ཀྲུང་གོ་བོད་ཀྱི་དྲ་བ།

ངའི་ལས་མཐུན་ཡོངས་ལ་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གངས་ཞུན།   སྤེལ་དུས། : 2016-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གངས་ཞུན།


ང་ཚོ་འཐབ་མོ་བ་ཡིན

ང་ཚོ་ནམ་ཡང་འཐབ་ར་ན་ཡོད

ཁྱོད་དཔའ་ང་རྒོད་ཀྱི་དཔལ་འབྱོར་ཚོང་རའི་འཐབ་ར་ན་ཡོད

ང་ཚོར་མཁོ་བ་ནི་འཐབ་གྲོགས་ཡིན།


ང་ཚོ་དཔལ་རྟུལ་ཡིན

ང་ཚོས་ནམ་ཡང་དཔའ་ཁ་འགྲན་བཞིན་ཡོད

ཁྱོད་རྒྱལ་ང་ཕམ་གྱིས་འཚོ་གནས་རྩོད་པའི་དཔའ་ཁ་འགྲན་བཞིན་ཡོད

ང་ཚོར་དགོས་པ་ནི་དཔའ་སྙིང་ཡིན།


ང་ཚོ་གདོང་མཆོངས་བ་ཡིན

ང་ཚོ་ནམ་ཡང་ཉེན་ཁའི་མདའ་མགོ་ན་ཡོད

ཁྱོད་ཤི་ང་གསོན་གྱིས་རྒྱུ་འབྲས་བདེན་དོན་འཕྲོག་པའི་མདའ་མགོ་ན་ཡོད

ང་ཚོ་སྨོན་པ་ནི་སྤྱང་གྲུང་ཡིན།


གཡུལ་ས་འདི་ནི་ང་ཚོའི་ཚེ་གང་གི་འཐབ་ར་ཡིན

འདི་ནི་ཡུལ་ལུང་གི་འཐབ་ར་ཡིན  སེམས་ཁམས་ཀྱི་འཐབ་ར་ཡིན  དཔལ་ཡོན་གྱི་འཐབ་ར་ཡིན  མཐར་ཐུག་གི་འཐབ་ར་ཡིན།

འདི་ན་ང་ཚོའི་རིག་གནས་ཡོད  ང་ཚོའི་དད་པ་ཡོད  ང་ཚོའི་རྨི་ལམ་ཡོད། ང་ཚོའི་དཔའ་རྩལ་ཡོད  ང་ཚོའི་གདུང་འབོད་ཡོད  ང་ཚོའི་དུར་ས་ཡང་ཡོད།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།