ཀྲུང་གོ་བོད་ཀྱི་དྲ་བ།

སེམས་པ་འདི། སྣང་བ་འདི།(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཙན་བུ།   སྤེལ་དུས། : 2016-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཙན་བུ།(ཟི་ལིང)


སྟོན་ཀའི་རྣམ་པ་ལས

ངས་གཞི་ནས་ཞིང་ལས་ལ་བྲེལ་བའི་ཕུ་ནུ་མིང་སྲིང་དྲན་འོངས

གནའ་སྔ་མོ་སྔ་མོ་ཞིག་ལ

རོང་གི་ས་ཆར་ཨ་ཕས་ས་བོན་གཏོར་མྱོང་ལ

ཨ་མས་ཞིང་ལ་ཡུར་ཆུ་དྲངས་མྱོང

ཚ་བ་ཆེ་བའི་དུས་ཚིགས་ཤིག་ལ་ལོ་ཏོག་སྡུད་ཞོར

ཀེ་ཚེ་ཚོད་མ་དང་རྩམ་པ་ཟོས་མྱོང

ཞིབ་འདང་རེ་བརྒྱབ་ན་སྐབས་དེར་ང་ཚོ་ཧ་ཅང་གཉོམ་རུང   སེམས་པ་དེ་སྐྱིད་པོ་སྐྱིད་པོ་ཞིག


རུ་སྤོར་བའི་རྣམ་པ་ལས

ངས་གཞི་ནས་ཕྱུགས་ལས་ལ་བྲེལ་བའི་ཕུ་ནུ་མིང་སྲིང་དྲན་འོངས

སྔོན་མ་སྔོན་མ་ཞིག་ལ

འབྲོག་གི་ས་ཆར་ཨ་ཕས་སྦྲ་ནག་ཕུབ་མྱོང་ལ

ཨ་མས་མར་ལོ་དཀྲུགས་མྱོང

རྫ་སྨུག་པོའི་གོང་ཁ་རུ་ནོར་ལུག་འཚོ་བཞིན

རི་ཆུ་ལུང་གསུམ་བདག་ཏུ་གཟུང

ང་ཚོས་འབྲི་མོའི་འོ་མ་དང་བོད་ལྭ་གྱོན་མྱོང

ཞིབ་འདངས་རེ་བརྒྱབ་ན་སྐབས་དེར་ང་ཚོ་ཧ་ཅང་གཉོམ་རུང   སྣང་བ་དེ་བསོར་མོ་བསོར་མོ་ཞིག


གྲོང་ཁྱེར་གྱི་གནོན་ཤུགས་ལས

ངས་གཞི་ནས་ས་འདིར་གནས་སྤར་ཡོང་བའི་ཕུ་ནུ་མིང་སྲིང་དྲན་འོངས

ན་ནིང་ད་ལོ་ཞིག་ལ

རྒྱ་གྲོང་འདིར་ཨ་ཕར་བསང་ཕུད་སའི་ས་མེད་ལ

ཨ་མས་སྙིང་ཉེ་བའི་ལུག་ཁྱུ་བོར་ནས

མིང་སྲིང་ཚོས་རྟ་འདོ་བའི་སྤུ་མདོག་བརྗེད་ཟིན

ད་དུང་མང་པོ་མང་པོ་ཞིག

ཞིབ་འདངས་རེ་བརྒྱབ་ན་དེང་སྐབས་ང་ཚོ་ཧ་ཅང་སྐྱིད་རུང   སེམས་པ་འདི་བདེ་མོ་བདེ་མོ་ཞིག་མིན


དོ་ནུབ། ཁ་རོག་སྡོད་དོན་ཡེ་ནས་མི་འདུག


ཁྱོད་ངོ་ཤེས་དུས    

དབྱར་གཞུང་གི་ཉིན་མོ་ཞིག་ཡིན

གནམ་ན་སྤྲིན་པ་ཡུག་གཅིག་ཀྱང་མེད


ཁྱོད་ངོ་ཤེས་དུས    

དབྱར་ཟླ་དྲུག་པའི་ཉིན་མོ་ཞིག་ཡིན

སྤང་ན་ནོར་ལུག་གཅིག་ཀྱང་མེད    


ཉིན་མོ་དེར

རྨ་ཆེན་གངས་རིའི་ས་ནག་ཁ་མདོ་ནས

གངས་ཆུའི་ལྷོད་ཤ་ལ་སེམས་པ་གླེན་བཞིན

མེ་ཏོག་སེར་ཆེན་གྱི་མཛེས་ཉམས་གླེང་བཞིན

མཉམ་པར་རེ་བརྒྱབ་པ་དྲན་ན


དོ་ནུབ

དབྱར་གཞུང་གི་མཚན་མོ་ཞིག་ཡོད་ཡོད་ལ

འུ་གཉིས་ཁ་རོག་སྡོད་དོན་ཡེ་ནས་མི་འདུག

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།