ཀྲུང་གོ་བོད་ཀྱི་དྲ་བ།

མཚན་མོ་ཡ་མཚན་མོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྨུག་པོ།   སྤེལ་དུས། : 2019-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོ་དགོང་གི་མཚན་མོ་སྟོང་ཞིང་འཇགས། གཞིས་ཁུལ་གྱི་ཁྱིམ་ཚང་སོ་སོའི་སྒེའུ་ཁུང་ལས་འོད་གསལ་ལ་མི་གསལ་བ་རེ་ཕྱི་ལ་འཕྲོས་འདུག་པ་མ་གཏོགས་ཡོད་ཚད་ལྷིང་འཇགས་སུ་གྱུར་འདུག སྒྲོན་མེའི་འོད་ནི་ཧ་ཅང་གཉོམ་ལ། མེ་ལྕེ་ཡང་ཧ་ཅང་ཉམ་ཆུང་གིས་གྱེན་དུ་འགྲེང་འདུག ཁང་པའི་ནང་དུ་རང་ཉིད་ཀྱི་དབུགས་འབྱིན་རྔུབ་བྱེད་པའི་སྒྲ་ཁོ་ན་ལས་གསོན་པའི་རྟགས་ཅི་ཡང་མི་འདུག

དོ་དགོང་གི་མུན་པ་གནག་ཅིང་ཟབ། ཁོས་སྒྲོན་མེའི་འོད་སྣང་ལ་བལྟས་ནས་བསམ་བཞིག་གི་ཀློང་དུ་འཁྱམས། སེམས་ལ་གཤོག་པ་ཐོགས་ཏེ་སྟོང་གསུམ་གྱི་དབྱིངས་ལ་འཁོར་ཀྱང་། མིག་ཟུང་ལ་གཡོ་འགུལ་ཅི་ཡང་མེད་པར་སྒྲོན་མེའི་མེ་ལྕེ་ལ་ཅེར་ནས་འདུག སྒྲོན་མེའི་འོད་ངོགས་ནས་མགོ་དཀྲིས་དམར་པོ་ཅན་གྱི་བུ་མོ་ལང་ཚོ་དར་ལ་བབས་པ་ཞིག་གསལ་ལེར་མངོན་བྱུང་། མིག་ལ་དགོད་འཛུམ་གྱི་ཉམས་སྙིང་རྗེ་བ་ཞིག་རྒྱས་ཏེ། ཁོ་ལ་ལག་བརྡ་བྱེད། ཁོའི་རྣམ་ཤེས་ལུས་དང་བྲལ་བ་ལྟར་མིག་ལ་གཡོ་འགུལ་མེད་པར་ཅེར་འདུག མགོ་དཀྲིས་དམར་པོ་ཅན་དེ་སྐབས་རེར་ཧ་ཅང་རྒྱང་རིང་ན་ཡོད་པ་ལྟར་སྣང་ལ་སྐབས་རེར་ཁོའི་མིག་མདུན་གྱི་སྒྲོན་མེའི་འོད་སྣང་ངོགས་སུ་ཡོད་པ་ལྟར་སྣང་། མགོ་དཀྲིས་དམར་པོ་ཅན་དེས་ཁོ་ལ་བལྟས་ཏེ་གདོང་ལ་སྐྱོ་སྣང་དང་བཅས་ལ་གཞས་སྙན་མོ་ཞིག་ངག་ལ་གྱེར་སོང་།

ཨ་རོགས་ལོ།

རྒོད་ཐང་དཀར་ནམ་འཕང་བསྟོད་དུས། །

ཁྱོའི་གཤོག་སྣེར་སྨུག་ཅིག་འཐིབས་པ། །

ཁྱོས(ཁྱོད་ཀྱིས)མ་བསམ་ཅི་ཡིན་མི་ཤེས། །

ཁྱོས་སོམས་ལ་འདང་ཞིག་རྒྱོབས་དང་། །

ངའི་ཡ་ཆུང་གངས་དཀར་སྨུག་ཡིན། །

སྨུག་ཡིན་པས་ཁྱོད་སར་འཐིབས་ནི་ཡིན། །

རོགས་ཆུང་ལོས་སྡེ་རུ་བརྒྱུད་དུས། །

ཁྱོའི(ཁྱོད་ཀྱི)རྡོག་སྣེར་རྡུལ་ཞིག་འཐིབས་པ། །

ཁྱོས་མ་བསམ་ཅི་ཡིན་མི་ཤེས། །

ཁྱོས་སོམས་ལ་འདང་ཞིག་རྒྱོབས་དང་། །

ངའི་ཨུ་ཤུ་དངན་པ་རླུང་ཡིན། །

རླུང་ཡིན་པས་ཁྱོད་སར་གཡུགས་ནི་ཡིན། །

ལ་གཞས་སྙན་མོ་དེས་ཁོའི་སེམས་པ་དབང་མེད་དུ་བཀུགས། དངོས་གནས་དེ་འདྲ་ཞིག་རེད་སྙམ་བཞིན་རང་ཉིད་ཀྱི་མིག་མདུན་ཐམས་ཅད་བརྗེད་དེ་རྣམ་ཤེས་ཡོངས་སུ་བོར། སྐབས་དེར་ལག་གི་སྨྱུ་གུ་ས་ལ་ལྷུང་བས་ཁོས་རང་ཉིད་བསམ་གཞིག་གི་ཞིང་ཁམས་ལ་གཡེང་འདུག་པ་ཤེས།

སྨྱུ་གུ་ལག་ཏུ་བླངས་ནས་མདུན་གྱི་ཤོག་དཀར་ལ་ལྟ་དུས། ཡིག་འབྲུ་ཐིག་ཕྲེང་གསུམ་མ་གཏོགས་བྲིས་མི་འདུག ཁོས་ཡུན་རིང་ཞིག་ལ་ལག་བྲིས་མ་བྱས་པས་ཡིག་གཟུགས་སྔོན་ཆད་དང་བསྡུར་ན་ཇེ་བཙོག་ཏུ་གྱུར་འདུག་སྙམ་བཞིན།“གལ་སྲིད་གློག་ཡོད་ན། ངས་གློག་ཀླད་བེད་སྤྱོད་བྱས་ཆོག་ཨང”ཞེས་ཆིག་ལབ་བྱས།

ཁོས་སྒྲོན་འོད་ནང་གི་མགོ་དཀྲིས་དམར་པོ་དེར་ཕྱིར་འདང་ཞིག་བརྒྱབ་ནས།“ད་ནི་ལག་སྣེའི་ཡི་གེ་འདི་མ་བྲིས་ན་སང་ཉིན་ལེན་དུ་ཡོང་ན་ཅི་ཞིག་བཤད།”ཅེས་སྨྱུག་ཆུང་བདེ་ལེགས་ལག་ཏུ་བཟུང་ནས་སྡེ་དཔོན་གྱི་སྐད་ཆ་ལ་ཕྱིར་དྲན་བྱས།

“ས་སྣེ་དེ་ང་ཚོའི་སྡེ་བའི་ས་ཡིན་པའི་མི་ཚད། ས་དེ་ཁྱིམ་ཚང་སོ་སོས་འགན་གཙང་ལེན་བྱས་ཏེ་ལོ་ངོ་མང་པོ་འགོར་སོང་། ད་རེས་སྲིད་འཛིན་ས་མཚམས་ལ་རྟགས་བརྒྱག་དགོས་ཟེར་བ་འདི་ངོ་མ་དཀྲུགས་ཤིང་འཕེན་བྱེད་ཅིག་རེད།”སྡེ་དཔོན་གྱིས་ཁ་ལྕེ་མྱང་ཙམ་མྱང་ཙམ་བྱེད་བཞིན། “སྤྱི་ཚོགས་རྙིང་བའི་ས་བཀྲ་ལྟར་རང་སྡེ་བའི་ས་འདི་རེབ་གོང་ཕྱོགས་ལ་བགོ་དགོས་ཟེར་བ་ནི་དངོས་གནས་དོན་དངོས་དང་མི་མཐུན་པའི་བྱ་བ་ཞིག་རེད། སྐབས་དེར་ཡུལ་དངོས་སུ་མ་ཡོང་བར་ས་བཀྲའི་སྟེང་ནས་སྲིད་འཛིན་ས་རྟགས་བརྒྱབ་པ་ཙམ་ལས་ས་གནས་མང་ཚོགས་ཀྱི་རྩྭ་ས་སྔར་ལྟར་བཞག་པ་རེད། ཁྱེད་ཀྱིས་ངས་བཤད་པ་བཞིན་གོང་རིམ་ལ་གནས་ཚུལ་ཡར་ཞུའི་ཡི་གེ་ཞིག་འབྲི་རོགས།”སྡེ་དཔོན་གྱི་གདོང་ལ་བྲེལ་འཚུབ་ཀྱི་ཉམས་ཤིག་ཤར་འདུག

“ད་ཐེངས་ཀྱི་སྲིད་འཛིན་ས་རྟགས་ཡིན་ན་རོ་བརྒྱག་རྒྱུ་འདི་མིན་ན། སྡེ་གཉིས་ལྷོ་འགྲིག་བྱང་འགྲིག་ཡིན། གློ་བུར་དུ་ས་རྟགས་བརྒྱག་རྒྱུ་ཟེར་ན། ད་ནི་སྡིག་ཤྭ་ཉལ་ཤེའུས་སློང་རྒྱུ་རེད། ”ཟེར་ནས་སེམས་ལ་སྐྱོ་ཉམས་ཤིག་ངང་ངམ་ཤུགས་ཀྱིས་ཐོན།

སྡེ་དཔོན་གྱི་གདོང་གི་སྐྱོ་ཉམས་དེ་དྲན་པས་ཁོའི་སེམས་པའང་ལྗིད་ཏིག་གེར་གྱུར། ད་ཅིའི་མགོ་དཀྲིས་དམར་པོ་ཅན་དེའང་གཏིང་བརྗེད་དུ་གྱུར།

སྡེ་དཔོན་གྱིས་སེམས་ཀྱི་རེ་བ་ཡོད་ཚད་ཁོ་ལ་བཤད་པས་ཁོས་གནས་ཚུལ་ཡར་ཞུའི་ཡི་གེ་མི་འབྲི་ཐབས་མེད་དུ་གྱུར། དེ་བས་དོ་དགོང་གློག་མེད་ཀྱང་ཤོག་སྨྱུག་ལག་ཏུ་བཟུང་ནས་ཡར་ཞུའི་ཡི་གེ་འབྲི་བའི་ལས་ལ་ཞུགས།

ཁོའི་མིང་ལ་རྡོ་རྗེ་ཟེར། རྐང་ཚ་ཟེར་བའི་འབྲོག་སྡེ་ཆེན་པོ་དེའི་སློབ་ཆེན་པ་གཅིག་པུ་ཡིན། སྤྱི་ལོ2012ལོའི་ཡར་སྔོན་དུ་སྡེ་བ་འདིར་སློབ་ཆེན་པ་ཞེས་མཛུབ་མོ་འཛུགས་ས་ནི་ཁོ་གཅིག་པུ་ཡིན། དེ་བས་ཡར་ཞུ་ཡི་གེ་འདི་ཁོས་མ་བྲིས་ན་སུས་འབྲི།

ཁོའི་རྣ་ལམ་དུ་སྡེ་དཔོན་གྱི་གཟབ་ནན་ལྡན་པའི་སྨྲ་བརྗོད་ད་ལྟའང་བྲག་ཅ་ལྟར་གྲག་བཞིན་འདུག ཁོས་མུ་མཐུད་དུ་ཡིག་འབྲུ་རེ་རེ་རང་གི་ཀླད་པའི་ནང་ནས་བཏུས་ཏེ་ཤོག་དཀར་སྟེང་དུ་བྲིས། འབྲི་བཞིན་འབྲི་བཞིན་མིག་ལམ་དུ་རང་གི་ཡི་གེ་རེ་རེ་ལ་དབང་བོ་རྣམ་ལྔ་ཞུགས་ཏེ་ཁོ་ལ་བལྟས་ནས་ཧབ་བགོད་བྱེད་ཅིང་སྡིག་མཛུབ་སྟོན་བཞིན།“ཁྱོད་ཀྱིས་འབྲི་བཞིན་པ་ཅི་ཡང་མིན། ཅི་ཡང་མིན། སྨྱོན་པའི་ལབ་བརྡོལ། སྨྱོན་པའི་ལབ་བརྡོལ།”ཟེར་བཞིན་ཟུར་ཟའི་ཚིག་ལ་གླུ་ཡི་འགྱུར་ཁུགས་དང་བསྡེབས་ནས་ཡང་ཡང་བཟློས།

ཁོ་རང་ཡ་མཚར་སྐྱེས་བཞིན་ཞིབ་ཏུ་ལྟ་དུས་ཡིག་འབྲུ་དེ་དག་སྐབས་རེར་བྱིས་པ་པྲ་ཆལ་སྐོར་ཞིག་ཏུ་གྱུར་ཏེ་མཉམ་འུར་བརྒྱག་བཞིན་ཁོ་ལ་འཕྱ་སྨོད་བྱེད། སྐབས་རེར་ཝ་མོ་དང་རི་བོང་སོགས་རི་དྭགས་སྲོག་ཆགས་ཆུང་ངུ་མང་པོ་ཞིག་ཏུ་གྱུར་ཏེ་ཤོག་བུའི་ངོས་སུ་མཆོང་ལྡིང་དང་འབྲོ་རྒྱུག་ཅི་རིགས་བྱེད། སྐབས་ཤིག་ལ་ཁོའི་ཡིག་འབྲུ་དེ་དག་རློན་ཏིག་ཏིག་གི་ཆུ་ཡི་ཟེགས་མ་རེ་རེར་གྱུར་ཅིང་ཤོག་དཀར་ངོས་ལས་ཟགས་ཏེ་མདུན་ཅོག་སྟེང་དུ་ལྷུང་། ཁོས་མྱུར་མོར་ལག་མཐིལ་དུ་བླངས་པ་ན་མུ་ཏིག་གི་རྡོག་པོ་རེ་རེར་གྱུར་ཏེ་འོད་ཀྲིག་ཀྲིག་བྱེད་པས། ད་ཅིའི་མགོ་དཀྲིས་དམར་པོ་ཅན་དེའི་མིག་ཟུང་གི་གཟི་མདངས་ཡིད་ལ་དྲན་པར་བྱས་། ཁོའི་སེམས་ལ་དགའ་སྤྲོ་སྔ་ན་མེད་པ་ཞིག་རྒྱས་ཏེ། མུ་ཏིག་རྡོག་པོ་འདི་དག་ནི་མགོ་དཀྲིས་དམར་པོ་ཅན་དེའི་མཛུབ་རྒྱན་དང་རྣ་རྒྱན་བྱས་ན་ཅི་འདྲའི་ལེགས་ཨང་སྙམ།

ཁོས་མུ་ཏིག་རྡོག་པོ་རེ་རེ་གོང་མཛུབ་དང་མཐེ་བོང་གཉིས་ཀྱི་བར་ལ་བཟུང་སྟེ་སྒྲོན་མེའི་འོད་ངོགས་སུ་ཁྱེར་ནས་བལྟས་པ་ན་གཟི་མདངས་ལྷག་པར་ཆེ་བར་གྱུར་ཏེ་འོད་ཀྱི་ཟེར་མ་རེ་རེ་ལྷུག་ལྷུག་ཏུ་དགོད་པ་ལྟ་བུའི་སྣང་བ་ཞིག་བཅོས་མིན་དུ་སྟེར། མུ་ཏིག་རྡོག་པོ་དེ་དག་གི་མདུན་ངོས་དང་མཐའ་འཁོར་གྱི་ཟུར་ཁ་གང་དུ་བལྟས་ཀྱང་འོད་ཀྲིག་ཀྲིག་ཏུ་འཚེར་བའི་གཟི་མདངས་ནི་མགོ་དཀྲིས་དམར་པོ་ཅན་དེའི་མིག་གི་རྒྱལ་མོ་དང་མཆུ་སྒྲོས་ཀྱི་དམར་དམངས། སོ་དཀར་ཀྱི་རང་མདངས་སོགས་དང་གཅིག་ཏུ་འཁྲུལ་བར་བྱེད་པས། ཕལ་ཆེར་མུ་ཏིག་རེ་རེ་ནས་ཁ་བགད་དེ་ངག་འཁྲོལ་ཡོང་སྙམ་པའི་བྲེད་ཤ་སློང་བར་བྱེད།

ཁོས་མུ་ཏིག་གི་རྡོག་པོ་རེ་རེ་ཤོག་དཀར་ངོས་སུ་བསྟར་རྗེས་སླར་ཡང་སྒྲོན་མེའི་འོད་ངོགས་སུ་ཅེར། སྒྲོན་མེའི་མེ་ལྕེ་ནི་སྔར་བཞིན་གཡོ་འགུལ་ཅི་ཡང་མེད་པར་དྲང་ཤ་ལེར་གནམ་ལ་འཐེན་འདུག་པ་དང་། མེ་ལྕེའི་རྩེ་མོ་ན་དུད་ནག་རིང་མོ་ཞིག་སྐུད་པ་འཐེན་པ་ལྟར་གྱེན་ལ་འཐེན་འདུག མེ་ལྕེའི་མཐའ་འཁོར་ནི་དམར་སེར་ལྗང་གསུམ་གྱི་འཇའ་ཚོན་ལྟ་བུའི་འོད་གོར་ཞིག་གིས་བསྐོར་འདུག འོད་གོར་ཟླུམ་པོའི་དཀྱིལ་གྱི་མེ་ལྕེ་ལ་བལྟས་ཀྱིན་བལྟས་ཀྱིན་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་ཞལ་རས་འཇའ་འོད་ཀྱི་ཀློང་ན་འཛུམ་པའི་མེ་ཏོག་འཁྲོལ་བ་ལྟར་སྣང་བའི་བརྙན་འཕྲིན་གྱི་འཆར་ངོས་ཤིག་ཏུ་མཐོང་བས་ཁོའི་མིག་ནས་དད་གུས་ཀྱི་མཆི་མ་ལྷུང་ལ་ཁད་དུ་བྱས། དོ་དགོང་གི་སྒྲོན་མེའི་འོད་སྣང་ནི་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་མཛད་འཕྲིན་ཉི་ཟླའི་འོད་སྣང་ལྟར་ཁོའི་སེམས་པ་གློ་བུར་དུ་དཀར་གསལ་ལེར་གྱུར།

“སེམས་ནི་རྟ་རྒོད་གཤོག་ཐོགས་འདྲ་ཟེར་བ་ཅིས་མ་བདེན། ད་ནི་དུས་ཚོད་དམ་འཛིན་མ་བྱས་ན་ཡར་ཞུའི་ཡི་གེ་བྲིས་ཚར་རྒྱུ་མ་རེད།”ཁོས་རང་ཉིད་ལ་ལེ་བདའ་ལྟ་བུའི་ཆིག་ལབ་ཅིག་བྱེད་བཞིན་སྨྱུག་ཆུང་བདེ་ལེགས་ལག་ཏུ་བཅངས་ནས་འབྲི་མགོ་བརྩམས།

ཁོའི་སེམས་སུ་སྔོན་ཆད་རྩྭ་ས་རྩོད་གླེང་དང་ཕུ་ནུ་ནང་དམེ་ལ་དགག་པ་བརྒྱབ་པ་དྲན་བྱུང་། རྩྭ་ས་རྩོད་གླེང་བྱེད་པ་ནི་བོད་མིའི་གླེན་རྟགས་ཤ་སྟག་རེད་བསམས། ད་ལྟ་ཕྱིར་དྲན་ཞིག་བྱས་ན། འབྲོག་པ་བརྟེན་ས་ཕྱུགས་དང་ཕྱུགས་ཟོག་བརྟེན་ས་རྩྭ་ཡིན་པས་རྩྭ་ས་རྩོད་གླེང་བྱེད་པ་ནི་གླེན་རྟགས་རེད་ཅེས་མཐའ་གཅིག་ཏུ་སྡོམ་ཚིག་འགོད་ག་ལ་རུང་སྟེ། རང་ཉིད་ཀྱི་ཁེ་ཕན་ལ་གནོད་པ་བྱུང་ཚེ་རྩོད་གླེང་མི་བྱེད་པ་ཞིག་གང་ན་ཡོད།

ཁོས་དེ་ལྟར་སེམས་བཞིན་ཁ་སང་རྫོང་སྲིད་གཞུང་གི་སྒོ་ན་ཡོད་པའི་མི་དེ་ཚོ་ཡིད་ལ་དྲན། མི་དེ་ཚོས་ཁྱིམ་གྱི་རྒད་པོ་རྒན་མོ་ལོ་ལོན་ཚོ་རྒྱབ་ལ་ཁུར་ཡོང་ནས་སྲིད་གཞུང་གི་སྒོ་ཁར་འདུག་ཏུ་བཅུག་རྗེས། གསར་བུ་གནས་ལུགས་བཤད་ཤེས་པ་ཚོ་རྫོང་དཔོན་གྱི་གཞུང་ལས་ཁང་ལ་གནས་ལུགས་བཤད་དུ་སོང་།

“མང་ཚོགས་ཀྱིས་ཁ་རྒྱབ་ཇི་ལྟར་གསོ་རྒྱུ”ལོ་ལོན་དེ་ཚོས་རྫོང་སྲིད་གཞུང་གིས་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་གང་ཞིག་རྨེག་མེད་བྱས་སོང་ཟེར་ནས་ཧ་མི་གོ་བའི་ཡུལ་སྐད་ཏ་མ་ཏིག་མང་པོ་བཤད་དེ་མི་མང་ལ་བལྟ་རུ་འཇུག ཕར་བལྟས་ན་རྒྱལ་ཁབ་ཀྱིས་ཁོ་ཚོའི་ཁེ་ཕན་གང་ཞིག་ལ་གནོད་པ་བཟོས་སོང་བ་འདྲ།

འདི་ལྟ་བུའི་ཁེ་དབང་དང་ཁེ་ཕན་རྩོད་པའི་གནས་ཚུལ་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར། ལས་ཁུངས་དང་ལས་ཁུངས་ཀྱི་དབར། མི་སྒེར་ཕན་ཚུན་གྱི་དབར་ན་རྩིས་རྩིས་གྲངས་མེད་དུ་ཡོད།

“ཁེ་ཕན་རྩོད་པ་ནི་མི་ཙམ་མ་ཡིན་པར་སྲོག་ཆགས་གྲོག་མ་ཡན་གྱི་སྲོག་ལྡན་ཚང་མས་རང་རང་གི་ཁེ་ཕན་རྩོད་བཞིན་ཡོད་ཨང་།”ཅེས་ཆིག་ལབ་བྱས་པ་དང་སླར་ཡང་གདོང་ལ་གཟབ་ནན་གྱི་ཉམས་ཤིག་བྱུང་སྟེ།“རྩོད་པ་ཅི་འདྲ་མང་ཡང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་སྒོ་ནས་རྩོད་པ་དང་ཁྲིམས་ལྟར་ཐག་གཅོད་རྒྱུ་ནི་གལ་འགངས་ཆེན་པོ་རེད།”ཅེས་སྒྲོན་མེ་ལ་བལྟས་ནས་ནན་བཤད་བྱས་རྗེས།

“དེས་ན་ང་རང་གིས་ཀྱང་ཁྲིམས་ལ་བསྟུན་ནས་ཡར་ཞུའི་ཡི་གེ་བྲིས་ན་འགྲིག”ཅེས་ཡར་ལངས་ཏེ་དཔེ་སྒྲོམ་ལས་བཅའ་ཁྲིམས་སྐོར་གྱི་དཔེ་ཆ་བཙལ།

ཆུ་ཚོད་ག་ཚོད་ཡིན་པའང་ཡོངས་སུ་བརྗེད། ཕྱི་རོལ་ནི་ནག་རོག་གེར་འདུག མུན་པའི་ཁྲོད་དུ་བལྟས་ཚེ་ཡོད་ཚད་ལ་མགོ་མཇུག་དང་མདུན་བརྒྱབ་ཅི་ཡང་མེད་པར་ཡོངས་སུ་བཏུམས་འདུག་པ་ལྟར་སྣང་། ཁོས་བཅའ་ཁྲིམས་ཀྱི་དཔེ་ཆ་དེ་ལག་ཏུ་བླངས་ནས་རྐུབ་སྟེགས་སུ་སྡོད་དུས། མདུན་ཅོག་སྟེང་གི་སྨྱུ་གུའི་མིག་ལ་མཆི་མ་ཞིག་འཁོར་ནས་འདུག

“སྨྱུག་ཆུང་བདེ་ལེགས། ཅི་བྱས་སོང་།”ཅེས་དྲིས་པར།

“ཁྱོད་ཀྱིས་མ་རིག་ཐལ”ཟེར།

“ཅི་ཞིག་མ་རིག་ཐལ།”

“ད་ཅིའི་མགོ་དཀྲིས་དམར་པོ་ཅན་དེ་སླེབས་བྱུང་། འོན་ཀྱང་ཁྱོད་ཀྱིས་དཔེ་སྒྲོམ་ནང་ལ་མགོ་འཁོར་ནས་མ་རིག་ཐལ།”ཞེས་ཕངས་སེམས་དང་བཅས་བཤད།

ཁོས་མྱུར་དུ་སྒྲོན་མེ་ལ་ལྟ་དུས། སྒྲོན་མེ་ལ་འཇའ་ཚོན་ལྟ་བུའི་འོད་གོར་ཟླུམ་པོ་ཞིག་གིས་བསྐོར་ནས་འདུག དཀྱིལ་གྱི་མེ་ལྕེ་ལས་པཎ་ཆེན་སྣང་བ་མཐའ་ཡས་མ་གཏོགས་ཡིད་ལ་ཅི་ཡང་དྲན་རྒྱུ་མ་བྱུང་། ཁོས་རང་གི་དཔེ་ཁང་དུ་ཁོང་གིས་ཕྱག་ལས་གནང་བཞིན་པའི་སྐབས་ཀྱི་སྐུ་པར་ཞིག་ཡོད་པ་དེ་མིག་ལམ་དུ་ཤར་བྱུང་། ནམ་རྒྱུན་སྐུ་པར་དེར་མཇལ་བ་ན་ཁོང་གི་མཛད་འཕྲིན་ཡིད་ལ་དྲན་ཐུབ་པས་རང་ཉིད་ཀྱི་ད་ལྟའི་བྱ་བའི་གནས་ཚུལ་འདི་ནི་རྒྱལ་ཁབ་དང་མི་དམངས་ཀྱི་དཀོར་ཟ་བ་ལས་ཅི་ཡང་མ་ཡིན་སྙམ་ན་ཁ་སྐྱེངས་ཏེ་ངོ་གདོང་ཚ་ལམ་ལམ་བྱེད་པའང་ཡོད།

“འོ་ན་ད་ལྟ་མེད་པ་གང་ལ་བུད་སོང་།”ཁོས་སྨྱུག་ཆུང་བདེ་ལེགས་ལ་དྲིས།

“སུས་ཤེས། ཁྱོད་ལ་ལག་བརྡ་བྱེད་བཞིན་འདུག་ཀྱང་ཁྱོད་ཀྱིས་མི་རིག་གི།”

“ཁྱོད་ཀྱིས་མ་མཐོང་བ་མ་གཏོགས། སྒྲོན་མེའི་ཕར་རྒྱབ་ཀྱི་མུན་ནག་སྟོང་བའི་དབྱིངས་ན་ད་ལྟ་ད་དུང་ཁྱོད་ལ་བལྟས་ཡོད་ཀྱང་སྲིད།”སྨྱུག་ཆུང་བདེ་ལེགས་ཀྱིས་དེ་ལྟར་ཡིད་ཆེས་ལྡན་པའི་སྒོ་ནས་བཤད།

“དེ་འདྲ་ཡིན་ཡང་། ང་ལ་ལྟ་ཁོམ་མི་འདུག ངས་ཡི་གེ་འབྲི་དགོས།”ངས་མུ་མཐུད་དུ་གནས་ཚུལ་ཡར་ཞུའི་ཡི་གེ་བྲིས།

“ཁྱོད་ཀྱི་སེམས་འདི་ནམ་ཡང་ཉིས་འགལ་རེད། བློ་ཉིས་འགལ་གྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་འཚེམ་མི་འགྲུབ།”ཅེས་སྨྱུག་ཆུང་བདེ་ལེགས་མ་འཐད་པའི་ཉམས་ཀྱིས་བཤད།

“ངའི་བློ་ཉིས་འགལ་ཡིན་པའི་རྟགས་ཅི་འདུག ཁ་བདག་མེད་ནང་ནས་ཚིག་ཚོད་མེད་མ་བཤད་ན་བཟང་། ”ཁོས་དེ་ལྟར་བཤད།

“བློ་ཉིས་འགལ་ཡིན་པ་བལྟས་ན་ཤེས་ཐུབ། ཡི་གེ་ཐིག་ཕྲེང་གསུམ་ཡང་མ་བྲིས་པར་སྟོང་འདང་སྣ་ཁ་བཅོ་བརྒྱད།”

“གོང་རིམ་ལ་ཡི་གེ་འབྲི་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། བསམ་བློ་མང་པོ་གཏོང་དགོས་ནི་རེད། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་དགོས་པ་ལས་སེམས་ལ་གང་དྲན་བྲིས་ན་ག་ལ་འགྲིག”ཁོས་རང་ཉིད་ལ་གནས་ལུགས་ཡོད་མདོག་གིས་བཤད།

“བསམ་བློ་ཕྱོགས་གང་ལ་གཏོང་གི་ཡོད་པ་སུས་ཤེས། ད་མང་པོ་མི་བཤད་མྱུར་དུ་ཕྲིས།”སྨྱུག་ཆུང་བདེ་ལེགས་ཀྱིས་ཁོ་ལ་ཤ་ཚ་བའི་ཚུལ་དུ་བཤད།

ཁོས་སྨྱུག་ཆུང་ལག་ཏུ་བཟུང་སྟེ། མིག་གིས་སྒྲོན་མེ་ལ་ཡང་ཡང་བལྟ་བཞིན། སྐད་དམའ་མོས་ལ་གཞས་ཤིག་འདི་ལྟར་ངག་ལ་གྱེར།

ཨ་རོགས་ལོ།

ཤར་དུང་རི་དཀར་པོའི་གཡས་ཟུར་ནས། །

དགུང་ཉི་མ་ཤེལ་དཀར་མེ་ལོང་རེད། །

འོད་ཉི་ཟེར་དབུས་ལ་མི་ཤར་གི། །

འོད་ཉི་ཟེར་དབུས་ལ་མ་ཤར་ན། །

སྟོད་དབུས་གཙང་མུན་པ་མི་སེལ་གི། །

སྡེ་ཆེན་པོ་ནོར་བུའི་གདན་སྟེང་ནས། །

རོགས་ཆུང་ལོ་བསམ་པའི་དོན་གྲུབ་རེད། །

ཞག་ཉིན་མཚན་མེད་ལ་མི་ཐུག་གི། །

ཞག་ཉིན་མཚན་མེད་ལ་མ་ཐུག་ན། །

རོགས་དྲན་ནས་ཉི་མ་མི་ཆོད་ཀི། །

ལ་གཞས་དབྱངས་ལ་བཀུགས་ནས་མཚམས་འདིར་སླེབས་དུས་སྨྱུག་ཆུང་བདེ་ལེགས་ཀྱི་མིག་ལ་ཡང་བསྐྱར་མཆི་མ་ཞིག་འཁོར་ནས་འདུག

“ཅི་རེད། ཡང་མིག་ཆུ་འཁོར་གྱིན་འདུག”

“ད་ཅི་ཡིན། ལ་གཞས་དེ་འདྲ་ངག་ལ་གྱེར་ན་ངའི་སེམས་སྨྲེང་གི།”

“ཁྱོད་ཀྱི་སེམས་འདི་ཅི་འདྲའི་གཉོམ་པོ་ཞིག་རེད། བུད་མེད་ཅིག་གི་སེམས་ཁམས་དང་འདྲ། ཁྱོད་བུད་མེད་ཅིག་གི་རྣམ་ཤེས་ཡིན་ནི་མིན་ནམ།”

“ཡིན་ཡིན། ང་བུད་མེད་ཅིག་ཡིན། ད་ཅི་སྒྲོན་མེའི་ནང་གི་མགོ་དཀྲིས་དམར་པོ་ཅན་དེ་ཡིན།”

སྨྱུག་ཆུང་བདེ་ལེགས་ཀྱི་སྐད་ཆ་འདིས་ཁོའི་སེམས་པའང་རང་དབང་མེད་པར་སྐྱོ་ལྷང་ངེར་བཏང་བས་ཁ་བརྡའི་ཚིག་མཚམས་ཀྱང་ཆད་སོང་།

ཁོའི་སེམས་སུ་འཚོ་བའི་གནས་སྐབས་གང་དུའང་འདུ་ཤེས་ཀྱི་རྟེན་ཕུར་ཞིག་ཡོད་པ་ནི་རང་སེམས་ཀྱི་སྒུལ་ཤུགས་ཡིན་ཨང་སྙམ་ནས་ད་ཅིའི་མུ་ཏིག་གི་རྡོག་པོ་དེ་དག་ཤོག་བུའི་ངོས་སུ་ཚར་དུ་དངར་ཏེ། “རང་སེམས་ཀྱི་འོད་མདངས་ནི་མུ་ཏིག་གི་འོད་མདངས་འདི་ཡིན་ཨང་།” ཞེས་ངག་ནས་ཤོར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།