེན་ལ། 

སྟག་རིག་འབྲུག་ཐར། (མཚོ་ལྷོ)


སྟོན་མཇུག་བང་བ་འབྲུ་ཡིས་བཀང་དུས། 

འཛིན་མའི་གདོང་ལ་གསེར་མདོག་བཀྲ་དུས།

ཉིད་ལ་དབང་ཆོག་ཆོག་གི་དུས་ཆེན་དེ། 

ང་དང་ཁྱོད་ཀྱི་སེམས་པའི་གས་སྲུབས་ནས་ལྗོན་པ་ལྟར་རྒྱས་འོངས། 

འདབ་ལག་རྒྱས་པའི་ལྗོན་པ་དེ། 

རྨི་ལམ་ལྗང་ཁུ་ཞིག་ཡིན།

སེམས་འདུན་དཀར་པོ་ཞིག་ཡིན།

ཉིན་ནས་ཟླ།   ཟླ་ནས་ལོ། 

ཟོ་ཆུན་འཁོར་མོ་ལྟར་སྔོ་ཡུག་ཡུག་གི་ནམ་མཁའ་དང་འབྲེལ་ནས།

ཉི་ཟླ་ལྟ་བུའི་འོད་སྣང་ཞིག་སྦྲུམ་སྟེ།

སྨག་ནག་པའི་མུན་པ་བཅིལ་བ་ལོ་རྒྱུས་ཀྱི་གླེགས་བམ་དུ་གསལ།


ཞབས་རྗེས་ཁྲིད་སྟེགས་ལ་འབྱར་ནས་ངག་གི་སྦྱིན་པའི་ཟེགས་མ་འཕྱོ་མྱོང་།

སྨྱུག་ཆུང་སོར་རྩེ་རུ་བསྒྲེངས་ཏེ་འབྲི་དེབ་ཀྱི་རྔམ་ཀ་ཚལ་བར་གསིལ་མྱོང་།

བརྩེ་སེམས་འབྲི་འོ་རུ་བསྲུབས་ནས་འབྲས་བཟང་གི་མར་ལོ་རབ་ཏུ་རྡོས་མྱོང་།


ནག་པང་ངོར་བརྡར་བའི་ས་སྨྱུག་གི་རྡུལ་ཕྲན་རེ་རེ་ནི།

ང་ཚོར་གནང་བའི་གཞན་ཕན་གྱི་སློབ་སྟོན་རེ་རེ་ཡིན། 

 མཁའ་དབྱིངས་སུ་གཏད་པའི་ཕྱག་རྒྱ་ཡི་འགྱུ་སྟབས་རེ་རེ་ནི།

ང་ཚོར་གནང་བའི་མདུན་སྐྱོད་ཀྱི་སྒུལ་ཤུགས་རེ་རེ་ཡིན། 

ཁྱེད་ཀྱི་དྲིན་ལ། ང་ཚོས་དབྱངས་གསལ་གྱི་གཤོག་པ་བཙུགས་ཏེ།

ཤེས་རིག་གི་མཁའ་དབྱིངས་སུ་ལྡིང་སྐོར་བརྒྱབ་མྱོང་།

ཁྱེད་ཀྱི་དྲིན་ལ། ང་ཚོས་ཐབས་ཤེས་ཀྱི་ཉི་ཟླའི་འོག་ཏུ།

ཕུགས་བསམ་གྱི་རྡོ་ཐེམ་ལ་རྐང་པས་བརྫིས་མྱོང་།


དམའ་འབེབས་ཀྱི་དུག་མདའ་འཕེན་ན་འཕེན་དུ་ཆུགས། 

ཟུར་ཟ་ཡི་མཆིལ་ཞགས་འཕེན་ན་འཕེན་དུ་ཆུགས།

སྒམ་བརླིང་བྲག་རི་འདྲ་བའི་བསམ་གཏན་གྱི་བློ་དེ་ཁྱེད་ལ་བདོག

དཀྱེལ་ཡངས་ཨ་སྔོན་ལྟ་བུའི་བཟོད་པ་ཡི་སྲོན་ཁ་དེ་ཁྱེད་ལ་མཆིས།

དེ་ནི་ཁྱེད་ཀྱིས་ལས་རིགས་འདི་བདམས་པའི་དན་རྟགས་ཉིད།

དེ་ནི་ཁྱེད་ཀྱིས་བྱ་བ་འདི་གཉེར་བའི་དོན་སྒོའོ།།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།