ཀྲུང་གོ་བོད་ཀྱི་དྲ་བ།

ཉི་འོད་འོག་གི་ཁྱེའུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྒོ་མེ་ཚེ་རིང་བཀྲ་ཤིས།   སྤེལ་དུས། : 2019-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190116210359.jpg

དབྱར་ཁ་དེའི་ཚ་གདུག་གྲོ་ཞིང་ཁའི་རི་ཀླུང་ཐང་གསུམ་དུ་ཉིན་གཅིག་ཉིན་གཉིས་ཉིན་གསུམ་ཉིན་བཞི་ཉིན་ལྔ་ཉིན་དྲུག་ཉིན་བདུན……ཉིན་ཉི་ཤུ་རིང་མེ་བཞིན་འབར་འབར་བས། རི་ཀླུང་ཀུན་ཏུ་ཐར་ཐོར་དུ་སྐྱེས་པའི་རྩི་ཤིང་དག་ཀྱང་། སྐེ་སྒྲོག་མི་ཐུབ་པའི་ཁྱེའུ་ཞིག་དང་འདྲ་བར་མགོ་བོ་ཐུར་ལ་དཔྱངས་འདུག 

ར་རྫི་ཚེ་ལོ་ནི་གྲོ་ཞིང་ཁའི་ར་མ་ཆེས་མང་བའི་གྲས་ཡིན།  ཁོ་ནི་ཉི་མ་སུམ་བརྒྱ་དྲུག་ཅུ་པོར་གྲོ་ཞིང་ཁའི་རྒྱབ་རི་སྐྱི་ཐུར་དེའི་སྟེང་དུ་གུར་ཕུབས་ཏེ་ར་རྫི་བྱས་ཡོད་པ་རེད། དུས་རྒྱུན་ཡིན་ན་ར་མ་རྣམས་རི་འདབས་ཀྱི་གྲམ་ཆུ་ཁར་ཉིན་གསུམ་ནས་བཞིའི་རིང་ལ་ཐེངས་ཤིག་ལས་འདེད་མི་དགོས་མོད།   ཉིན་དེ་དག་གི་རིང་དུ།   ཚ་གདུག་གི་དབང་གིས་ར་རྫི་ཚེ་ལོས་ར་མ་རྣམས་རི་འདབས་ཀྱི་ཆུ་ཁར་ཉིན་རེར་ཐེངས་རེ་འདེད་དགོས་བྱུང་།  དེ་ལྟར་བྱུང་བས་ཁོའི་ཉིན་གཅིག་གི་དུས་ཚོད་མང་པོ་ལམ་ནས་བཏང་བར་ཕངས་སེམས་ཆེན་པོ་སྐྱེས་བཞིན་འདུག   དེ་ནི་ཁོས་ལམ་གྱི་དཀའ་ཚེགས་བསམ་པ་མིན་པར་ར་མར་རྩྭ་ཟ་བའི་དུས་ཚོད་མི་འདུག་ཟེར་ལ། ད་དུང་བལྟས་བལྟས་ལ་ངའི་ར་མ་རྣམས་ཀྱི་ཤེད་ལྷུང་ཐལ་ཞེས་འཁང་ར་བྱེད་ཀྱིན་འདུག་མོད།  འོན་ཀྱང་།  མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཟེར་བ་མིན་ནམ། 

དེ་ལ་ཐབས་བཀོད་པ་ཅི་ཞིག་ཡོད་ཨང་། 

དེ་ལ་ཐབས་བཀོད་པ་ཅི་ཡང་མེད།

སྒོང་སྤྲི་ཞིག་དང་འདྲ་བའི་ཉི་མ་དམར་པོ་དེ་རི་ཚོགས་ཀྱི་གསེང་དུ་བཞུར་ལ་ཉེ་དུས། ར་རྫི་ཚེ་ལོས་ར་མ་རྣམས་གུར་འདབས་སུ་བསྐྱིལ་རྗེས་རས་གུར་ནང་དུ་འཛུལ་སོང་།  ཁོས་ཕྱི་དྲོ་ར་མ་རྣམས་རི་འདབས་ཀྱི་གྲམ་ཆུའི་ཁར་དེད་དེ་ཕྱིར་ལོག་པ་ཡིན་པས།  ལུས་ལ་ངལ་དུབ་ཀྱི་སྣང་བ་ཞིག་ཡོངས་སུ་ཁྱབ་འདུག   ཁོས་ནུབ་འཚལ་ཡང་བསྐོལ་མི་འདོད་པས་གོར་སྐམ་ཇ་འཁྱག་ལ་བསྒྲེས་ནས་ཅུང་ཟད་ཟོས་འཕྲལ། མགོ་བོ་མལ་ཐུལ་གྱིས་བཏུམས་ནས་གཉིད་ལ་རོལ་རྩིས་བྱས།

……ར་རྫི་ཚེ་ལོ་ནི་རྨི་ལམ་ཤིན་ཏུ་རྣོ་བའི་མི་ཞིག་ཡིན། རྨི་ལམ་ནང་ངོ་མཚར་གང་དང་གང་མཐོང་བ་དེ་དག་དེ་བཞིན་དུ་འབྱུང་སྲིད་པས། སྡེ་བའི་ནང་གི་མི་འགའ་རེས“ར་རྫི་ཚེ་ལོ་ནི་སྐྱེ་བ་འདིར་ར་རྫིར་གྱུར་པ་མ་གཏོགས། སྐྱེ་བ་སྔོན་མར་རྣམ་ཤེས་ཁྱད་པར་བ་ཞིག་ཡིན་པ་གདོན་མི་ཟ”ཟེར་ཞིང།  ཡང་ཁ་ཤས་ཀྱིས“སྐྱེ་བ་སྔོན་མ་རྣམ་ཤེས་ཁྱད་པར་བ་ཞིག་ཡིན་ཚེ།  སྐྱེ་བ་ད་ཐེངས་ར་རྫི་ཞིག་ཏུ་འགྱུར་མི་སྲིད”ཟེར།  ད་དུང་རེ་གཉིས་ཀྱིས“ར་རྫི་ཚེ་ལོ་ནི་བདུད་རྒན་ཞིག་གི་རྣམ་ཤེས་མིན་ན་བཟང་། སུས་ཤེས།  བདུད་རྒན་ཞིག་གི་རྣམ་ཤེས་ཡིན་ཀྱང་སྲིད”ཟེར།  དེ་ལྟར།  གྲོ་ཞིང་ཁའི་མི་རྣམས་ཀྱིས་གཞུ་ཆག་སྣེ་མོ་གང་འཕྲོད་དུ་སྦྱར་ཏེ་རང་རང་གི་གང་དྲན་ཅི་དྲན་བརྗོད་པར་བྱེད་མོད།   འོན་ཏེ་ར་རྫི་ཚེ་ལོ་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་ཀུན་གྱིས་ཁས་མི་འཆས་རང་འཆས་ཡིན། 

ལོ་དེར་གྲོ་ཞིང་ཁར་གློག་ཐོག་མར་འཐེན་དུས།  ར་རྫི་ཚེ་ལོས་མི་མང་ཚོགས་སར“གློག་འཐེན་ན་མི་བཟང”ཟེར།

སྡེ་དཔོན་གྱིས་ར་རྫི་ཚེ་ལོར“གློག་འཐེན་ན་ཅིའི་ཕྱིར་མི་བཟང”ཞེས་དྲིས་པར། ར་རྫི་ཚེ་ལོས“རྣར་མི་འགྲོ་ན་ཁྱོད་ཚོས་ལྟོས”ཟེར་བས། སྡེ་མི་རྣམས་ཀྱིས་ཧབ་ཆ་དིར་དིར་ངང“ར་རྫི་ཞིག་གིས་ཅི་ཤེས”ཟེར་བ་ན། ར་རྫི་ཚེ་ལོས་ཅི་ཡང་མི་བཤད་པར་ཁ་རོག་གེར་མི་ཚོགས་ལས་བུད་དེ་ཕྱིན་སོང་།

དོན་དུ་ར་རྫི་ཚེ་ལོས་རྨི་ལམ་ཞིག་རྨིས་བྱུང་།  རྨི་ལམ་དུ་གར་ཡོང་མི་ཤེས་པའི་འོད་ཆེན་པོ་གནམ་སའང་འཕིག་པར་བྱེད་པ་ཞིག་གྲོ་ཞིང་ཁའི་རུ་བར་དུ་འཕྲོ་ཙམ་བྱས་པའི་ཡུན་ལ།  སྡེ་དཀྱིལ་གྱི་སྡོང་རྒན་མི་རྒན་འགའ་ཡི་དཔུང་བའི་མི་འཁྱིག་པ་ཞིག་ཡོད་པ་དེ་སྐག་སྒྲ་ཞིག་དང་ཆབས་ཅིག་ཉིས་གས་སུ་སོང་ཞིང་། ཡལ་ག་སྦོམ་པོ་ཞིག་སྡོང་འོག་བརྒྱུད་ནས་འགྲོ་བཞིན་པའི་ཚེ་རིང་སྐྱ་ཀའི་བརླ་ངོར་ཕོག་སྟེ་ཁོའི་བརླ་རྐང་ཡང་སྡོང་རྒན་དེ་བཞིན་ཉིས་གས་སུ་གྱུར་སོང་། 

གློག་འཐེན་རྒྱུ་ཡིན་པའི་བརྡ་གོ་བ་ནས་གྲོ་ཞིང་ཁའི་མི་རྣམས་དགའ་སྟེ་ཁ་ཡང་ཟུམ་ཐུབ་ཀྱིན་མི་འདུག

 རྫོང་མཁར་དུ་ཕྱིན་མྱོང་བའི་བསོད་ནམས་འབག་བཙོག་གིས་མི་རྣམས་ལ་གློག་གི་ཡོན་ཏན་བཤད་དུས།  ཁོའི་མཐའ་རུ་རུབ་པའི་མི་རྣམས་ཁ་གདངས་ཤིང་བསོད་ནམས་འབག་བཙོག་གི་གདོང་ལ་ཧད་འདུག

བསོད་ནམས་འབག་བཙོག་གིས“གློག་འཐེན་རྗེས་སྐྱིད་ཀྱི་ཉི་མ་ང་ཚོས་རྗེས་ནས་རིག་རྒྱུ་རེད་ཡ”ཟེར།

ཨ་ཡེ་རིལ་མས “སྐྱིད་ཀྱི་ཉི་མ་ཇི་ལྟར་རིག་རྒྱུ་རེད” བསོད་ནམས་འབག་བཙོག་གི་གདོང་ལ་ཅེར་ནས་དེ་ལྟར་དྲིས་བྱུང་།

“གློག་འཐེན་རྗེས་གྱོན་པ་གློག་གིས་བཀྲུ་ཐུབ་པས།  ང་ཚོས་ལག་པས་བཀྲུ་དགོས་པ་མ་རེད།”

“གློག་འཐེན་རྗེས་ཟ་མ་གློག་གིས་བསྐོལ་ཐུབ་པས། ང་ཚོས་འབུད་ཤིང་འཐུ་དགོས་པ་མ་རེད།”

“གློག་འཐེན་རྗེས་མཚན་མོ་ཡང་ཉིན་མོ་དང་འདྲ་བས། ང་ཚོས་དཀར་མེ་བསྒྲོན་དགོས་པ་མ་རེད།”

“……”

བསོད་ནམས་འབག་བཙོག་གིས་དེ་ལྟར་གློག་གི་དགེ་མཚན་བཤད་དུས། མི་རྣམས་ཀྱི་གདོང་ལ་ཐེ་ཚོམ་གྱི་དྲི་བ་གང་དཔྱངས་ཏེ་ཁ་རོག་གེར་མཉན་འདུག

གློག་འཐེན་པའི་ཉིན་མོ་དངོས་སུ་བསླེབས་པའི་ནངས་མོ་དེར། སྡེ་བའི་ནང་གི་མི་རྣམས་སྔ་མོ་ནས་ལངས་ཏེ་གྲ་སྒྲིག་བྱེད་ཅིང་མཆིས། གསར་བུ་རྣམས་སྡེ་དཔོན་གྱི་འདྲུད་འཐེན་འཁོར་ལོ་ནང་བསྡད་དེ་ཨར་འདམ་གྱི་གློག་སྡོང་འདྲུད་དུ་བུད་སོང་། བུད་མེད་རྣམས་ཀྱིས་ཞིང་ཁ་ནས་ས་དོང་རྐོ་བཞིན་གློག་འཐེན་རྗེས་ཀྱི་འཚོ་བ་སྐྱིད་པོ་རྟོག་བཟོ་བྱེད་ཀྱིན་འདུག  ཉིན་གུང་ཙམ་ལ་སྡེ་དཔོན་གྱིས་འདྲུད་འཐེན་འཁོར་ལོའི་ནང་ཨར་འདམ་གྱི་གློག་སྡོང་གཉིས་དྲུད་ནས་བསླེབས་བྱུང་། 

མི་རྣམས་འདྲུད་འཐེན་འཁོར་ལོའི་མཐའ་ལ་རུབ་སྟེ་གློག་སྡོང་ཐང་ལ་ཕོག་སྐབས།   ཚེ་རིང་གིས་ཨག་སྐད་རྣ་ལ་གཟན་པ་ཞིག་བཏབ་སོང་བས།   ས་དོང་རྐོ་བའི་བུད་མེད་རྣམས་ཀྱང་ལག་གི་ལྕགས་ཁེམ་གཡུགས་ནས་ཕྱོགས་དང་ཕྱོགས་ནས་འདྲུད་འཐེན་འཁོར་ལོའི་ཕྱོགས་སུ་བརྒྱུགས་ཡོང་།  མ་གཞི་གློག་སྡོང་ཐང་ལ་ཕོག་སྐབས།  གློག་སྡོང་འདྲུད་འཐེན་འཕྲུལ་འཁོར་ལས་ལྷུང་སྟེ་ཚེ་རིང་སྐྱ་ཀས་ལུས་ལ་ཕོག་ཅིང་། ཐེངས་དེའི་ཆག་སྒོའི་ཁྲོད་ཚེ་རིང་སྐྱ་ཀའི་རྐང་པ་དུམ་བུ་གསུམ་དུ་བཏང་བ་རེད། 

དོན་དག་དེ་བྱུང་རྗེས། སྡེ་མི་ཁ་ཤས་ཀྱིས་ར་རྫི་ཚེ་ལོའི་རྨི་ལམ་ལ་བརྟག་རྒྱུ་འདུག་ཟེར་ཡང་།  སྡེ་མི་ཁ་ཤས་ཀྱིས་དེ་ནི་སྟེས་དབང་ཞིག་ཡིན་པ་ལས་ཁོ་ལ་མངོན་མཁྱེན་ཡོད་པས་གཏན་ནས་མིན།   དེ་ལ་ཁ་ཡ་བྱེད་དོན་མི་འདུག་ཟེར།

དེའི་རྗེས་ནས་ཡང་དོན་དག་ཅིག་བྱུང་བ་ནི།   སྡེ་བའི་ནང་གི་ཨ་ཁུ་ལྷ་པ་སྡེ་འདབས་ཀྱི་གྲམ་ཆུར་ལྷུང་སྟེ་འཁྱག་ཤི་ཐེབས་པ་དེ་རེད། ཨ་ཁུ་ལྷ་པ་གྲམ་ཆུར་ལྷུང་བའི་ཉིན་འགའི་སྔོན་ཏག་ཏག་ལ།  ར་རྫི་ཚེ་ལོའི་རྨི་ལམ་དུ་གཙང་བོ་རབ་མེད་ཅིག་རྨིས་བྱུང་།  གཙང་བོ་རབ་མེད་དེ་གྲོ་ཞིང་ཁའི་སྡེ་འདབས་སུ་ནམ་ཞིག་ལ་བཞུར་ཡོང་བ་མ་ཤེས།  གཙང་བོ་དེས་འུར་སྒྲ་དང་ཆོམ་སྒྲ་སྒྲོག་བཞིན་ཤར་རྒྱུག་བྱེད་དུས།  ཨ་ཁུ་ལྷ་པ་གཙང་ངོགས་སུ་ལྒང་ལི་བཞིན་ཕར་གཡོ་ཚུར་གཡོ་ལན་འགའ་བྱས་མཐར་མི་སྣང་བར་ཡལ་སོང་། 

ཁོས་མཚན་མོ་དེར་རྨིས་པའི་རྨི་ལམ་སྡེ་བའི་ནང་གི་མི་རྣམས་ལ་བཤད་དུས།  ཨ་ཡེ་རིལ་མས“ཁྱོད་ཀྱིས་ཁ་བླ་གི་མ་འདུག”ཟེར་ནས་མགོ་བོ་ཐེད་དུ་གཡུགས་ནས་བུད་སོང་།  ཉིན་གསུམ་གྱི་རྗེས་སུ་ཨ་ཁུ་ལྷ་པ་གྲམ་ཆུར་ལྷུང་ནས་འཁྱག་ཤི་ཐེབས་པ་རེད།   དེ་ནས་བཟུང་སྡེ་མི་རྣམས་ཀྱིས་ར་རྫི་ཚེ་ལོའི་ཁ་ནི་ཁྭ་ཏའི་ཁ་རེད་ཅེས་དམོད་མོ་བྱེད་བཞིན་འདུག

ར་རྫི་ཚེ་ལོས་ཉིན་གང་གི་ངལ་དུབ་ཁྱེར་ནས་རྨི་ལམ་གྱི་ཞིང་དུ་འབྱོར་དུས།  བྱིས་པ་དམར་འབྱར་ཞིག་གླག་གིས་ཁུར་ཏེ་བར་སྣང་ནས་ལྡིང་སྐོར་ལ་བྲེལ་ཞིང་། ཁྱེའུ་དམར་འཇར་དེའི་ཨག་སྐད་གཉོམ་པོ་རི་ཚོགས་ཀྱི་གསེང་དུ་སྟོན་མཇུག་གི་སྡོང་ལོ་བཞིན་འཐོར་དུས། རི་རབ་ཀྱི་རྩེ་ལ་ཁ་བ་འཁྱག་ཤུར་ཤུར་ངང་བབས་ཤིང་། དེ་མ་ཉིད་དུ་གནམ་སའི་ཁྱོན་ཀུན་ཏུ་ལྷགས་རླུང་གི་རྒྱུ་བ་རྩུབ་མོས་སྦར་འབྲད་བྱེད་པས། ར་རྫི་ཚེ་ལོའི་སེམས་པའང་འཁྱག་སིབ་སིབ་ཏུ་གྱུར། ཁོས་མིག་གཉིས་ཅེ་རེར་ཁ་གདངས་ནས་བལྟས་སྡོད་དུས།  དཀར་བོང་བོང་གི་ཁ་བའི་ཀློང་དུ་མིག་འཚེ་བའི་ཁྲག་ཐིག་འགའ་འཐོར་ཞིང་།  རིམ་གྱིས་ཁྲག་ཐིག་དེ་དག་ཆེ་ནས་ཆེ་རུ་གྱུར་ཏེ་མཐའ་མར་མིག་ལམ་གྱི་ཡོད་ཚད་དམར་པོར་བསྒྱུར་སོང་། ཁོས་ཅི་ཡིན་འདི་ཡིན་མ་ཤེས་པར་དེ་ལྟར་ཧད་ནས་ལུས་དུས། གླག་གིས་སྡེར་མོ་བགྲད་ཀྱིན་ཁོའི་ཕྱོགས་སུ་འཕུར་འོང་བཞིན་འདུག    ཁོས་མགོ་བོ་སྒུར་ཙམ་བྱས་པ་དེས་གླག་གི་སྡེར་མོ་ནམ་མཁའ་སྟོང་བའི་དབྱིངས་ནས་མུན་ནག་མདའ་འཕེན་དུ་གྱུར་སོང་།   ཡིན་ནའང་གླག་གི་སྡེར་མོའི་གསེབ་ནས་འཐོར་བའི་ཁྱེའུ་དམར་འཇར་གྱི་ཁྲག་གིས་ཁོའི་སྐྲ་ལོ་ཡང་དམར་པོར་བསྒྱུར་སོང་།  རྒྱང་ནས་བལྟས་ན་ཁོ་ནི་གངས་ཁྲོད་དུ་ལྷབ་ལྷུབ་ཏུ་འབར་བཞིན་པའི་མེ་དཔུང་ཞིག་དང་མཚུངས¡­¡­

རྨི་ལམ་གྱི་འཇིགས་པ་ར་ཁྱུའི་འབའ་ལྡིར་གྱིས་དཀྲོགས་དུས།  ཁོ་རང་འཚབ་འཚུབ་ངང་ཡར་ལངས་ཤིང་གུར་སྒོར་བུད།  ར་རྫི་ཚེ་ལོས་མཐོ་ས་ནས་གཤོང་ལ་ལྟ་དུས་རི་གཤམ་གྱི་ཡོད་ཚད་ནི་ལག་མཐིལ་གྱི་རི་མོ་ཇི་ལྟ་བ་བཞིན་དེ་ལྟར་མིག་ལམ་དུ་མངོན་ཞིང་། མིག་མདུན་གྱི་ཡོད་ཚད་འགྱུར་བས་བཏང་སྟེ་སྔོན་གྱི་ཁུ་སིམ་གྱི་ཀློང་དུ་ཁུ་སིམ་སིམ་ངང་ཁོར་བལྟས་འདུག་པས།  ར་རྫི་ཚེ་ལོའི་འཚུབ་སྣང་གི་སེམས་ཁམས་རེ་ཞིག་བདེ་རུ་བཀོད་བྱུང་ནའང་། རྨི་ལམ་དེ་ནི་དེ་ལྟར་ལྕགས་སྒྲོག་གིས་བཏགས་པའི་ཁྱི་རྒན་བཙན་པོ་ཞིག་དང་འདྲ་བར།  ཁོའི་སེམས་ཀྱི་གྲུ་གུ་གང་ཞིག་ནས་ཡང་ཡང་འབ་བྱུང་བས། ཁོའི་ཞེད་སྣང་གིས་ཁེངས་པའི་མིག་ཟུང་གི་རྒྱལ་མོར་སྐྱོ་བའི་བ་མོ་ཐར་ཐོར་ཞིག་ཆགས། 

གཟན་ལ་བཀྲམ་པའི་ར་ཁྱུས་རྩྭ་མགོ་འཐོག་པའི་སག་སྒྲའི་ཁྲོད་ནས། སེར་ལམ་ལམ་གྱི་ཉི་མ་འཇིག་རྟེན་གྱི་མགྲོན་དུ་ཕེབས་བྱུང་། རི་ཀླུང་ཐང་གསུམ་དུ་གཉིད་ལ་ཤོར་བའི་བྱ་བྱིའུ་དག་ཀྱང་ཁོའི་གཡས་གཡོན་ཀུན་ནས་འཕུར་ལྡིང་ལ་བྲེལ་ཞིང་། ཅ་ཅོའི་སྐད་སྒྲ་སྒྲོག་བཞིན་ཞོགས་པའི་མཁའ་དབུགས་ཁྲོད་དུ་གྲེ་བ་བདེ་མོ་ཞིག་གི་བག་ཆགས་འཇོག

ཉི་མ་ནི་མཁའ་ནས་མཁའ་རུ་འཕགས་པ་དང་མེ་ཕུང་ཆེན་པོ་ཞིག་ས་གཞི་ཡངས་པོའི་པང་དུ་འགྲིལ་ནས་འོང་བ་བཞིན་ཚ་ལམ་ལམ་བྱེད་ཅིང་། མེ་ཕུང་ཆེན་པོ་དེས་ནམ་མཁའ་གཡའ་དག་པའི་གཞི་རུ་སྤྲིན་གྱི་བ་སྤུ་ཙམ་ཡང་མ་བསྐྱུར་བར་བསྲེགས་སོང་བས།  ར་རྫི་ཚེ་ལོའི་གདོང་གི་རྔུལ་ཆུ་འབྱིད་བཞིན་རི་ངོས་སུ་ཡན་པོར་རྒྱུ་བའི་ར་ཁྱུ་ལ་ལྟ་ཙམ་བྱས་རྗེས། ཁོམ་ལོང་གི་མིག་གིས་རིག་རིག་ངང་ཁོ་ར་ཁོར་ཡུག་ཀུན་ལ་དམིགས་མེད་དུ་གཡེང་ནས་སྡོད་དུས། རི་གཤམ་གྱི་རྐང་ལམ་ཀྱ་ཀྱུ་དེའི་སྟེང་དུ་ནག་ཐིག་ཅིག་འགུལ་ཞིང་འགུལ་བ་མཐོང་བྱུང་།

བར་ཐག་གི་དབང་གིས་ནག་ཐིག་དེ་ཇི་ལྟར་ཆེ་རུ་གྱུར་ཀྱང་། མཐའ་མར་ཁུ་ཚུར་ཙམ་གྱི་ཚད་ནས་མུ་མཐུད་དུ་ཆེ་རུ་མ་སོང་བས། ཁོས་མིག་གཉིས་ཧུར་རེར་ཁུ་ཚུར་ལྟ་བུའི་ནག་ཐིག་དེ་ལ་བལྟས་ནས་བསྡད། 

ཁུ་ཚུར་ལྟ་བུའི་ནག་ཐིག་དེ་དེའི་འབུར་ཞིག་གི་མདུན་ནས་ཏན་སེ་བསྡད་བྱུང་། དེ་ནས་འགུལ་བ་མེད་པར་དུས་ཡུན་རིང་ཙམ་འགོར་རྗེས། ནག་ཐིག་དེ་དེའུ་འབུར་དེའི་རྒྱབ་ལོགས་སུ་མི་སྣང་བར་ཡལ་སོང་བས། དེའུ་འབུར་དེའི་རྒྱབ་ལོགས་སུ་བྱུང་བའི་གནས་ཚུལ་དག་ར་རྫི་ཚེ་ལོའི་མིག་གི་མཐོང་རྒྱ་ལས་རིང་དུ་འགོངས་པར་གྱུར། 

“སུ་ཞིག་ཡིན་ནམ།  སྐྱེས་པ་ཞིག   ཡང་ན་སྐྱེས་མ་ཞིག”

“མི་དེས་ཅི་ཞིག་བྱེད་བཞིན་ཡོད་དམ།”

“མི་དེས་འདིར་ཅི་ཞིག་བྱེད་དུ་ཡོང་བ་ཡིན་ནམ།”

“……”

ར་རྫི་ཚེ་ལོས་རང་གིས་རང་ལ་དེ་ལྟར་ལན་མེད་པའི་དྲི་བ་ཡང་ཡང་བཏོན།

微信图片_20190116210351.jpg

ནག་ཐིག་དེ་དེ་ལྟར་ར་རྫི་ཚེ་ལོའི་མཐོང་ལམ་ནས་བོར་རྗེས། ཁོའི་སེམས་ཀྱི་ག་ཤེད་ཅིག་ཏུ་སྟོང་སྟོང་པར་གྱུར་ཏེ་འདུག་མི་བཟོད་པར་གྱུར། ཁོ་རང་ཕ་བོང་ཆེན་པོ་དེའི་སྟེང་ནས་བབས་ཏེ་མཐོ་ས་ཞིག་ལ་འཛེགས་ཀྱང་། རྒྱང་རིང་གི་དེའུ་འབུར་རྔ་མོང་གི་ནོག་ལྟ་བུ་དེས། དེ་ལྟར་དེའུ་འབུར་རྒྱབ་ཀྱི་ནག་ཐིག་དེ་དང་ཁོ་གཉིས་བར་གྱི་འབྲེལ་ཐག་རྩ་བ་ནས་བཅད་བྱུང་བས། ཁོ་ནི་དེ་ལས་ཀྱང་མཐོ་ས་ཞིག་ཏུ་འཛེགས་ཀྱང་ངལ་བ་འབྲས་མེད་དུ་གྱུར།

ཉི་མ་ནི་དངོས་གནས་དྲོ་སྟེ། ཉི་མས་རྩྭ་རྩི་ཐར་ཐོར་ཙམ་ལས་སྐྱེས་མེད་པའི་ས་སྟེང་གི་ཡོད་ཚད་གཞོབ་ལ་ཁད་བྱེད་པས།  རི་སྒང་སྤྱི་ཐུར་དེའི་ཕང་གི་ར་ཁྱུ་ཡང་ཉི་མའི་ཚ་གདུག་གི་དབང་གིས།   གླེན་མདོག་གི་གདོང་པ་ཉོབ་པར་གྱུར་ཏེ་ཁ་མལ་དུ་འགྲེ་ལྡོག་རྒྱག་ཅིང་མཆིས།

ད་ནི་ཉི་མ་ཟེར་བའི་མེ་ཕུང་དམར་པོ་དེས་ར་རྫི་ཚེ་ལོའི་དྲང་ཐད་དུ་ཁོ་ལ་བལྟས་ནས་འདུག   ར་རྫི་ཚེ་ལོས་ལག་པས་ཉི་འོད་རྣོན་པོ་བསྒྲིབས་ཏེ་མཁའ་ལ་ཐེངས་ཤིག་བལྟས་རྗེས།  “ད་ནི་ཁྱི་སྐྱག་འདིས་ཅི་བྱེད་བསམ་པ་ཡིན་ནམ”ཟེར་བཞིན་ཉི་མར་གཤེ་གཤེ་གཏོང་མགོ་བརྩམས། “ཨ་བ་ཨ་མ། ཉི་མ་བསམ་ནག་འདིས་བསམ་གཟས་ནས་ང་ལ་བསྙད་རྐོ་བ་མིན་ནམ” ཟེར་ཞིང་། དེ་ནས་ཁ་གཉེར་སྣ་གཉེར་བྱེད་ཀྱིན་ར་ཁྱུ་ལ་ལྟ་ཙམ་བྱས་ཤིང་། ཡང་རྒྱང་རིང་གི་དེའི་འབུར་ཕྱོགས་སུ་ལྟ་ཙམ་བྱེད།

དུས་ཚོད་ནི་དེ་ལྟར་ཉི་མའི་ཚ་གདུག་གི་ཀློང་ནས་འཕག་ཙམ་འཕག་ཙམ་བྱས་རྗེས། མདུན་སྐྱོད་ཀྱི་གོམ་ཁ་ཡོངས་སུ་མུ་མེད་ཀྱི་ལྷིང་འཇགས་ཁྲོད་ནས་ཁེགས་སོང་།

ར་རྫི་ཚེ་ལོས་མཁྲིག་མའི་མགོར་གོན་པའི་ཆུ་ཚོད་འཁོར་ལོར་བལྟས་ནས་བསྡད་པ་ན། སྐར་མ་གཅིག    སྐར་མ་གཉིས།   སྐར་མ་ལྔ།   སྐར་མ་ཉི་ཤུ། སྐར་མ་སུམ་ཅུ¡­¡­ སྐར་མ་དྲུག་ཅུ།   ཏན་ཏན་ཆུ་ཚོད་གཅིག་འདས་ཟིན་ཀྱང་།  དེའུ་འབུར་རྒྱབ་ཀྱི་ནག་ཐིག་དེ་ས་ལ་འཛུལ་སོང་བ་ནང་བཞིན་མཐོང་ལམ་དུ་ཤར་བའི་སྐལ་བ་ཤོར།

ར་རྫི་ཚེ་ལོས་ཕངས་སེམས་དང་བཅས་དངན་པ་ཞིག་འཐེན་ཞིང་། དེ་ནས་ཁོག་སྟོད་གཅེར་རྗེན་དུ་ཕུད་ཅིང་ལྭ་བ་མགོར་སྐོར་བཞིན་ར་ཁྱུ་རྣམས་དེད་དེ་རི་གཤམ་དུ་འབབ་མགོ་བརྩམས། 

རྒྱང་རིང་གི་གྲམ་མཐིལ་ན། འོད་ཡུག་ཡུག་གི་ཆུ་བོ་ཞིག་དར་སྐུད་བཞིན་རྒྱང་རིང་གི་ཡུལ་དུ་འཐེན་འདུག 

ཁོས་ཁ་ནས་ཨ་ཤུ་དང་ཨུ་ཤུ་ཟེར་བཞིན་ར་ཁྱུ་དེད་ནས་གྲམ་ཆུའི་ཕྱོགས་སུ་བསྙེགས་ནས་འགྲོ་དུས། ཡུན་རིང་གར་སོང་ཆ་མེད་དུ་གྱུར་པའི་ནག་ཐིག་དེ་ཡང་བསྐྱར་མིག་ལམ་དུ་འཁྱུག་ཙམ་གྱིས་མངོན་བྱུང་། ད་ནི་ནག་ཐིག་དེ་ཁུ་ཚུར་ཙམ་ནས་ལྒང་ལི་ཙམ་དུ་གྱུར་འདུག

“གན་སྒྲོལ་མ་མིན་ནམ།”

“གན་ལྷ་མོ་མིན་ནམ།”

“གན་ཚེ་སྐྱིད་མིན་ནམ།”

ངོས་ཟིན་དཀའ་བའི་ནག་ཐིག་དེ་བུད་མེད་ཅིག་ཡིན་པ་ཁོ་ཐག་རེད།

“ཨ་ཙི།  དོན་དམ་དུ་གན་སུ་ཞིག་ཡིན་ནམ།”

ཁོས་ཡང་བསྐྱར་རང་ལ་དེ་ལྟར་དྲི་བ་ཞིག་འཕངས།

ཁོས་དེ་ལྟར་སེམས་ནས་སུ་ཡིན་གང་ཡིན་རྩོད་པའི་སྒང་ལ། ནག་ཐིག་ལྒང་ལི་འདྲ་བ་དེ། རྒྱང་རིང་གི་རི་ལམ་སྟེང་ནས་འགུལ་གྱིན་འགུལ་གྱིན་སླར་ཡང་ཁུ་ཚུར་ལྟ་བུ་ཞིག་ཏུ་གྱུར་ཅིང་། མཐའ་མར་ཁོའི་མིག་ལམ་ནས་མི་སྣང་བར་ཡལ་སོང་།

ཤོག་ངོས་གཙང་མ་ཞིག་དང་མཚུངས་པའི་ནམ་མཁའི་དབྱིངས་སུ།  ནག་ཐིག་གི་རི་མོ་འགའ་རབ་རིབ་ནས་གསལ་བོར་ཤར་བ་ནི་བྱ་རྒོད་ཀྱི་ཁྱུ་ཚོགས་ཤིག་རེད། བྱ་རྒོད་ཀྱིས་གཤོག་ཟུང་ཉི་འོད་ཀྱི་སྟན་དུ་བཏིངས་ནས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་ལན་འགའ་བརྒྱབ་མཐར། གཤོག་ལྡེབ་བྱེད་ཀྱིན་བྱེད་ཀྱིན་དེའུ་འབུར་དེའི་ཕྱོགས་སུ་འཕུར་འོང་གིན་འདུག   དེ་དུས་ར་ཁྱུ་ནི་ཁ་ལོ་མི་ཐུབ་པའི་ཤ་འོད་ཅིག་དང་མཚུངས་པར་གྲམ་ཆུའི་ཕྱོགས་སུ་ཤོར་སོང་བས།  ར་རྫི་ཚེ་ལོ་གོམ་ཁ་ཉིན་གུང་མཐོང་བའི་དེའུ་འབུར་དེའི་ཕྱོགས་སུ་བསྒྱུར།

ཁྭ་ཏའི་ཨག་སྐད་རྣ་ལ་གཟན་པ་འགའ་ར་རྫི་ཚེ་ལོའི་རྣ་བར་ལྷུང་འཕྲལ།  སེམས་ཀྱི་རྟ་རྒོད་བང་གིས་བརྒྱུགས་མགོ་བརྩམས་ཤིང་བསམ་གཞིག་གི་མདའ་མོ་མདང་ནུབ་ཀྱི་རྨི་ལམ་སྟེང་དུ་ཟུག་སོང་། 

“ཨ་ཙི……­”

ར་རྫི་ཚེ་ལོས་ཁ་ནས་དེ་ལྟར་ཤོར་བ་དང་ཆབས་ཅིག་རྒྱང་ནས་ཉེ་བར་ལྷགས་པའི་བྱ་རྒོད་ཀྱི་ཁྱུ་ཚོགས་ལ་ཐེངས་ཤིག་བལྟས་ཤིང་། དངངས་འཚབ་ཀྱིས་གོམ་པ་མགྱོགས་པོར་ལེན་བཞིན་དེའུ་འབུར་དེའི་ཕྱོགས་སུ་དེངས།   ཁོའི་སེམས་པ་མེ་བཞིན་འབར་ནའང་དེའུ་འབུར་གྱི་རྒྱབ་ལོགས་སུ་ཅི་ཞིག་བྱུང་བ་ཁོས་བློས་དཔོག་ཐབས་བྲལ། 

“དེ་རུ་ཅི་ཞིག་བྱུང་སོང་ངམ། ”

“ཅེ་སྤྱང་ཞིག་ལྟོགས་གྲིར་ཤི་བ་ཡིན་ནམ།  ”

“མ་མོ་ཞིག་ཅེ་སྤྱང་གིས་བསད་པ་ཡིན་ནམ།”

“ལུ་གུ་ཞིག་མ་མོས་བོར་བ་ཡིན་ནམ།”

“……”

ཁོ་རང་སེམས་ཀྱི་བྲེལ་དངངས་དང་འགྲོགས་པའི་དེའུ་འབུར་དེའི་རྒྱབ་ལོགས་སུ་འབྱོར་དུས། མིག་ལམ་གྱི་མཐོང་སྣང་བློ་ཡིད་ལས་རིང་དུ་འགོངས་ཤིང་། སེམས་ལ་ཅི་ཡིན་འདི་ཡིན་མི་ཤེས་པའི་སྣང་བ་འཚུབ་པོ་ཞིག་གིས་ཀུན་ནས་གཡོགས་སོང་།

ཉི་མ་ནི་མཐོན་མཐིང་གི་དབྱིངས་རིམ་དུ་མེ་བཞིན་འབར་ཞིང་། འོད་ཀྱི་ཟེར་མ་རེ་རེ་ནི་མེ་སྟག་རེ་རེ་དང་མཚུངས་པར་ས་སྒང་གི་པང་དུ་འཐོར་ཞིང་མཆིས།  ཉི་འོད་ཀྱི་ཚ་གདུག་ངར་མའི་ཁྲོད་དུ་ཁྲག་གིས་སྦགས་པའི་ཁྱེའུ་དམར་འབྱར་ཞིག་དབུགས་ལྷེམ་ལྷེམ་ངང་འཕག་འཚག་རྒྱག་ཅིང་།  ངུ་སྐད་གཉོམ་པོ་དེ་ནི་རེའུ་ནད་པ་ཞིག་གི་འབའ་སྐད་དང་མཚུངས།  ར་རྫི་ཚེ་ལོས་ཁ་ནས་ཨུ་ཤུ་ལན་འགའ་བསྒྲགས་པ་ན། ཁྱེའུ་དམར་འབྱར་སྟེང་བབས་པའི་ཁྭ་ཏ་རྣམས་ཀྱིས་ཨག་སྐད་རེ་འབྱིན་ཞོར་འཕུར་སོང་།  ཁྱེའུ་དམར་འབྱར་དེ་མིག་འབྲས་ཁྭ་ཏས་སྔར་ནས་བྲུས་ཚར་བས།  མིག་ཀོང་ལས་བརྡོལ་བའི་ཁྲག་ཤུལ་ཉི་མའི་ཚ་གདུག་གིས་དཀག་ཏུ་བཅུག་འདུག 

ཁྱེའུ་ཡི་ངུ་སྐད་གཉོམ་ནས་གཉོམ་དུ་ཕྱིན་པ་དང་།  མཚུངས་སུ་སྔོན་ཏག་ཏག་ལ་ད་དུང་འགུལ་ཙམ་བྱེད་པའི་ཕུང་བོ་ཁུ་ཚུར་འདྲ་བོ་ཡང་འགུལ་མེད་དུ་གྱུར། 

ར་རྫི་ཚེ་ལོས་བལྟས་བལྟས་ལ། ཚེ་སྲོག་ཆུང་ཆུང་ཞིག་གི་འཕར་ལྡིང་སེར་ལམ་མེའི་ཉི་འོད་འོག་ཏུ་འཇམ་ཅག་གེར་གྱུར་སོང་། གཡས་གཡོན་གྱི་ཁད་ཉེ་སར་བབས་པའི་རྒོད་ཁྱུས་མིག་ཟུང་ཧྲིག་གེར་ཚུར་ལ་བལྟས་འདུག་སྟེ།   དེ་ནི་ཁྱེའུ་དམར་འབྱར་ལ་ལྟ་བ་དང་འདྲ་ལ།  ར་རྫི་ཚེ་ལོར་ལྟ་བ་དང་ཡང་འདྲ།  ཡང་ན་ཁོ་གཉིས་ལ་རེས་མོས་སུ་ལྟ་བ་དང་ཡང་མཚུངས། བྱ་རྒོད་སྤོབས་པ་ཅན་རེ་གཉིས་སྔོན་དུ་ལྡིང་ཙམ་བྱེད་ཅིང་།  དེ་ནས་གཤོག་པ་ལྡེབ་ཙམ་ལྡེབ་ཙམ་གྱིས་ཕྱི་ལ་སྣུར་ཙམ་བྱས་རྗེས་དེ་ལྟར་ཅེ་རེར་ལྟ་བས། ཁྱེའུ་དེ་ཙམ་ནི་ཟ་རན་ཅང་མི་འདུག་སྙམ་བཞིན་པ་དང་འདྲ། 

ར་རྫི་ཚེ་ལོ་ནི་མིག་མདུན་གྱི་རྣམ་པར་ཧད་ཅིང་ཞེད་ནས་ཉི་འོད་ཀྱི་ཚ་གདུག་ཀྱང་བརྗེད་པར་གྱུར། ཁྱེའུ་དམར་འབྱར་དེའི་ལུས་སུ་སྦྲང་ནག་དང་རྒྱ་གྲོག་དམར་པོ་ཐ་ར་ར་བྱེད་པས། ཁོའི་སེམས་ཀྱི་ག་ཤེད་ཅིག་ཀྱང་ཀྲིག་ཀྲིག་ཏུ་འགུལ་བའི་ཚོར་བ་སྐྱེས།  ཚོར་བ་དེ་ཟ་འཕྲུག་གི་རྣམ་པས་ཁོག་ནས་ཕྱི་ལ་བརྡོལ་དུས།  ཐོག་མའི་གདུང་སེམས་དག་ཀྱང་རང་སར་ཡལ་སོང་། དེའི་ཚབ་ཏུ་ཁོ་ལ་སྐྱུགས་མེར་བཟོད་གླགས་བྲལ་བ་ཞིག་བསྟུད་མུར་ལངས་བྱུང་།  རྒྱ་གྲོག་དམར་པོ་དེ་དག་སོག་སོག་ཏུ་འགུལ་ནས་ཅུང་མ་འགོར་བར། ཁྱེའུའི་བེམ་པོར་དེ་མ་ཉིད་དུ་ཚ་མྱགས་སུ་འགྲོ་བའི་བཟོ་ལྟ་ཞིག་ཤར་བྱུང་།  སྐྱི་མོའི་འོག་གི་རྩི་ཐུར་ཞིག་དང་མཚུངས་པའི་རྩིབས་རུས་ཀྱང་ཕྱི་ལ་མངོན་འདུག་པས།  ད་ནི་ཞིབ་ཀྱིས་མ་བལྟས་ན་ཁྱེའུ་ཞིག་གི་སྣང་བརྙན་ཡང་བསྣོགས་ནས་ངོས་ཟིན་དཀའ་བར་གྱུར།

དེ་དུས་ར་རྫི་ཚེ་ལོ་ཤེད་ཀྱིས་བསྐྱུགས་བྱུང་།

“མི་ལུས་རིན་ཆེན་རྩེད་སྤྱད་བྱེད་པའི་ཁྱི་མོ་འདི་སུ་ཡིན་ནམ།”

“ཨ---  ཨུར---”

ར་རྫི་ཚེ་ལོས་ཁྱེའུ་དེ་གནས་འདིར་འདོར་མཁན་གྱི་མི་དེར་སྡིགས་དམོད་བྱེད་ཀྱིན་མུ་མཐུད་དུ་སྐྱུག་བཞིན་འདུག

“ཨ---   ཨུར---”

“……”

微信图片_20190116210403.jpg

སྐབས་དེ་ཤེད་དུ་བྱ་རྒོད་སྐྱ་རིལ་བ་ཞིག་གིས་སྡེར་བགྲད་བྱེད་ཐེངས་ཤིག་གིས་ཁྱེའུ་དམར་འཇར་དེ་བར་སྣང་དུ་བཏེགས་ཏེ་འཕུར་སོང་།  ར་རྫི་ཚེ་ལོས་མིག་གཉིས་ཅེ་རེར་མཁའ་ལ་བལྟས་ནས་སྡོད་དུས།  ཤུལ་དུ་ལུས་པའི་བྱ་རྒོད་གཞན་རྣམས་ཀྱང་དེའི་རྗེས་འབྲངས་ནས་སྐད་ཅིག་གི་རིང་ལ་མཁའ་མཐར་འཕུར་སོང་།

ར་རྫི་ཚེ་ལོ་རྨི་ལམ་ལྟ་བུའི་མངོན་སུམ་ལས་ཡོངས་སུ་སད་དུས། ཁོ་གཅིག་པུ་ཐང་ཆེན་པོའི་ཁུད་དུ་ཁེར་ཧྲེང་དུ་ལུས་འདུག་པས། ར་ཁྱུའི་རྗེས་ལ་བལྟས་ཚེ་ར་ཁྱུ་སྔར་ནས་རྒྱང་རིང་གི་གྲམ་ཆུའི་ཕྱོགས་སུ་ཤོར་སོང་། ཉི་འོད་ཀྱི་འོག་ཏུ་ཁོ་ལ་ཚོད་ཚོད་དུ་ཞེད་སྣང་ཞིག་སྐྱེས་བྱུང་།

ར་ཁྱུས་ཆུ་འགྲངས་ཚད་ཅིག་འཐུངས་རྗེས་གྲམ་ཁར་ཡར་ལྡིང་མར་ལྡིང་བྱེད་ཀྱིན་འདུག   ད་དུང་ཉི་མ་རི་ལ་ནུབ་པར་དུས་ཚོད་ངེས་ཅན་ཞིག་ཡོད་ཀྱང་།  ར་རྫི་ཚེ་ལོར་དུས་རྒྱུན་བཞིན་ར་ཁྱུ་སླར་ཡང་རི་ལ་འདེད་པའི་སེམས་པ་མེད་པར་གྱུར།  ཁོས་ར་ཁྱུ་གྲམ་ཆུའི་ཕ་རོལ་ཏུ་བསྲིངས་པའི་རྐང་ལམ་དུ་བསྐོར་ཞིང་གྲོང་ཚོའི་ཕྱོགས་སུ་དེད་ནས་སོང་། གྲོང་ཚོའི་ནང་དུ་བསླེབས་དུས།  རུ་བར་དུ་འཕྲད་པའི་མི་རྣམས་ཀྱིས་ར་རྫི་ཚེ་ལོའི་དེ་རིང་གི་བྱ་སྤྱོད་ལ་མཚར་ནས་ཁམས་འདྲི་བྱེད་མཁན་ཞིག་ཀྱང་མ་བྱུང་། 

“དེ་རིང་ཚེ་ལོ་གན་ལ་ཅི་བྱུང་བ་ཡིན་ནམ།”

“འདི་འདྲའི་སྔ་མོ་ནས་ར་མ་ལྷས་ལ་བསྐྱིས་བྱུང་། ”

“ཨོ་ལེ། གན་ལ་ནད་འདྲ་བྱུང་བ་མིན་ནམ།”

སྡེ་འདབས་ཀྱི་གསར་རྒོད་གསུམ་གྱི་དཔུང་པས་མི་འཁྱིག་པའི་སྡོང་རྒན་དེའི་འོག་ཏུ། བགྲེས་སོང་འགས་ཕྲེང་བ་བགྲང་བཞིན་དེ་ལྟར་ཚེ་ལོར་མིག་རིག་རིག་ངང་ལྟ་བཞིན་གླེང་མོལ་གང་བྱུང་དུ་བྱེད་ཀྱིན་འདུག 

མཚན་མོ་དེར། ཆུང་མས་ར་རྫི་ཚེ་ལོར་ཕྱོགས་ཡར་མར་གྱི་ཁ་བརྡ་བྱེད་ཀྱང། ར་རྫི་ཚེ་ལོས་ཐང་ཆད་པར་ཁ་གཡར་ནས་ལན་སྟབས་བདེ་རེ་ལས་མི་འདེབས། དོན་དུ་ར་རྫི་ཚེ་ལོས་མཉམ་འཇོག་མ་བྱུང་བ་མ་གཏོགས་ཆུང་མའི་སྐད་གདངས་ཀྱང་གཉོམ་ཞིང་གཉོམ་པས་ནད་པ་ཞིག་དང་འདྲ།

མར་མེའི་འོད་ངོགས་སུ་སེར་སྐག་སེར་སྣང་བའི་གདོང་པ་གཉིས་གྲིབ་གཟུགས་དང་བཅས་འགུལ་ཙམ་འགུལ་ཙམ་བྱས་རྗེས། ཅིག་ཤོས་དེ་རང་གི་གྲིབ་གཟུགས་ཁུར་ནས་ཚ་ཐབ་ཀྱི་ཕྱོགས་སུ་བུད་སོང་།  ཤུལ་དུ་ལུས་པའི་གདོང་པ་དེའི་སྟེང་དུ་ཡང་ཐང་ཆད་པའི་ཉམས་འགྱུར་ཞིག་ཡོངས་སུ་མངོན་འདུག 

མཚན་མོ་དེར།   ར་རྫི་ཚེ་ལོའི་ཆུང་མ་ཚ་ཐབ་སྟེང་བུད་ནས་ཡུད་ཙམ་མ་འགོར་བར་དབུགས་དམའ་མོ་ཞིག་རྔུབ་བཞིན་གཉིད་ཀྱི་ཞིང་ཁམས་སུ་འགྲིམས་སོང་།   ཡིན་ནའང་།  ར་རྫི་ཚེ་ལོའི་ཀླད་པའི་ནང་དུ་ཁྱེའུ་དེ་ཁོ་ན་ཤར་འོངས་ཤིང་།  བསམ་གཞིག་གི་བར་སྟོང་མ་ལུས་ཁྱེའུ་ཡི་ཁྲག་གིས་སྦགས་པའི་ཕུང་པོ་ཉམ་ཆུང་བ་དེས་ཁེངས།

“བུད་མེད་དེ་སུ་ཡིན་ནམ།”

“ཁྲེལ་མེད་མ་དེ།”

“རྒྱུ་འབྲས་མེད་པའི་ཁྱི་མོ་དེ།”

“དུད་འགྲོ་དེ།”

“ཁྱི་སྐྱག་དེ།”

ར་རྫི་ཚེ་ལོས་དེ་ལྟར་ཁོག་སྡིགས་བྱེད་ཀྱིན། ཡང་བསྐྱར་དེའི་འབུར་དེའི་མདུན་རོལ་དུ་ཁུ་ཚུར་ཙམ་གྱི་ཚད་ནས་ཆེ་རུ་མ་སོང་བའི་བུད་མེད་དེ་སུ་ཡིན་སྐོར་ལ་འདང་ལོག་བརྒྱབ།

“སྒྲོལ་མ།  སྒྲོལ་མ་ཡིན་ཁོ་ཐག་རེད།”

ར་རྫི་ཚེ་ལོའི་སེམས་ལ་དེ་ལྟར་ཤར།

སྒྲོལ་མ་ནི་བསོད་ནམས་འབག་བཙོག་གི་ཆུང་མ་སྟེ། གྲོ་ཞིང་ཁར་བུད་མེད་དང་འབྲེལ་བའི་དོན་དག་སྐོར་ལོག་ཅི་བྱུང་ཡང་། ཚང་མས་ཐོག་མར་དྲན་པ་ནི་སྒྲོལ་མ་ཡིན།

དེ་ནི་ཀུན་ལ་ཅི་ཁག་སྟེ།  ཡོད་ཚད་སྒྲོལ་མར་གླེན་ཤེད་ཆེ་བའི་ལན་པ་རེད།

སྒྲོལ་མས་བློ་ཡུལ་ལས་འདས་པའི་དོན་དག་མང་པོ་ཞིག་བསྒྲུབས་མྱོང་།

སྒྲོལ་མ་གནས་ལ་ཐེངས་བཞིར་སོང་མྱོང་།

སྒྲོལ་མས་བྱིས་པ་བཞི་བཙས་མྱོང་།

སྒྲོལ་མའི་བྱིས་པ་བཞི་བོར་ཨ་ཕ་བཞི་ཡོད།

མཇུག་མཐར་སྒྲོལ་མས་ཕྲུ་གུ་ཆེས་རྗེས་མ་དེ་ཁྲིད་ནས་བསོད་ནམས་འབག་བཙོག་གི་ཆུང་མ་བྱས་པ་རེད།

སྒྲོལ་མས་མི་མང་གི་གྲས་ནས་ལ་གཞས་བླངས་པས། སྡེ་མི་ཀུན་འདྲོགས་ལངས་པ་བཞིན་ཕྱོགས་བཞིར་བྲོས་སོང་ལ། ཤུལ་དུ་བསོད་ནམས་འབག་བཙོག་གིས་གདོང་ལ་གླེན་འཛུམ་ཞིག་མངོན་ཞིང་། ད་དུང་མོའི་གདོང་ལ་ཅེར་ཞིང་ལག་པས་ཐལ་མོ་རྡེབ་བཞིན་འདུག་པས། ཀུན་གྱིས “བཟའ་ཚང་རིག་འདྲ་ཟེར་བ་ནི་ཀན་གཉིས་མིན་ན་སུ་ཡིན”ཟེར།

སྒྲོལ་མ་བསོད་ནམས་འབག་བཙོག་གི་འཕྲུལ་རྟའི་རྒྱབ་ལ་ཞོན་ཞིང་། ལག་པས་བསོད་ནམས་འབག་བཙོག་གི་སྐེད་ལ་འཐམས་ནས་གྲོ་ཞིང་ཁའི་རུ་བར་དུ་ལྡིར་སྒྲ་དང་བཅས་འགྲོ་བས།  ཀུན་གྱིས“བཟའ་ཚང་རིག་འདྲ་ཀན་གཉིས་ལ་བལྟོས་དང”མི་ཟེར་མཁན་གཅིག་ཀྱང་མེད།

སྒྲོལ་མས་ཐེངས་དང་པོར་བསོད་ནམས་འབག་བཙོག་གིས་ཉོས་པའི་སྨད་ཤམ་དམར་པོ་དེ་གོན་ནས་གྲོ་ཞིང་ཁའི་རུ་བར་དུ་མངོན་དུས། མི་རྣམས་ནི་མཚར་ཞིང་མཚར་ཏེ། ཁ་གདངས་ཤིང་མིག་ཅེར་ནས་ཅི་བཤད་འདི་བཤད་མ་ཤེས་པར་ལུས་སོང་།

ར་རྫི་ཚེ་ལོས་ཇི་ལྟར་འདང་བརྒྱབ་ཀྱང་། ཁྱེའུ་དམར་འཇར་དེ་ནི་སྒྲོལ་མས་དོར་བ་ཁོ་ཐག་ཡིན་རྒྱུ་རེད་སྙམ།  སྒྲོལ་མ་ལས་གཞན་སུ་ཞིག་གིས་དེ་འདྲ་བྱེད་སྲིད་དམ།   ཁོས་དེ་ལྟར་འདང་རྒྱག་གིན་རྒྱག་གིན་ཁུ་ཚུར་ཙམ་གྱི་ཚད་ནས་ཆེ་རུ་མ་སོང་བའི་ནག་ཐིག་དེ།  མིག་ལམ་ནས་རྡོ་ལོག་འདྲ་ཞིག་ཏུ་གྱུར་སོང་ལ།  རྡོ་ལོག་འདྲ་བོ་དེ་ཡང་རིམ་བཞིན་བེའུ་འདྲ་ཞིག་ཏུ་གྱུར་སོང་། མཐའ་མར་བེའུ་འདྲ་བོ་དེ་འགུལ་བཞིན་འགུལ་བཞིན་མི་ཞིག་ཏུ་གྱུར།

“ནོར་འཆུག་སྤུ་ཙམ་ཡང་ཡོད་མི་སྲིད། དེ་ནི་སྒྲོལ་མ་རེད། བསོད་ནམས་འབག་བཙོག་གི་ཆུང་མ་གླེན་སྟུག་སྒྲོལ་མ་རེད། ”

ར་རྫི་ཚེ་ལོས་ཁ་ནས་དེ་ལྟར་ཤོར།

སྒྲོལ་མའི་གདོང་ལ་ཅི་མི་སྙམ་པའི་ཉམས་ཤིག་ཤར་འདུག་ཅིང་། མཚམས་རེར་ཁོང་དགོད་རྣ་ལ་གཟན་པ་རེ་ཡང་བྱས་ཡོང་།  མཚམས་རེར་ངུ་སྐད་ཟ་ཟི་རེ་ཡང་གྲགས་འོངས། མོས་རྐང་ལམ་ཀྱ་ཀྱུ་དེད་ནས་རི་ལ་འགོས་ཤིང་། མཐའ་མར་དེའུ་འབུར་དེའི་ལོགས་སུ་ཁྱེའུ་སྐྱག་པ་གཏོང་གཏོང་བྱས་ནས་བཏང་རྗེས། མོས་ཕྱིར་མིག་ཙམ་ཡང་མི་ལྟར་བར་ལོག་སོང་།

ར་རྫི་ཚེ་ལོས་དེ་ལྟར་གོང་གི་དེ་ནི་འཕྲུལ་སྣང་འབའ་ཞིག་ཡིན་པ་ཡོངས་སུ་བརྗེད་དེ།  སྒྲོལ་མར་ཁོག་སྡིགས་བྱེད་ཀྱིན་འཕྲུལ་སྣང་གི་མཐའ་རུ་སོན་ལ་ཉེ་དུས།  གཉིད་ཏབ་ཏིབ་ཅིག་གིས་ཁོ་ཡང་གམ་གྱི་ཆུང་མ་བཞིན་གཉིད་ཀྱི་ཞིང་ལ་རང་དབང་མེད་པར་དྲུད་སོང་།

རྨི་ལམ་ནི་དངོས་གནས་འཕྲུལ་སྣང་ལས་ཀྱང་འཕྲུལ་སྣང་ཡིན་པ་འདྲ།

རྨི་ལམ་ནི་དངོས་གནས་མངོན་སུམ་ལས་ཀྱང་མངོན་སུམ་ཡིན་པ་འདྲ།

……རྨི་ལམ་དུ་ཁུ་ཚུར་ཙམ་གྱི་ཚད་ནས་ཆེ་རུ་སོང་སྟེ་རྡོ་ལོག་འདྲ་ཞིག་ཏུ་གྱུར་ཅིང་།  རྡོ་ལོག་འདྲ་ཞིག་ནས་བེའུ་འདྲ་ཞིག་ཏུ་གྱུར། མཐའ་མར་བེའུ་འདྲ་ཞིག་ནས་མི་ཞིག་ཏུ་གྱུར་པའི་བུད་མེད་དེ་ནི།  སྒྲོལ་མ་མིན་པར་རང་གི་ཆུང་མར་གྱུར་སོང་།

“ཨ་ཁ།  ཀན་ངའི་ཆུང་མ་མིན་ནམ།”

ར་རྫི་ཚེ་ལོའི་ཁ་ནས་དེ་ལྟར་ཤོར་སོང་།

ཆུང་མའི་གདོང་ལ་ཞེད་སྣང་འདོམ་པ་གང་བསྣར་འདུག་ཅིང་སྐྱ་ཐོ་ཐོ་བྱེད།  དེའུ་འབུར་དེའི་རྒྱབ་ལ་འཚབ་འཚུབ་ངང་ཕྱིན་ཏེ།  ཨ་ཚ་དང་ཨག་འབོད་ལན་འགའ་བསྒྲགས་རྗེས།   ཁྱེའུ་ཞིག་གི་གཉོམ་ལ་ཕྲ་བའི་ངུ་སྒྲ་ལན་འགའ་གྲགས་འོངས།  དེ་ནས་འཚབ་འཚུབ་ངང་ཕྱིར་ལོག་པའི་ལམ་དུ་ཕྱིན་སོང་།  མོས་འཁྲེང་བའི་མིག་གིས་ཁྱེའུ་དམར་འཇར་དེ་ལ་ཡང་ཡང་ལྟ་བཞིན་འདུག

“གཡང་སྐྱིད། ”

“ཝེ—གཡང་སྐྱིད།”

གཉིད་གུང་དུ་ར་རྫི་ཚེ་ལོ་ཞེད་དངངས་དང་བཅས་སད་དུས་སྐྱ་རེངས་སྐྱ་མདའ་སྔར་ནས་བཀྱགས་ཟིན་པས།  ཆུང་མ་མལ་ལས་ལངས་ཏེ་ཁ་ཏོན་འདོན་བཞིན་ཐབ་ཁུང་དུ་མེ་སྦར་གྱིན་འདུག་ལ། ར་རྫི་ཚེ་ལོའི་འབོད་པ་དེས། མོ་ཡང་རེ་ཞིག་ཁ་གདངས་མིག་ཅེར་གྱིས་ཚ་ཐབ་ཕྱོགས་སུ་ཧད་དུ་བཅུག

……

ར་རྫི་ཚེ་ལོ་མངོན་སུམ་དང་རྨི་ལམ་གྱི་རབ་ཁ་ནས་ཅི་ཡིན་ཆ་མ་འཚལ་བར་ཡར་ལངས་ཏེ་ཕྱི་རོལ་དུ་བུད་པ་ན།  དུས་ཡུན་ག་ཚོད་འགོར་པ་མི་ཤེས་མོད། དབྱར་རྫ་ཧྲིལ་བོར་ཆར་ཐིགས་ཤིག་ཀྱང་དབབ་རྒྱུ་མེད་པའི་ནམ་མཁའ་སྐྱ་སྐོག་དེ་ལས།  ཁོག་ལ་སྡུག་གི་མཚོ་མོ་བསྐྱིལ་བའི་ཨ་ཡེ་རྒན་མོ་ཞིག་གི་གདོང་ནས་མིག་ཆུ་ཤུར་ཤུར་དུ་འབབ་པ་བཞིན་ཆར་བ་ཤག་ཤག་ཏུ་འབབ་ཅིང་མཆིས་ལ།  གྲོ་ཞིང་ཁའི་ལྟོགས་སྐོམ་གྱིས་མནར་བའི་ས་གཞི་ཤག་ཤག་གི་ཆར་ཀློང་དུ་ཁུ་སིམ་སིམ་ངང་ལུས་འདུག   ར་རྫི་ཚེ་ལོས་ཆར་བ་ཤག་ཤག་འཇོ་བའི་ནམ་མཁའ་དང་། ངོ་གདོང་སེར་སྐག་སེ་འདུག་པའི་ཆུང་མར་རེས་མོས་སུ་ལན་གཅིག་བལྟས་རྗེས།  ཡང་བསྐྱར་མིག་དབང་ནམ་མཁའི་དབྱིངས་ལ་གཏད་དེ་ཡུན་རིང་བོར་ཁ་རོག་གེར་ལུས་སོང་།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།