ཀྲུང་གོ་བོད་ཀྱི་དྲ་བ།

འོབས་དོང་།(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་སེམས་དཔའ།   སྤེལ་དུས། : 2016-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྲི་སེམས་དཔའ།

 

མཐའ་མེད་པ་ནི་མཐའ་ཡོད་པས་ཡིན། གཏིང་མེད་པའང་གཏིང་ཡོད་པས་ཡིན།

འཁྲུལ་སྣང་མཐའ་དག་གི་རྩ་བ་ནི་ང་ཚོ་འོབས་དོང་དུ་ལྷུང་ཡོད་པས་ཡིན།

ཉི་འོད་ཀྱི་ཟེར་མས་ཉི་འོད་ལ་རྒྱབ་ཕྱོགས་མཁན་དག་ཐེད་དུ་བོར་ནས།

ཡོད་པ་དང་མེད་པ་གང་ལའང་། མུན་པ་དང་སྣང་བའི་ལམ་ཞིག་བསྟན་འདུག

ཡིན་ཀྱང་། ང་ཚོ་འོབས་དོང་དུ་ལྷུང་ཡོད་པས།

ད་ནི་མཁའ་དབུགས་སྤར་མོ་གང་བོ་འདི་འཕྲོག་རྩོད་བྱེད་དགོས།

 

རི་བོ་དང་ཆུ་བོ། མཐོན་པོ་དང་དམའ་མོ་སོགས་ཀྱི་མཚོན་དན་ག་རེ།

ཇི་ལྟར་བསམ་གཞིག་གི་སྒོ་མོ་ཆེ་རུ་ཕྱེ་ཡང་། ཡིད་ངོར་ཤར་ཐབས་བྲལ་བ་དེ་དག

ང་ཚོའི་ཁ་གཏད་དུ་འགྲེང་ནས་ཁྲེལ་དགོད་ཡང་ཡང་བྱེད།

ང་ལན། ཁྱོད་ཀྱང་ལན།

ཡིན་ཀྱང་། འོབས་དོང་འདི་ག་རེ་ལན་ནམ།

 

འོད་ཀྱིས་བཏང་བའི་འོབས་དོང་རིང་མོ་འདི།

དཀར་ངོགས་མཐའ་དག་གི་དུར་ཁུང་སྟེ།

སྣང་བའི་སྲོག་རྩ་འདི་ནས་བཅད་དེ།

དྲན་པ་ཡོད་ཚད་ཀྱི་སྒོ་མོ་ལ་ལྕགས་ཟྭ་དམ་པོར་བརྒྱབ།

འདི་རུ་མ་འོངས་པ་ནི་ད་ལྟ་བ་ཡིན་ལ།

འདས་པ་ནི་མ་འོངས་པའོ།།

 

འོབས་དོང་གི་ཕྱི་རོལ་ཏུ།

ཉིན་མཚན་རེས་མོས་ཀྱི་འཁོར་ལོས་འཇིག་རྟེན་གྱི་གསང་བ་དཀྲིས་ཤིང་བཤིག་ནའང་།

ང་ཚོ་ནི་གསང་བ་ཆེན་པོ་དེའི་ལྷུ་ལག་རེ་རེར་གྱུར་ཏེ་འོབས་དོང་དུ་ཁུ་སིམ་མེར་ལུས།


མེ་ལོང་།


མཚན་མོའི་ཀློང་དུ་མེ་ལོང་གི་གསལ་མདོག་ཡོངས་སུ་ཤོར་ཀྱང་།

མཚན་མོ་ནི་མེ་ལོང་གི་ངོས་སུ་དེ་ལྟར་གཙང་ཞིང་ནག་ནོག་གིས་གོས་མི་འདུག

ཡིན་ཀྱང་། ཉིན་མོར་མེ་ལོང་དུ་གདོང་གི་འཁྱུག་རིས་ཙམ་ལས།

དེའི་ལྟག་རྒྱབ་ཏུ་བསྐུངས་པའི་དགའ་སྐྱོ་ངོ་མའི་བྱད་བཞིན་ནི་མཐོང་བའི་སྐལ་བ་དབེན་ནོ།།

 

མེ་ལོང་གི་མདུན་ནས། སྐག་བསྐུ་བའམ། ཚོས་བྱུགས་པ།

ཡག་ལས་ཀྱི་བགྱི་བ་ཡང་ནས་བསྐྱར་དུ་ཅི་ལྟར་བརྩམས་ཀྱང་།

ཅིས་ཀྱང་གཙང་མར་ཕྱིས་ཐབས་བྲལ་བ་ནི་རབ་རིབ་ཀྱིས་གོས་པའི་སེམས་ཀྱི་ཨ་སྔོན་དེ་ལགས་པས།

སེམས་ཀྱི་སྒང་གཤོང་ནི་ཚ་མྱགས་སུ་སོང་བའི་བིམ་པ་ཞིག་ཡིན་སྲིད།

བིམ་པའི་སྟེང་དུ་འབུ་སྦྲང་འཁོར་སྲིད།

 

ཚོར་བའི་ཀློང་ནས་འཇིག་རྟེན་ལ་གཟིགས་མོ་གནང་མཁན་ཞིག་ལ་མཚོན་ན།

མེ་ལོང་གི་ངོས་ནས་བདེན་པར་རློམ་པའི་གནས་ལུགས་ཅི་ཙམ་རྙེད་ཐུབ་ཨང་།

མེ་ལོང་དེ་ས་ཆུ་མེ་རླུང་གི་ངོ་བོར་འཐིམ་ཏེ་ཤུལ་མེད་དུ་བརླགས་ཟིན་ཀྱང་།

ངོ་གདོང་གི་སྨྲེ་བ་ནག་པོ་དང་། གྲོག་ཤུར་ལྟ་བའི་རྒས་གཉེར། མིག་ནང་གི་གཡོ་ཟོལ།

དེ་དག་ད་དུང་ཁྱེད་ཀྱི་གདོང་དུ་བྱིས་པའི་ཁ་ཤ་གཅོག་བྱེད་ཀྱི་སྣབས་བཞིན་དཔྱངས་པས།

ཀ་ཡེ། ཁྱེད་ལ་དགོས་པ་ནི་མེ་ལོང་ཡིན་ནམ།

ངོ་གདོང་ཡིན།

 

ཞོགས་པ་རེ་རེར་བདག་གིས་དེ་ལྟར་དྲན་ནས།

མེ་ལོང་གི་མདུན་ནས་སྦྲིད་པར་གྱུར་པའི་བཞིན་ལ་ཤ་གཅུ་ཡང་ཡང་བརྒྱབ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།