རྟོགས་སད་ལྷ་མོ།
གཅིག་གཅིག་གསུམ།
ཚེ་སྐྱིད་ལྷ་མོའི་སྐྱེས་སྐར་ལ
དེ་རིང་གླུ་སྐད་ཅིག་སྐུར་དགོས་སམ །
དབུགས་ཀྱི་རྒྱུ་བ་ལས་མིད་ཐག་འགག་ཤིང་ །
རྩྭ་ཆུ་དང་རི་བྲག་འགུལ་བའི་དབྱངས་རྟ་དེས །
བརླན་ཞིང་གཞོན་པའི་ཡུལ་སྡེ་ཞིག་གཞི་ནས་དཀྲོགས་ཤོག
ལོ་ཟླའི་གྲིབ་གཟུགས་ལ་ཁེན་པའི་ཕུང་པོ །
དོག་དྲགས་པའི་ལམ་ཕྲན་ནས་ཕྱི་མིག་བལྟས་ཚེ །
དུངས་གཏམ་དང་སྣང་བ་བསྲེས་པའི་རྨི་ལམ་ཞིག་ནས །
སྐམ་ཞིང་གོག་པའི་འཇའ་སྤྲིན་དག་ཡོངས་སུ་རློན་ཤོག
རི་བོའི་པང་ཁུག་ན་འཕུར་བའི་ཕྱེ་ལེབ་དཀར་པོ །
གོ་ལའི་གས་སྲུབ་ནས་འབུས་པའི་ཙན་དན་གྱི་ལོ་མ །
ཡང་བསྐྱར་ཁོད་ཡངས་བའི་ཕ་ཡུལ་གྱི་རྩེད་ར་ནས །
གཡང་དཀར་དང་འབྲི་མོའི་ལྷས་ར་ནས་ཁད་ཀྱིས་སད་ཤོག
བཙའ་ཡིས་ཟིན་པའི་རལ་གྲི་འདི་བཀོལ་ཐེངས་རེར །
རྨ་ཆུ་དང་རྫ་ཆུའི་རབ་ཁ་ནས་རྟ་མཆོག་ལ་སྒུག་འདྲ །
གནམ་གཤིས་ཀྱི་དྲོད་གྲང་མི་སྙོམས་པའི་དུས་བཞི་ལས །
དབུས་ལམ་ནས་བབ་པའི་ཁ་བ་དང་ལྷན་དུ་ཁྱེད་ལ་འཁྲུངས་སྐར་ཞུ།