ཀྲུང་གོ་བོད་ཀྱི་དྲ་བ།

མར་མེ། རླུང་གིས་གཟིམས་སོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྒོ་མེ་ཚེ་རིང་བཀྲ་ཤིས།   སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

WX20190114-151236@2x1.jpg

“ང་སྐོམ་ནས་ཤི་ཐལ།”

“ང་ལྟོགས་ནས་ཤི་ཐལ།”

“ང་ལ་གཅིན་གཏང་རྒྱུ་ཡོང་གི”

“ང་ལ་སྐྱག་པ་གཏང་རྒྱུ་ཡོང་གི”

“ཝེ ---”

“ཀྭོ ---”

“……”

སྤོ་བོ“ར་ཐོང”ནད་གདོན་གྱིས་བཟུང་སྟེ་མལ་སར་ལྷུང་བ་ནས་བཟུང་།  གྲོ་ཞིང་ཁའི་རུ་བར་དུ་དུས་རྒྱུན་ཁོའི་གཉོམ་ལ་ཕྲ་བའི་སྐད་ཀྱིས་དེ་ལྟར་འབོད་པ་ཐོས་ཐུབ།

སྤོ་བོ་ཐོད་འབུར་གྱིས་བཤད་སྲོལ་ལྟར་ན། སྤོ་བོ“ར་ཐོང”ནི་གྲོ་ཞིང་ཁའི་ཀོར་ཀོར་བྱས་ན་དཀྱིལ་ནས་སྡོད་མཁན་དང་། ནར་ནར་བྱས་ན་གོང་ནས་སྡོད་མཁན་གྱི་གྲས་ཡིན་མོད། ད་ནི་ནད་གདོན་གྱི་དབང་གིས་ཚད་འདིར་ལྷུང་སོང་བ་རེད་ཟེར།  

སྤོ་བོ“ར་ཐོང”ད་དུང་ཨ་ཁུ“ར་ཐོང”ཡིན་དུས། མགོ་ཐོག་ན་གནམ་དང་རྐང་འོག་ན་ས་མ་གཏོགས་མེད་ཟེར་བའི་རྒོད་པོ་ཐུར་མེད་ཅིག་ཡིན་རབས་ཟེར། སྤོ་བོ“ར་ཐོང”གིས་རྒྱུན་དུ་མ་ནེ་འོག་ཏུ་འཛིངས་ནས་སྐྱེས་པའི་མན་ཚར་དེར་བྱིལ་བྱིལ་གཏོང་བཞིན། “དེང་སང་གི་གསར་བུ་འདི་ཚོར་སྙིང་ཟེར་བ་མི་འདུག   ཐ་ན་རྡུང་རེས་ཤིག་རྒྱག་པའི་དཔའ་ཡང་མེད། དེང་མ་ངེད་ཚོ་གསར་བུ་ཡིན་དུས་ད་ལྟའི་འདི་འདྲ་ཞིག་ག་ལ་ཡིན”ཞེས་ང་ཚོར་ཁ་འཕྱས་སྙིང་འཕྱས་གཏོང་བ་རེད།

ང་ཚོས་དང་མགོར་ཁོའི་རྫུབས་ཀྱང་རིང་བའི་མན་ཚར་ལ་བལྟས་ནས། ཁོའི་མིང་ལ“ར་ཐོང”ཐོགས་དོན་མན་ཚར་དེ་ལ་འབྲེལ་བ་ཡོད་རྒྱུ་རེད་བསམས་ནས་ཚོད་དཔག་བྱས་མོད།  རྗེས་སུ་མི་རྒན་རྣམས་ཀྱི་ཁ་ནས་ཁོའི་མིང་ལ“ར་ཐོང”ཟེར་བའི་རྒྱུ་མཚན་ངོ་མ་བོ་གོ་དུས། ང་ཚོ་ཧ་ལས་ཤིང“དཔེ་མི་སྲིད། དེ་འདྲ་ཞིག་དཔེ་ག་ལ་སྲིད”ཅེས་མགོ་བོ་ཐེད་དུ་གཡུགས་པ་ཡིན།

སྤོ་བོ་ཐོད་འབུར་གྱིས་བཤད་ན།  ང་བརྒྱད་ལོར་ཟ་མ་དཀའ་དུས་སེམས་ཅན་གྱི་མགོར་མུ་གེ་ཡོང་ནས་ལྟོགས་སྡུག་མང་པོ་མྱངས། མི་རྣམས་ཀྱིས་རྩྭ་ལྡུམ་དང་ཐ་ན་སྡོང་ཤུན་སོགས་ཀྱང་ཟོས་མོད།  ཡིན་ནའང་སྤོ་བོ“ར་ཐོང”གིས་མུན་ནག་གི་ལོ་ཟླ་དེའི་ནང་དུ་ཡང་སྐྱིད་བརྒྱབ་ནས་ཡོང་བ་རེད།  མི་དེས་སྐྱིད་བརྒྱབ་བརྒྱབ་ཅིག་སུས་ཀྱང་བརྒྱབ་ཡོད་མི་སྲིད།  ལྟས་ངན་དེས་སྔོན་ནས་གྲ་སྒྲིག་བྱས་ཡོད་པ་ཁོ་ཐག་རེད།  དུས་རྒྱུན་ཡིན་ན་ང་ནི་སྡེ་བ་གཞུང་གི་ར་རྫི་ཡིན་མོད། ནངས་མོ་དེར་ར་རྫིར་ཡིན་གཅིག་མིན་གཉིས་ཁོ་འགྲོ་རྒྱུ་ཞེས་བཀག་ཀྱང་མ་ཁོགས་པར་བུད་སོང་།  ཉིན་དེར་ཁོས་ར་ཐོང་ཡ་མེད་ཅིག་བཟུང་ནས་བཤས་ཤིང་རྡོ་སྲེག་བརྒྱབ་ནས་གཅིག་པུས་ཟོས་པ་རེད།  མར་ནང་སྡེ་བའི་ར་རྫི་ཚེ་ལོས་དེ་མཐོང་བས་ཁོ་ཡོད་སར་བརྒྱུགས་ཏེ་ཤ་ཁམ་གང་བསླངས་ཀྱང་།  “ར་ཐོང”གིས་ཤ་མཐེ་བོང་ཙམ་ཡང་མ་བྱིན་པ་མ་ཟད་དོན་དེ་སུ་ལ་བཤད་ཚེ་ཁྱོད་ཀྱི་དབུགས་མ་བསྒགས་ན་ཁྱོད་ཀྱིས་ལྟོས་ཞེས་འཇིགས་བསྐུལ་བས། ར་རྫི་ཚེ་ལོས་དེ་ལྟར་ར་ཐོང་གིས་ར་ཤ་བུབས་གཅིག་ཟོས་ཚར་རག་བར་དུ་མཆིལ་མ་མིད་བཞིན་བལྟས་བསྡད་པ་རེད།  རྗེས་སུ་ར་ཐོང་ཞིག་བོར་བརླག་ཐེབས་པའི་ཉེས་སྐྱོན་ངའི་མགོར་ཡོང་ནས། ང་ཚོགས་ཐོག་ནས་ཐེངས་མང་བསླངས་པ་མ་ཟད་གཤེ་གཤེ་བཏང་ཞིང་དགག་རྒྱག་བྱས་མྱོང་། དེ་ནས་བཟུང་ཁོའི་མིང་ལ“ར་ཐོང”ཞེས་པའི་མཚང་མིང་དེ་ཐོགས་པ་རེད་ཟེར། 

སྤོ་བོ་ཐོད་འབུར་གྱིས་ང་ཚོར“རྣར་འགྲོ་ནའང་དེ་ཡིན་ལ།  རྣར་མི་འགྲོ་ནའང་དེ་ཡིན”ཟེར།

ང་ཚོའི་གྲོ་ཞིང་ཁ་རུ་སྤོ་བོ “ར་ཐོང” དང་ལོ་ན་ཚོད་མཉམ་པ་ཏག་ཏག་སྤོ་བོ་ཐོད་འབུར་གཅིག་པུ་ཡིན།  སྡེ་བའི་ནང་གི་མི་ཀུན་གྱིས་ཁོར “ཐོད་འབུར”“ཐོད་འབུར”ཞེས་འབོད་ཀྱང་།  ད་ལྟ་སྤོ་བོ་ཐོད་འབུར་གྱི་ཐོད་པ་འབུར་མེད་པས“ཐོད་འབུར”ཟེར་བ་ནི་མིང་གི་ལྷག་མ་ཙམ་ལས་ཅི་ཡང་མིན།

དེ་ལ་གཏམ་རྒྱུད་ཅིག་ཀྱང་ཡོད་མོད། ཡིན་ནའང་གཏམ་རྒྱུད་དེ་ནི་སྤོ་བོ་ཐོད་འབུར་གྱིས་བཤད་པ་མིན། 

……གནའ་དང་མ་གསར་བུ་ཡིན་དུས་སྤོ་བོ་ཐོད་འབུར་ནི་ཐོད་པ་འབུར་ནས་མི་གྲལ་དུ་འགྲོ་སྲོལ་མེད་པའི་མི་རྩོག་ཅིག་ཡིན་སྐད།  དེ་ཡང་ཉིན་ཞིག་སྤོ་བོ་ཐོད་འབུར་གྱི་སྤོ་བོ “ར་ཐོང” ཁྱིམ་དུ་བོས་ནས་ཁོ་གཉིས་ཀྱིས་ཆང་འཐུང་ཞིང་ཡར་མར་གྱི་ཁ་བརྡ་བྱེད་ཀྱིན་སྡོད་དུས།   དོན་དག་ཅི་ཞིག་གི་ཆེད་དུ་ཡིན་པ་ཁོ་གཉིས་ལའང་བཤད་རྒྱུ་མི་འདུག   ཡང་ན་བཟི་བོ་ཞིག་ལ་མ་གཞི་ནས་དོན་དག་ཅིག་དགོས་དོན་ག་ལ་ཡོད། ཁོ་གཉིས་ཀྱིས་དེ་ལྟར་ཆང་འཐུང་བཞིན་བཞིན་སྤོ་བོ “ར་ཐོང”གིས་སྤོ་བོ་ཐོད་འབུར་གྱི་ཐོད་པ་འབུར་འབུར་བོའི་སྟེང་དུ་ཁུ་ཚུར་གྱིས་ཤུགས་ཀྱིས་ལན་གཅིག་བརྒྱབ་པ་ན།  སྤོ་བོ་ཐོད་འབུར་གྱི་ཐོད་པ་འབུར་འབུར་བོ་དེ་ལས་རྣག་གམ་ཁྲག་གང་ཞིག་ཕྱོགས་བཞིར་ཆོལ་སོང་ཟེར།  ཨ་ཡ་མཚན། ཐོད་པ་འབུར་འབུར་བོ་དེའི་ནང་དུ་དེ་འདྲའི་ཉ་ཉོག་མང་པོ་ཞིག་ཆོལ་འོངས་སྲིད་པ་ངས་སེམས་ཀྱི་དགུ་ལའང་མ་ཤར།    སྤོ་བོ “ར་ཐོང”གིས་ང་ཚོར་དེ་ལྟར་བཤད་ཀྱིན་ཁོས་སྐབས་དེར་སྤོ་བོ་ཐོད་འབུར་གྱི་ཐོད་པ་འབུར་འབུར་བོའི་སྟེང་དུ་ཁུ་ཚུར་གྱིས་ཇི་ལྟར་བརྒྱབ་པའི་སྐོར་བཤད་དུས།  ཁོའི་གདོང་ལ་ད་དུང་རང་རློམ་དང་ཡིད་ཆེས་ཤིག་གིས་ཁེངས་འདུག   གང་ལྟར་སྤོ་བོ “ར་ཐོང”གིས་སྤོ་བོ་ཐོད་འབུར་གྱི་ཐོད་པ་འབུར་འབུར་བོའི་སྟེང་ལ་ཁུ་ཚུར་གྱིས་བརྒྱབ་ཉིན་ནས།  སྤོ་བོ་ཐོད་འབུར་གྱི་ཐོད་པའི་འབུར་འབུར་བོ་དེ་ཤུལ་མེད་རྗེས་མེད་དུ་གྱུར་སོང་ཟེར།  སྤྱིར་ན་སྤོ་བོ “ར་ཐོང”གིས་སྤོ་བོ་ཐོད་འབུར་གྱི་ཐོད་པ་འབུར་འབུར་བོའི་སྟེང་དུ་ཁུ་ཚུར་གྱིས་བརྒྱབ་པ་དེར་སྤོ་བོ་ཐོད་འབུར་སྤོ་ལངས་ན་འགྲིག་མོད། ལྡོག་སྟེ་སྤོ་བོ་ཐོད་འབུར་གྱིས “ངས‘ར་ཐོང’ལ་བཀའ་དྲིན་ཞུས་ན་འགྲིག   གལ་ཏེ་ཁོ་མིན་རྒྱུ་ན་ང་ད་རུང་མི་ཧྲེང་དུ་ལུས་ཡོད་ཀྱང་སྲིད”ཟེར།

……

ང་ཚོས་གནས་ཚུལ་དེ་གོ་རྗེས།    སྤོ་བོ “ར་ཐོང”ནི་དངོས་གནས་སྤོ་རང་ག་བ་ཞིག་མིན་པ་ཤེས་སོང་ལ།  ཁོས“དེང་སང་གི་གསར་བུ་འདི་ཚོར་སྙིང་ཟེར་བ་མི་འདུག  ཐ་ན་རྡུང་རེས་ཤིག་རྒྱག་པའི་དཔའ་ཡང་མེད། གནའ་དང་མ་ངེད་ཚོ་གསར་བུ་ཡིན་དུས་ད་ལྟའི་འདི་འདྲ་ཞིག་ག་ལ་ཡིན” ཞེས་ང་ཚོར་ཁ་འཕྱས་སྙིང་འཕྱས་གཏོང་དོན་ཡང་མི་གོ་རྒྱུ་མི་འདུག 

ཡིན་ནའང་།  ད་ནི་སྤོ་བོ “ར་ཐོང”རྒས་ཤིང་འཁོགས་པར་གྱུར་ནས་གནའ་དང་མའི་སྤོ་བོ “ར་ཐོང”གི་ཤུལ་ཙམ་ཡང་མི་འདུག་པ་མ་ཟད། རྒྱུན་དུ་ཁོས“ང་སྐོམ་ནས་ཤི་ཐལ།” “ང་ལྟོགས་ནས་ཤི་ཐལ།”  “ང་ལ་གཅིན་གཏང་རྒྱུ་ཡོང་གི” “ང་ལ་སྐྱག་པ་གཏང་རྒྱུ་ཡོང་གི” “ཝེ—”“ཀྭོ—” ཞེས་འབོད་སྐད་སྒྲོག་པ་ཐོས་དུས།   ང་ཚོའི་སེམས་ཁོང་དུ་ཡང་ཁོར་སྙིང་རྗེ་བའི་ཚོར་བ་སྐྱུར་མོ་ཞིག་ངང་གིས་འཁྱིལ་འོངས།

ཕྱིར་འདང་ཞིག་བརྒྱབ་ན།  ཉིན་དེར་ངས་ཐེངས་དང་པོར་སྤོ་བོ “ར་ཐོང”གིས་དེ་ལྟར་འབོད་པ་ཐོས་པ་ཡིན།  དེ་དུས་སྤོ་བོ “ར་ཐོང” ཉལ་སར་ལྷུང་ནས་ཟླ་གཅིག་ལྷག་ལས་འགོར་མེད། ཁོའི་སྐད་གདངས་དེས་མི་སེམས་ལ་བྲེལ་སྣང་འགོག་མེད་ཅིག་སྦྱིན་པར་བྱེད།

“ང་སྐོམ་ནས་ཤི་ཐལ།”

“ང་ལྟོགས་ནས་ཤི་ཐལ།”

“ང་ལ་གཅིན་གཏང་རྒྱུ་ཡོང་གི”

“ང་ལ་སྐྱག་པ་གཏང་རྒྱུ་ཡོང་གི”

“ཝེ ---”

“ཀྭོ ---”

“……”

WX20190114-151305@2x2.jpg

ངས་ཅི་བྱུང་འདི་བྱུང་མ་ཤེས་པར་ཁྱིམ་དུ་བརྒྱུགས་ནས་ཨ་མར་གནས་ཚུལ་བཤད་དུས།  ཨ་མས“ད་ནི་སྤོ་བོ‘ར་ཐོང’ལ་སྙིང་མ་རྗེ”ཟེར་བཞིན་ཁོ་ཚག་ལས་ཞོགས་པར་བསྲེགས་པའི་གོ་རེ་སྐྱ་ལེབ་ཅིག་བླངས་ཤིང་། དེ་ནས་འོ་ཇ་ཚ་དེམ་གང་ངའི་ལག་ཏུ་བཞག་ནས“འུ་གཉིས་སྤོ་བོ‘ར་ཐོང’ ལ་སྐོར་ཞིག་བརྒྱག་ཏུ་འགྲོ”ཟེར།

ཉིན་དེར་སྤོ་བོ “ར་ཐོང”ཚང་དུ་སྤོ་བོ “ར་ཐོང”ལས་མི་གཞན་གཅིག་ཀྱང་མི་འདུག    ང་རང་དུས་ཡུན་རིང་བོ་ཞིག་ལ་སྤོ་བོ “ར་ཐོང” ཚང་ལ་སོང་མ་མྱོང་བས། ཁོ་ཚང་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་བྱུང་འདུག་ཅེས་བཤད་ཀྱང་འགལ་བ་མེད། ཁོ་ཚང་གི་གནའ་ཁང་རྙིང་པ་དེ་དག་གི་ཚབ་ཏུ་སོ་ཕག་གི་ཁང་པ་གྱན་འགའ་ལས་ཡོད་པ་དང་། སོ་ཕག་གི་ཁང་པ་དེ་དག་ནི་དངོས་གནས་མིག་ལ་མཛེས་པ་ཞིག་རེད། ཨ་མ་ངེད་གཉིས་ཀྱིས“ཝེ ---”“ཀྭོ ---”ཞེས་འབོད་པའི་སྒྲ་ལ་བརྟགས་ནས་ཕྱིན།  སོ་ཕག་གི་ཁང་པ་གསར་པ་དེ་དག་གི་གཡས་ལོགས་ཀྱི་གྲུ་ཁ་ཞིག་ཏུ་ས་ཁང་དམའ་མོ་གྱན་གཅིག་མ་བཤིག་པར་བཞག་འདུག  ངེད་གཉིས་ས་ཁང་དམའ་མོ་དེའི་ནང་དུ་ཕྱིན་པ་ན།  སྣ་ལམ་དུ་དྲི་མ་ཁ་བོ་ཞིག་ཤུ་རུ་རུ་ལྡང་འོངས།  དེ་ནི་གཅིན་དྲི་ཡིན་པ་འདྲ་ལ།  སྐྱག་དྲི་ཡིན་པའང་འདྲ།  གང་ལྟར་མི་ལ་ཞེ་མེར་སློང་བའི་དྲི་ངན་ཞིག་ས་ཁང་དམའ་མོ་དེའི་ནང་དུ་ཁྱབ་འདུག   སྤོ་བོ“ར་ཐོང”ཚ་ཐབ་སྟེང་ཀན་རྐྱལ་དུ་ལོག་འདུག་ཅིང་ངེད་གཉིས་ཀྱི་སྐད་གོ་བས་མགོ་བོ་ཤུགས་ཀྱིས་ཡར་དགྱེ་ཙམ་བྱེད་མོད།  འོན་ཀྱང་ཁོས་འབད་པ་ཇི་ལྟར་བྱས་ཀྱང་མགོ་བོ་ནི་རྡོ་ལོག་ལྕི་མོ་ཞིག་དང་འདྲ་བར་ཡར་འགྱོགས་མ་ཐུབ།

“སུ་ཡིན།  དབང་མོ་ཡིན་ནམ།  ང་ལྟོགས་ནས་ཤི་ཐལ།”

སྤོ་བོ་ར་ཐོང་གིས་ཨ་མ་ཁོ་ཚང་གི་མནའ་མར་འཁྲུལ་བ་འདྲ། ཁོས་རང་གི་ཕུང་བོ་བཞིན་ཟུངས་ཟད་པའི་སྐད་ཀྱིས་དེ་ལྟར་དྲིས་བྱུང་།

ཨ་མས“སྤོ་བོ།  ང་ཡིན་ཡ།  ལྷ་མོ་ཡིན”ཞེས་ལན་བྱིན།

སྤོ་བོ “ར་ཐོང”གིས“འ་ཡོ།  ང་ལྟོགས་ནས་ཤི་ཐལ”ཟེར།

ཨ་མས་གོ་རེ་ངའི་ལག་ཏུ་བཞག་སྟེ་མགྱོགས་མྱུར་ངང་སྤོ་བོ “ར་ཐོང” ཡར་བསྐྱོར་བྱུང་།  དེ་དུས་ངས་སྤོ་བོ“ར་ཐོང”གི་ངོ་གདོང་གསལ་བོར་མཐོང་བྱུང་།  སྤོ་བོ “ར་ཐོང”སྐམ་ཞིང་རིད་པར་གྱུར་ཏེ་གདོང་དུ་སྐྱི་མོ་ཞིག་ལས་ལྷག་མི་འདུག    ཟླ་འགའི་སྔོན་ལ་ཁོས་ད་དུང“གནའ་དང་མ་ང་གསར་བུ་ཡིན་དུས་ངས་ཐོད་འབུར་གྱི་ཐོད་པ་འབུར་འབུར་བོའི་སྟེང་ལ་འདི་ལྟར་བརྒྱབ་པ་ཡིན”ཞེས་བཟོ་ལྟ་སྣ་ཚོགས་སྟོན་མོད། འོན་ཀྱང་ཟླ་འགའི་རྗེས་སུ་ཁོ་རང་འདི་ལྟ་བུ་ཞིག་ཏུ་གྱུར་འགྲོ་བ་ངས་ཡིད་ལ་གཏན་ནས་ཤར་མ་མྱོང་། 

སྤོ་བོ“ར་ཐོང”ནི་དངོས་གནས་རུས་པ་སྤར་མོ་གང་དུ་གྱུར་འདུག

ཨ་མས་ང་ལ“འགྱིངས་ནས་བསྡད་དེ་ཅི་བྱེད། ཇ་དང་གོ་རེ་འཁྱེར་ཤོག”ཟེར་མོད། སྤོ་བོ“ར་ཐོང”གི་གདོང་གི་སྐྱི་མོ་གཉེར་ཏོ་བོ་དེ་དང་མ་ནེ་འོག་གི་མན་ཚར་ཐར་ཐོར་བོ་དེ་མཐོང་བས། ང་རང་ཁོའི་གམ་ཏུ་གཅར་བར་སྐྲག་སྣང་ཞིག་སྐྱེས་བྱུང་།  ཨ་མས་ཡང་བསྐྱར“ཝེ།  མི་གོའམ།  མྱུར་དུ་འཁྱེར་ཤོག”ཟེར་བ་དང་། སྤོ་བོ“ར་ཐོང”གིས་ལྐོག་ཏུ་ལྷུང་བའི་མིག་གཉིས་འབྱེད་ཙམ་བྱས་རྗེས“འ་ཡོ།  ང་ལྟོགས་ནས་ཤི་ཐལ”ཟེར་བས།   ང་སྐྲག་མ་དངངས་ཀྱིས་གོ་རེ་དང་ཇ་འཁྱེར་ནས་ཚ་ཐབ་ཀྱི་ཕྱོགས་སུ་སོང་བ་ཡིན། 

ཨ་མས་ལག་ཡས་ཀྱིས་སྤོ་བོ “ར་ཐོང”བསྐྱོར་ཅིང་།   ལག་ཡས་ཀྱིས་ཁོའི་ཁ་ལ་གོ་རེ་ཅུང་ཟད་བཞག་ཅིང་ཇ་ཧུབ་གང་འཐུང་དུ་བཅུག་པ་ན།  གོ་རེ་ཁོའི་གློ་སྦུག་ཏུ་སོང་བས་སྤོ་བོ “ར་ཐོང”གི་ཁ་ནས་ཁོའི་ལུས་ལ་མི་མཛའ་བའི་གློ་ལུད་དྲག་པོ་འགའ་བསྟུད་མུར་ལན་བརྒྱབ་བྱུང་། ཨ་མ་ཡང་འཚབ་སྟེ་ཁོའི་རྒྱབ་ལ་ལག་པས་ཡང་མོར་རྡེག་ཅིང་མཆིས།  སྤོ་བོ “ར་ཐོང”གིས་གློ་ལུད་ལན་འགའ་བརྒྱབ་མཐར་མཚམས་བཞག་བྱུང་བས་ངའི་སེམས་པའང་བདེ་ལ་བབས་བྱུང་། ངས་ལྟ་དུས་སྤོ་བོ“ར་ཐོང”དང་ཨ་མ་གཉིས་ཀའི་གདོང་ནས་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་གྱིན་འདུག  སྤོ་བོ“ར་ཐོང”ནི་གློ་ལུད་ཙམ་བརྒྱབ་པ་དེར་ཡང་ཤུགས་ཀྱིས་མ་འདང་བར་རྔུལ་ཆུ་བཞུར་བ་ཡིན་སྲིད་མོད། ཨ་མ་ནི་འཚབ་ཅིང་སྐྲག་ནས་རྔུལ་ཆུ་བཞུར་བ་རེད། ངའི་སེམས་ལའང་གོ་རེ་གློ་སྦུག་ཏུ་འཚང་ནས་སྤོ་བོ“ར་ཐོང”ཤི་སོང་ཚེ་ཅི་བྱ་སྙམ་ནས་སྐྲག་པར་གྱུར།

ང་དེ་ལྟར་ཁ་མལ་དུ་མ་འགུལ་བར་བལྟས་ནས་སྡོད་དུས། སྤོ་བོ“ར་ཐོང”གིས་དབུགས་ཤུགས་ཀྱིས་ཐེངས་འགའ་རྔུབ་རྗེས་སླར་ཡང་མཆུ་ཏོ་གོ་རེ་ཡི་སྟེང་དུ་བསྲིངས་འོངས།  ད་ནི་ཨ་མ་ཡང་སྔོན་ལས་ཀྱང་ཞིབ་ཚགས་སུ་གྱུར་ཏེ་གོ་རེ་ཉུང་ཉུང་ཙམ་ལས་ཁོའི་ཁ་ནང་དུ་མ་བཞག  སྤོ་བོ“ར་ཐོང”གིས་དེ་ལྟར་ངལ་གསོ་ཞོར་དང་གོ་རེ་ཟ་ཞོར་བྱས་ནས་གོ་རེ་སྐྱ་ལེབ་དེའི་ཕྱེད་ཀ་ཟོས་ཚར་རྗེས་ཁོ་རང་འགྲངས་སོང་བའི་བརྡ་ལ་མགོ་བོ་གཡུགས་ཙམ་བྱེད་ཅིང་།  ལྐོག་ཏུ་ལྷུང་བའི་མིག་ཟུང་ལས་མིག་ཆུ་ཐིགས་པ་གཉིས་ངང་གིས་བརྡོལ་བྱུང་།  ཨ་མས་ལག་ཡང་མོས་ངང་ཁོ་རང་སྔར་གྱི་ཁ་མལ་དུ་བསྙལ་བ་ན། ཁོའི་དབུགས་ཀྱི་འབྱིན་རྔུབ་རྒྱུན་ལྡན་དུ་གྱུར་ཅིང་གདོང་ལ་ཡང་གསོན་ཉམས་ཏོག་ཙམ་རྒྱས་བྱུང་།

མཚན་མོ་དེར་ཨ་ཕ་ཁྱིམ་ལ་ལོག་རྗེས།  ངའི་ཉིན་དེའི་གནས་ཚུལ་ཇི་བཞིན་དུ་ཨ་ཕར་ཞུས་པ་ན།  ཨ་ཕས་དངན་པ་འགའ་འཐེན་རྗེས“མི་ཞིག་ཚད་འདི་འདྲར་ལྷུང་རྒྱུ་ཡོད་པ་སུ་ཞིག་གིས་ཤེས། དེ་སྔ་ཁྱོད་ཀྱི་རྨོ་མོ་དྲིན་ཆེན་མ་འཇིག་རྟེན་དཀར་ངོགས་སུ་ཡོད་དུས།  ‘ར་ཐོང་དེ་ཀུན་གྱིས་མི་ངན་ཞིག་ཏུ་བརྩི་ནའང་།  ཁོས་ཟ་མ་དཀའ་བའི་ལོར་ངེད་ཚང་ལ་ཁ་རོག་གེར་ཞོག་ཁོག་སླེ་བོ་གང་བརྐུས་ནས་བྱིན་མྱོང་།  ར་ཐོང་གི་བཀའ་དྲིན་ནམ་ཡང་བརྗེད་མི་ཉན’ཞེས་རྒྱུན་པར་བཤད། ད་ནི་ཚད་འདི་འདྲ་ཞིག་ལ་ལྷུང་སོང”ཞེས་བཤད་རྗེས་ཡང་བསྐྱར་དངན་པ་རིང་བོ་ཞིག་འཐེན་སོང་།   དེར་མཐུད་ནས“མནའ་མ་འདྲེ་མོ་ཞིག་འཁེལ་ནའང་།  དོན་འགྲུབ་དེ་ཡང་བུ་ངན་ཁྱི་སྐྱག་འདྲ་བ་ཞིག་རེད”ཅེས་སྤོ་བོ “ར་ཐོང”གི་བུ་དོན་འགྲུབ་ལ་སྡིགས་དམོད་ཅིག་བྱས། ཨ་ཕས་དེ་ལྟར་སྡིགས་དམོད་བྱེད་དུས་གདོང་ལ་ཞེ་སྡང་ཞིག་ལངས་འདུག 

ཕྱི་ཉིན་ཞོགས་པར་ནམ་ལངས་ནས་ཅུང་འགོར་མེད། ཨ་མས་ཐབ་ཁུང་ནང་དུ་མེ་བུས་ནས་ཇ་སྐོལ་བཞིན་འདུག་ལ། ཨ་ཕས་བསང་ཕུད་ཞོར་ཁ་ཏོན་ཞིག་འདོན་བཞིན་པའི་སྐབས་སུ། མདང་ནུབ་ཁོང་གིས“མནའ་མ་འདྲེ་མོ་ཞིག་འཁེལ་ནའང”ཟེར་བའི“མནའ་མ་འདྲེ་མོ”དེ་ངེད་ཚང་ལ་ཤོར་ནས་འོངས།

“ངེད་ཚང་གི་སྤོ་བོར་གོ་རེ་སྟེར་མཁན་ཁྱོད་ཨེ་ཡིན།”

“མནའ་མ་འདྲེ་མོ”དེས་ཨ་མར་དེ་ལྟར་དྲིས་བྱུང་།

ཨ་མས “ཁྱིམ་མཚེས་ཡར་ནང་མར་ནང་ཡིན་པས། དེ་ཙམ་ལ་ཅི་སྐྱོན”ཟེར།

“ཁྱོད་ཡིན་ནམ་མིན།”

མོའི་སྐད་གདངས་ཁྲོད་ཞེ་སྡང་ཞིག་གིས་ཁེངས་འདུག

“ང་ཡིན¡­¡­”

ཨ་མ་རྟབ་རྟབ་པོར་གྱུར་ཅིང་གདོང་ཡང་དམར་པོར་གྱུར་སོང་།

“ཁྱོད་ཀྱིས་ངེད་ཚང་ལ་མུག་སྐྱོབ་བྱེད་པ་ཡིན་ནམ། ཁྱོད་ཀྱིས་དེ་འདྲས་ཤ་ཚ་ན། དེ་རིང་ནས་བཟུང་ངེད་ཚང་གི་སྤོ་བོར་ཁྱོད་ཀྱིས་བདག་བྱོས།”

“སྤོ་བོར་ཅི་ཞིག་བྱུང་སོང་བ་མིན་ནམ།”

ཨ་མས་ཁ་ཤ་གཉིས་ཀའང་ལྷབ་ལྷབ་ཏུ་འདར་བཞིན་འདུག

“ཁྱོད་ཀྱིས་གོ་རེ་དེ་འདྲ་མང་པོ་བྱིན་ནས་གཅིན་སྐྱག་ཁྱོད་ཀྱིས་བདག་བྱ་རྒྱུ་ཡིན་ནམ།”

ཨ་ཕ་ཡང་མོ་གློ་བུར་དུ་སྒོ་རྒྱུག་ལ་ཡོང་བ་དེར་ཤིན་ཏུ་མཚར་ནས་ཁ་གདངས་ཤིང་མིག་ཧད་ནས་ཨ་མ་དང་མོ་གཉིས་ལ་ཅེར་འདུག དེ་དུས་ཨ་ཕས་བཤད་པའི་བུ་ངན་དོན་འགྲུབ་ངེད་ཚང་གི་རྒྱ་སྒོ་ལས་འཛུལ་ཡོང་སྟེ། “འབྲུག་མོ། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད། འགྲོ”ཟེར་བཞིན་ཕྱི་ལ་འཐེན་ཞིང་མིག་གཉིས་ཀྱིས་ཨ་ཕ་དང་ཨ་མ་གཉིས་ལ་ལྟ་ཞིང་། གདོང་ལ་དགོད་རྒྱུ་མེད་ཅིང་དགོད་རྒྱུ་ཞིག་ལངས་ཁུལ་གྱིས“སྤོ་ལངས་མི་ཉན། སྤོ་ལངས་མི་ཉན”ཟེར་བཞིན་བུད་སོང་།

ཁོ་གཉིས་སོང་ཤུལ་དུ་ཨ་མ་གློ་བུར་གང་ཞིག་ནས་སད་པ་བཞིན་ཐང་ལ་ལྟིག་སེ་ཙོག་སྟེ་ངུས་བྱུང་།

ཨ་ཕ་ཡང་ཨ་མའི་འགྲམ་དུ་ཙོག་ནས་དངན་པ་གཅིག་འཕྲོར་གཅིག་འཐེན་བྱུང་།

རྗེས་སུ་སྡེ་བའི་ནང་གི་མི་ཁ་ཤས་ཀྱིས་དོན་དག་དེ་གོ་རྗེས། ངེད་ཚང་ལ་ཡོང་ནས་ཨ་མར་སེམས་གསོ་བྱེད་བཞིན་ཨ་བོ་དོན་འགྲུབ་ཀྱི་ཆུང་མ་འབྲུག་མོར་ངན་གཏམ་གཏམ་རྗེས། སྤོ་བོར་ཐོང ལ་སྙིང་མ་རྗེཟེར་བཞིན་མིག་ཆུ་རེ་བཏོན་རྗེས་བུད་འགྲོ།

ང་ཚོ་རུ་བར་དུ་རྩེ་མོར་རྩེ་དུས།   ད་དུང་ཡང་སྤོ་བོར་ཐོངགིས ང་སྐོམ་ནས་ཤི་ཐལ།” “ང་ལྟོགས་ནས་ཤི་ཐལ།” “ང་ལ་གཅིན་གཏང་རྒྱུ་ཡོང་གི” “ང་ལ་སྐྱག་པ་གཏང་རྒྱུ་ཡོང་གི” “ཝེ---” “ཀྭོ---”ཞེས་འབོད་པ་ཐོས་ཐུབ།  ཡིན་ནའང་ང་ཚོ་སུ་ཡང་སྤོ་བོ ར་ཐོངལ་སྐོར་བརྒྱག་ཏུ་འགྲོ་མ་ཐུབ།

འཇིགས་མེད་ཁ་རྐོས་ང་ཚོརའདྲེ་མོ་དེའི་ཁ་ནང་དུ་གཅིན་གཏང་དགོས།  ཁྱི་སྐྱག  ངོ་མ་དེ་ནི་འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་ཞིག་རེདཟེར་བཞིན་སྡིགས་དམོད་བྱེད་དུས།  ང་ཚོས་ཀྱངཁྱོད་ཀྱིས་བཤད་པ་བདེན་པ་རེད།  དེ་ནི་དངོས་གནས་འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་ཞིག་རེད། ང་ཚོས་འདྲེ་མོ་དེའི་ཁ་ནང་དུ་གཅིན་གཏང་དགོསཞེས་བཤད་ནའང་།  དོན་དུ་ང་ཚོ་སུས་ཀྱང་འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་དེའི་ཁ་ནང་དུ་གཅིན་གཏང་མ་ཐུབ།

ཡིན་ནའང་། ང་ཚོས་རང་སེམས་ཀྱི་ཞེ་སྡང་བསལ་ཆེད་ཐབས་བཀོད་སྣ་ཚོགས་འཐེན་པ་ཡིན།

འཇིགས་མེད་ཁ་རྐོསང་ཚོས་ཁོ་ཚང་གི་རྩྭ་ཁང་མེར་བསྒྲོན་ན་ཅི་འདྲཟེར།

སྟོབས་ལྡན་སྣ་འབིགས་ཀྱིསང་ཚོས་ཁོ་ཚང་གི་ཚོད་རའི་གྱང་རྣམས་བསློག་ན་ཅི་འདྲཟེར།

བསོད་ནམས་འབག་བཙོག་གིསང་ཚོས་ཁོ་ཚང་གི་ཕག་ལ་དུག་བྱིན་ན་ཅི་འདྲཟེར།

ངསང་ཚོས་ཁོ་ཚང་གི་ཤིང་རྟའི་རྐྱལ་བ་དབྲལ་ན་ཅི་འདྲཞེས་བཤད།

ང་ཚོས་དེ་ལྟར་རང་རང་གི་དྲན་ཚུལ་རྣམས་ལྷུག་པོར་བརྗོད་རྗེས་གོང་གི་དྲན་ཚུལ་དག་ལ་ཁ་མ་འཆམ་པས། ཡང་ཡང་དྲན་ཚུལ་བཤད་ཅིང་གྲོས་བྱས་མཐར་ཁོ་ཚང་གི་དུད་ཁུང་ནང་དུ་རྩྭ་གང་བརྫང་རྒྱུ་དང་།  ཁོ་ཚང་གི་སྒོ་ཁར་མི་རེས་སྐྱག་རྒན་རེ་གཏང་རྒྱུར་འཐད་པ་བྱུང་།

ང་ཚོས་འཆར་གཞི་རྣམས་ཡོངས་སུ་གྲུབ་རྗེས་ཐག་རིང་ཞིག་ཏུ་བསྐུངས་ནས་བསྡད་པ་ཡིན།  ཕྱི་དྲོའི་མཚམས་ཤིག་ལ་འཇིགས་མེད་ཁ་རྐོས ཡོང་ཐལ།  ཡོང་ཐལ།  འདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་དེ་ཡོང་ཐལཟེར། ང་ཚོས་བློ་རིག་བསྒྲིམས་ཏེ་ཁ་རོག་གེར་མོས་ཅི་བྱེད་ལ་བལྟས་ནས་བསྡད་པ་ན།  མོས་རྒྱབ་ཏུ་རྩྭ་ལྡུམ་ཤོག་གཅིག་ཁུར་ཞིང་གཡུག་བཞིན་གཡུག་བཞིན་འོང་གིན་འདུག  ང་ཚོས་རེ་སྒུག་གི་མིག་ཟུང་མོའི་ཕྱོགས་སུ་ཆེས་ཆེར་བགྲད་པ་ཡིན།  མོས་སྒོ་ཁར་བཏང་འདུག་པའི་སྐྱག་པ་རྣམས་མ་མཐོང་བ་འདྲ་སྟེ།  མོ་སྔོན་ལ་འཇིགས་མེད་ཁ་རྐོས་བཏང་བའི་སྐྱག་རྒན་དེའི་སྟེང་ལ་སྤོས་ཤིང་། དེ་ནས་བསོད་ནམས་འབག་བཙོག་གི་འཇིགས་མེད་ཁ་རྐོས་བཏང་བ་ལས་ཀྱང་ཆེ་བའི་སྐྱག་རྒན་དེའི་སྟེང་དུ་སྤོས་པ་དང་ཁ་ནས་ཨག་སྐད་ཅིག་ཤོར་ཅིང་།  ཨ་བ་ཨ་མ། གསོན་ལྤགས་བཤུ་རྒྱུ་བོ་འདི་ཚོཞེས་ས་དམོད་གནམ་དམོད་བྱེད་ཅིང་མཆིས།   དེ་དུས་ཨ་བོ་དོན་འགྲུབ་ཀྱང་ར་མ་འགའ་དེད་ནས་གྱང་སྣ་རུ་འཇུར་ཡོང་། ཁོས་མིག་མདུན་གྱི་རྣམ་པ་དེ་མཐོང་འཕྲལའུར་མ་བརྒྱག  གཞན་གྱིས་གོ་ན་ངོ་རེ་ཚཟེར་བཞིན།  ལྕགས་ཁེམ་ཞིག་འཁྱེར་ཡོང་སྟེ་སྐྱག་རྒན་རྣམས་རེ་རེ་བཞིན་གཞིས་མའི་ལོགས་ཀྱི་ཐལ་སྤུངས་སྟེང་དུ་གཡུགས་སོང་།   མོས་ད་དུང་ས་དམོད་གནམ་དམོད་བྱེད་ཀྱིན་འདུག་མོད།  ཨ་བོ་དོན་གྲུབ་ཀྱིས་ཤབ་ཤུབ་ངང་ཅི་ཞིག་བཤད་བཞིན་ཁྱིམ་ལ་དྲུད་སོང་། འཇིགས་མེད་ཁ་རྐོ་དང་བསོད་ནམས་འབག་བཙོག་གཉིས་དགའ་ནས་ཁ་ཡང་བསུམ་ཐུབ་ཀྱིན་མི་འདུག་མོད། སྟོབས་ལྡན་སྣ་འབིགས་དང་ང་ཚོའི་སེམས་ལ་ཕངས་སེམས་ཤིག་སྐྱེས་བྱུང་།

སྟོབས་ལྡན་སྣ་འབིགས་ཀྱིསའདྲེ་མོ་དེ་ངས་བཏང་བའི་སྐྱག་པའི་སྟེང་ལ་སྤོས་མ་སོངཟེར།

ངས་ཀྱངངས་བཏང་བའི་སྐྱག་པའི་སྟེང་དུ་མ་སྤོས་ཐལཞེས་བཤད།

ང་ཚོས་དེ་ལྟར་སྡུག་སྨྲེ་འདོན་དུས་ཨ་བོ་དོན་འགྲུབ་ཀྱིསཨུ་ཧུ། ཨུ་ཧུཟེར་བཞིན་སྒོར་བུད་བྱུང་ལ།  འདྲེ་མོ་དེས་ཀྱངཨུ་ཧུ། ཨུ་ཧུཟེར་བཞིན་སྒོར་བུད་བྱུང་།   ཁོ་གཉིས་སྒོར་བུད་ནས་ཅུང་མ་འགོར་བར་ཁོ་ཚང་གི་ལྷས་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཏེ་ནམ་མཁའ་དང་ས་གཞི་མེད་པར་བསྲེས་བྱུང་།

དེ་དུས།  མུན་ནག་གི་སོ་ཁ་རྣོན་པོས་གྲོ་ཞིང་ཁའི་བར་སྣང་གི་དཀར་ངོགས་ཡོད་ཚད་ཁྱུར་མིད་བཏང་བྱུང་བས། ང་ཚོ་ཁ་རོག་གེར་རང་རང་གི་ཁྱིམ་དུ་བྲོས་པ་ཡིན། ས་རུབ་ནང་མི་ཞིག་གིསཨ་བ་ཨ་མ། གསོན་ལྤགས་བཤུ་རྒྱུ་བོཞེས་མཚམས་མེད་པར་སྡིགས་དམོད་བྱེད་ཅིང་མཆིས་ནའང་། ང་ལ་བྱ་བ་ཆེན་པོ་ཅི་ཞིག་གྲུབ་སོང་བ་ལྟར་ཚོད་ཚོད་དུ་དགའ་རྒྱུ་ཞིག་བྱུང་འོངས།

སྡེ་བའི་ནང་དུ་སྤོ་བོ ར་ཐོངམི་དེའི་མགོར་མི་ཡོང་སུའི་མགོར་ཡོང་རྒྱུ།  ཁྲིགས་སེ་ཡིནཟེར་མཁན་ཀྱང་འགའ་རེ་ཡོད་དེ།  དེ་དག་ནི་སྤོ་བོ་ཀླུ་རྒྱལ་དང་སྤོ་བོ་རྟ་མགྲིན། ཨ་ཡེ་རིལ་མ་སོགས་རེད།

ཉིན་དེར་གཟའ་ཉི་མ་ཡིན་པས། ང་དང་སྟོབས་ལྡན་སྣ་འབིགས་གཉིས་ཀ་མ་ཎི་ཁང་གི་རྩིབས་ལོགས་ཀྱི་གཡུལ་ཁའི་ནང་དུ་ཐེ་ཀེ་རྩེད་བཞིན་སྡོད་དུས།  སྔོན་ལ་སྤོ་བོ་ཀླུ་རྒྱལ་མ་ཎི་ཁང་གི་མདུན་གྱང་ལ་ཁེན་ནས་བསྡད་བྱུང་། དེ་ནས་ཨ་ཡེ་རིལ་མས་མ་ཎི་འདོན་བཞིན་བསླེབས་ཤིང། སྤོ་བོ་ཀླུ་རྒྱལ་ལ་འཚམས་འདྲི་ཞིག་བྱས་རྗེས་ཁོའི་འཁྲིས་སུ་ཙོག་བྱུང་། དེའི་འཕྲོར་སྤོ་བོ་རྟ་མགྲིན་ཡང་དེར་ཡོང་ནས་ཐང་ལ་ཙོག་བྱུང་།  ཁོ་ཚོས་ཉི་མར་ལྡེ་བཞིན་མ་ཎི་ཚར་འགའ་བཏོན་རྗེས་ཡར་བཤད་མར་བཤད་ཀྱི་མགོ་བརྩམས་སོང་།  རིམ་གྱིས་རིམ་གྱིས་ཁོ་ཚོའི་ཁ་བརྡ་རང་ཤུགས་སུ་སྤོ་བོ ར་ཐོངགི་སྟེང་དུ་བབས་བྱུང་།

ཨ་ཡེ་རིལ་མསམི་དེའི་མགོར་མི་ཡོང་སུའི་མགོར་ཡོང་རྒྱུ།  ཁྲིགས་སེ་ཡིནཟེར།

སྤོ་བོ་ཀླུ་རྒྱལ་གྱིས་སྐད་མགོ་ཇེ་དམའ་རུ་བཏང་ཞིང་གཡས་ལྟ་གཡོན་ལྟ་ཞིག་བྱས་རྗེསད་ནིར་ཐོངགིས་གཅིན་སྐྱག་ཀྱང་བདག་ཐུབ་ཀྱིན་མི་འདུགཟེར།

སྤོ་བོ་རྟ་མགྲིན་གྱིས་ལག་གི་ཕྲེང་བ་སྐེ་ལ་བསྐོན་རྗེསདེར་ཁོར་མཛའ་བའི་མནའ་མ་ཞིག་འཁེལ་ཡོད་གི་ཡ།  ཡོད་ཚད་ལས་དབང་གི་བཀོད་སྒྲིག་རེདཟེར།

ཨ་ཡེ་རིལ་མར་ན་ཁོལ་ཞིག་ཡོད་པ་དང་འདྲ་བརདེར་ཁྲིགས་སེ་ཡོད། རྣམ་སྨིན་ཟེར་བ་ཚེ་ཐོག་ཏུ་འཁོར་རྒྱུ་ཡོད་པ་གན་རེདཟེར།

སྤོ་བོ་རྟ་མགྲིན་གྱིསདེས་མི་ལས་དགུ་ལས་མ་བྱས་པ་ཞིག་མེད། ད་ནི་ཚད་འདིར་ལྷུང་བ་མིན་ནམཟེར།

ཨ་ཡེ་རིལ་མསམི་ངན་དེས་དེ་དུས་ངའི་མགོ་ཐོག་ལ་མ་ཞོན་གོང་མ་ཡིན། ད་ནི་གཅིན་སྐྱག་ཀྱང་བདག་མི་ཐུབ་ན་སྡུག་གྱོང་རེདཟེར།

སྤོ་བོ་ཀླུ་རྒྱལ་གྱིས་སྔར་བཞིན་སྐད་མགོ་དམའ་མོས་ངངའོ་ལེ། ད་ནི ར་ཐོངགིས་སྡུག་འདེགས་རྒྱུ་རེད་ཡཟེར།

སྤོ་བོ་རྟ་མགྲིན་གྱིསགནའ་དང་མར་བུ་ང་ཡོད་དང་།  དཔའ་ང་ཡོད་ཟེར་བ་ཞིག་མིན་ནམ། ད་བུ་གང་ལ་བུད་སོང་། དཔའ་གང་ལ་བུད་སོངཟེར།

ཨ་ཡེ་རིལ་མསད་ཁ་ནང་ལ་ཆུ་ཐེངས་གསུམ་པོ་ཡང་ཡོང་གི་མི་འདུག་ཟེར། ད་རྣམ་སྨིན་མིག་ཐོག་ལ་ཤར་ཡོད་གཟེར།

འོ་ལེ། ད་དེ་བཤད་དེ……­

སྤོ་བོ་ཀླུ་རྒྱལ་གྱིས་སྐད་ཆའི་མཇུག་མ་བཤད་པར་ཁ་རོག་གེར་བསྡད་བྱུང་།

¡­¡­

WX20190114-151321@2x3.jpg

མཚན་མོ་དེར་ངས་ཕ་མ་གཉིས་ཀར་ཉིན་དེར་གོ་བའི་གཏམ་རྣམས་བཤད་དུས།ཨ་ཕསད་ནི་སྤོ་བོར་ཐོངལ་མགོའི་ཉི་མ་དང་། ལ་སྟེང་གི་གྲིབ་མ་རེད། མི་ཤི་ཁར་ཐུག་དུས་ད་དུང་ངན་གཏམ་ནས་ཅི་བྱེད་དམཟེར་ཞིང་།  ཨ་མས་ང་ལགཞན་ལ་ཅི་བཤད་ན་བཤད་དུ་ཆུགས། ཁྱོད་ཀྱིས་ཁོ་ཚོའི་སྐད་ཆ་གཞན་ལ་བཤད་མི་ཉནཟེར། ངས་ཁོ་ཚོས་སྤོ་བོར་ཐོངལ་དེ་ལྟར་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་པ་ན། ཨ་ཕསསྤོ་བོར་ཐོངགིས་སྡེ་བའི་ཧྲུའུ་ཅི་ཁུར་མྱོང་བ་རེད།  དེ་དུས་ཨ་ཡེ་རིལ་མས་གཞུང་གི་གྲོ་སྒྱེ་མོ་གང་བརྐུས་པས།  ཁོས་ཨ་ཡེ་རིལ་མ་མི་མང་གྲས་སུ་བརྩེངས་ཏེ་དགག་རྒྱག་བྱས་པ་རེད……­གསར་བུའི་སྣང་བ་རེད་མོད།  ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད།  མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་རེད…… ཡ།ད་དེ་དག་བཤད་ནས་ཅི་བྱེད།སྔ་མོ་ནས་ངལ་གསོཟེར་བཞིན་ཡར་ལངས་ནས་ཚབ་ཐབ་ཀྱི་ཕྱོགས་སུ་བུད་བྱུང་།

རྗེས་སུ་ངའི་རྣ་ལམ་དུ་གཏམ་ཞིག་འཁོར་བ་ནི།  བསོད་ནམས་འབག་བཙོག་གིས་ང་ལསྤོ་བོ”‘ར་ཐོངནི་ཁྱོད་ཀྱི་སྤོ་བོ་ངོ་མ་བོ་ཡིན་པ་རེད།  ཁྱོད་ཀྱིས་ཨེ་ཤེསཟེར།  ཁོའི་སྐད་ཆ་དེས་ང་མི་དགའ་བར་བཏང་སོང་། ངས་སྤོ་བོར་ཐོངལ་སྙིང་རྗེ་ནའང་། བསོད་ནམས་འབག་བཙོག་གིསསྤོ་བོར་ཐོངནི་ཁྱོད་ཀྱི་སྤོ་བོ་ངོ་མ་བོ་ཡིན་པ་རེད། ཁྱོད་ཀྱིས་ཨེ་ཤེསཟེར་དུས།  ང་ལ་ཞེ་སྡང་འགོག་མེད་ཅིག་སྐྱེས་བྱུང་།  ངས་ཁོརསྤོ་བོར་ཐོངནི་ཁྱོད་ཀྱི་སྤོ་བོ་ངོ་མ་བོ་རེད། ཁྱོད་ཀྱིས་ཨེ་ཤེསཞེས་ལྡོག་འདྲི་ཞིག་བྱས་པ་ན།  ཁོསཨ་ཙི།  ཁྱོད་རྣར་མི་འགྲོའམཟེར།  ངསཁྱོད་ལ་སུས་བཤད་པ་ཡིནཞེས་དྲིས་པ་ན། བསོད་ནམས་འབག་བཙོག་གིས ཁྱོད་ལ་སུས་བཤད་པས་ཅི་བྱེད།  སྤོ་བོར་ཐོངཁྱོད་ཀྱི་སྤོ་བོ་ཡིན་པ་ངོ་མ་རེདཟེར།

ཁྱོད་ཀྱི་ཨ་ཕའི་རོ་ཡི་སྤོ་བོ་རེད།ཤེས་སམ།

ཁོས་ཡང་ཡང་དེ་ལྟར་བཤད་ཡོང་བས་ང་ཡང་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་བྱུང་།

སྐྱག་ཕྲུག་འདི་སྤོ་ལངས་བཞིན་འདུག  ཁྱོད་མི་དགའ་ན་ཡང་སྤོ་བོར་ཐོངཁྱོད་ཀྱི་སྤོ་བོ་ཡིན་པ་རེད། ཁྱོད་མ་དགའ་ནས་རྒྱུ་མ་ལུག་སོང་རུང་སྤོ་བོར་ཐོངཁྱོད་ཀྱི་སྤོ་བོ་ཡིན་པ་རེད……­

བསོད་ནམས་འབག་བཙོག་གིས་ངའི་གདོང་ལ་མཛུབ་མོས་ཀེར་ཏེ་དེ་ལྟར་མཚམས་མེད་པར་བཤད་འོངས།

ང་ནི་རབ་ཏུ་ཁྲོས་ཏེ་ཁོའི་སྟེང་དུ་མཆོངས་པ་ན།  ཁོས་ང་ལ་སྐོར་རྒྱག་ཅིག་བྱས་ཏེ་ཐང་ལ་བསྒྱེལ་བྱུང་།

བསོད་ནམས་འབག་བཙོག་གིསཁྱོད་ཀྱི་སྤོ་བོ་མིན་ན་ཁྱོད་ཀྱི་ཨ་མས་སྤོ་བོར་ཐོངལ་གོ་རེ་འཁྱེར་ནས་ཅི་བྱེད། ཁྱོད་ཀྱི་སྤོ་བོ་མིན་ན་ཁྱོད་ཀྱིས་ང་ཚོར་ཐབས་བཀོད་འཐེན་ནས་ཁོ་ཚང་གི་དུ་ཁུང་ནང་དུ་རྩྭ་བརྫངས་ནས་ཅི་བྱེད། ཁོ་ཚང་གི་སྒོ་ཁར་སྐྱག་པ་བཏང་ནས་ཅི་བྱེདཟེར།

ངའི་སེམས་ལ་དེ་དག་ཚང་མ་ཨ་ཡེ་རིལ་མས་བཤད་པ་ཡིན་རྒྱུ་རེད་སྙམ།

གྲོ་ཞིང་ཁར་ཕྲ་མ་བྱེད་མཁན་ཞིག་ཡོད་ཚེ་ཨ་ཡེ་རིལ་མ་ལས་ཐར་ས་མེད།

ང་ལ་མིག་ཆུ་བཞུར་བཞིན་ཁྱིམ་ལ་བརྒྱུགས་ནས་ཨ་ཕར་གཏུག་བཤེར་བྱེད་དུས། ཨ་ཕསག་ལ་ཡིན། གཞན་ལ་ཅི་བཤད་ན་བཤད་དུ་ཆུགསཟེར་ཞིང་། དེ་ནསམི་རྣམས་ཀྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར་བ་རེད།  ཨེ་གོ་ཐལ།  ཁ་ཡ་མ་བྱེདཟེར།

ཨ་ཕས་དེ་ལྟར་བཤད་དུས། ཁོའི་གདོང་གི་རྣམ་འགྱུར་ནི་ཧ་ཅང་རྒྱུན་ལྡན་མིན་པ་ཞིག་ཏུ་སྣང་བས། ད་ལྟ་བསམས་ན་ཁོའི་སེམས་ནའང་ནོངས་ཤིག་ཡོད་པ་ཤེས་ཐུབ། ཡིན་ནའང་སྤོ་བོར་ཐོངངའི་སྤོ་བོ་ཡིན་མིན་ལ་གསལ་ཁ་འབྱེད་པའི་ལན་ཞིག་སུས་ཀྱང་གནང་མ་སོང་།

ཉིན་ཞིག་ང་ཚོ་རུ་བར་ནས་ཡར་རྒྱུག་མར་རྒྱུག་བྱས་ནས་སྤོ་བོར་ཐོངཚང་གི་གཞིས་མའི་འགྲམ་དུ་བསླེབས་དུས།  ཨ་བོ་དོན་འགྲུབ་དང་ཨ་ཅེ་འབྲུག་མོ་གཉིས་ཀྱིས་འཛིང་མོ་བྱེད་པའི་སྐད་གོ་བྱུང་།

“……”

ང་ལ་མི་ཁ་འཁོར་ན་འཁོར།  ང་མི་ཁ་ལ་སྐྲག་པ་ཞིག་མིན།

དེ་ནི་ཨ་ཅེ་འབྲུག་མོའི་སྐད་རེད།

ཁྱོད་མི་ཁ་ལ་མི་སྐྲག་ནའང་།  དེ་ངའི་ཨ་ཕ་རེད་ཡ།  ཁོར་ཡོད་པ་ནི་ང་བུ་གཅིག་པུ་རེད།

དེ་ནི་ཨ་བོ་དོན་འགྲུབ་ཀྱི་སྐད་རེད།

ཁྱོད་ཀྱི་ཨ་ཕ་ཡིན་ན་ཅི་རེད། དེ་ངའི་ཨ་ཕ་མིན།

ངས་ཁྱོད་ལ་ད་རག་བར་བསྟུན་མ་བསྟུན་གྱི་བསམ་པ་ཞིག་མེད། ཁྱོད་ཀྱིས་རྒྱུ་འབྲས་ཤིག་བརྩིས་ན་ཨེ་ཆོག

ཁྱོད་ཀྱིས་ང་ལ་རྒྱུ་འབྲས་བརྩིས་ཟེར་རམ།  ཡ།  ངས་མི་བརྩི་ཡ། མ་བརྩིས་ན་ཁྱོད་ཀྱིས་ཅི་ཞིག་བྱ་རྒྱུ།

ཁྱོད་འདི། ཁྱོད་འདི…… ཅི་འདྲའི་མི་ཞིག་རེད་ཨང་།

ང་ཅི་རེད། ཁྱོད་དགའ་ཡང་འདི་འདྲ་ཞིག་ཡིན། མ་དགའ་ཡང་འདི་འདྲ་ཞིག་ཡིན།

“……”

ཨ་བོ་དོན་འགྲུབ་ཀྱིས་ལན་མ་བསློགས་པར་ཁ་རོག་གེར་བསྡད་བྱུང་།

ཡ།  ཅི་རེད།  ཁྱོད་ལྐུགས་པ་ཡིན་ནམ།  ངའི་སྟེང་ལ་མིག་འཇུར་ནས་ང་ལ་གཅར་རྒྱུ་ཡིན་ནམ།

ཁྱོད་ཀྱི་ཨ་བ་ཨ་མའི་རོ།  ད་ཁྱོད་ཀྱིས་ཤོད།  ངས་ཁྱོད་ཀྱིས་ཁ་ནང་ལ་མ་བརྒྱབ་ན་ཁྱོད་ཀྱིས་ལྟོས།

ཡ།  རྒྱོབས།  བརྒྱག་མ་ཐུབ་ན་ཁྱོད་བུ་མིན་པའི་རྟགས།

ང་ཚོས་ཁོ་གཉིས་ཀྱིས་འཛིང་མོ་བྱེད་པར་ལྐོག་ཉན་བྱས་ནས་སྡོད་དུས། སྔོན་ལ་ཨ་བོ་དོན་འགྲུབ་ཀྱིས་ཨ་ཅེ་འབྲུག་མོར་འགྲམ་ལྕག་གཞུས་པའི་སྒྲ་གསལ་བོར་ཐོས་བྱུང་། དེ་ནས་ཁྲོག་སྒྲ་པང་སྒྲ་ལན་འགའ་གྲགས་མཐར།  ཨ་ཅེ་འབྲུག་མོའི་འཁྲབ་སྟོན་བྱེད་པ་ལྟ་བུའི་ངུ་འབོད་དེ་ཐོས་བྱུང་།

འཇིགས་མེད་ཁ་རྐོསའདྲེ་མོ་ལྕགས་ཀྱི་མཆུ་ཏོ་ཅན་དེ་ལ་ཁྲིགས་སེ་ཡོདཟེར་བཞིན་གདོང་ལ་འཛུམ་ཞིག་ལངས་བྱུང་།

དེའི་འཕྲོར་སྟོབས་ལྡན་སྣ་འབིགས་ཀྱིས་ཀྱངཨ་བོ་དོན་འགྲུབ་དེ་ཡང་བུ་ངན་ཞིག་མིན་པ་འདྲ།  འདྲེ་མོ་དེ་བསད་དང་ན་ང་ཅི་འདྲའི་དགའ་བ་ལཟེར།

ང་ལའང་དགའ་བ་ཟད་མི་ཤེས་པ་ཞིག་སྐྱེས་ཤིང་། འདྲེ་མོ་དེར་སྔར་ནས་གཅར་རྡུང་དཔེ་མེད་པ་བྱ་དགོས་པའི་མི་ཚད་འཕྱིས་འདུག་སྙམ་བྱུང་། 

ཕྱི་ཉིན་ཨ་ཅེ་འབྲུག་མོ་བྲོས་མོར་བུད་སོང་ཞེས་ཨ་ཡེ་རིལ་མས་ཀུན་ལ་སྒྲོག་ཅིང་མཆིས། ངས་ཨ་ཡེ་རིལ་མས་གཏམ་དེ་གོ་བས་ཚོད་ཚོད་ལ་དགའ་སྟེ་གནམ་ལྡིང་བྱས་པ་ཡིན། ད་ལྟ་བསམས་ན་ཨ་ཡེ་རིལ་མས་འཕྲིན་བཟང་ཞིག་བཤད་པ་ནི་ཕལ་ཆེར་དེ་ཁོ་ན་ཡིན་པ་འདྲ།  ངའི་སེམས་ལ་འདྲེ་མོ་དེ་ཕྱིར་འོང་རྒྱུ་མེད་ན་ཅི་མ་རུང་སྙམ།

ཨ་ཅེ་འབྲུག་མོ་བྲོས་མོར་སོང་བའི་ཉིན་དེར་གནམ་གཤིས་ནི་དཔེ་མེད་ཡག་པོ་ཞིག་རེད།  དེ་ནི་འདྲེ་མོ་དེ་སོང་བར་གནམ་རྒན་མ་ཡང་ཤིན་ཏུ་དགའ་བ་དང་མཚུངས།   གྲོ་ཞིང་ཁའི་རི་ཀླུང་ཐང་གསུམ་ཀུན་ཏུ་སྔོ་ལྗང་གི་གཡུ་ལོས་བརྒྱན་ཏེ་ལྟ་ན་སྡུག་ཅིང་།  བྱ་བྱིའུ་རྣམས་ཀྱང་དགའ་སྟེ་ཅ་ཅོའི་གཞས་ཆུང་བར་མེད་དུ་གཏོང་བར་བྱེད།

ཉིན་དེར་ཨ་བོ་དོན་འགྲུབ་ཀྱིས་ཁོ་ཚང་གི་དྲེལ་རྒན་དེ་ལ་ཤིང་རྟ་འདྲུད་དུ་བཅུག་ཅིང་། སྤོ་བོར་ཐོངཤིང་རྟའི་ནང་བཞག་སྟེ་སྡེ་འདབས་བརྒྱུད་ནས་བུད་སོང་།  དེ་ནི་སྤོ་བོར་ཐོངམལ་སར་ལྷུང་བ་ནས་ཐོག་དང་པོར་སྒོར་བུད་པ་ཡིན་སྲིད། སྡེ་བའི་ནང་གི་མི་རྣམས་ཀྱིས་རྣམ་པ་དེ་མཐོང་བའི་མོད་ལ་རང་རང་ས་རུ་སྐེ་བསྲིངས་ནས་སྤོ་བོར་ཐོངཕ་བུ་གཉིས་ཀྱིས་ཅི་བྱེད་ལ་བལྟས་འདུག  རྗེས་སུ་བཤད་ན། དེ་ནི་སྤོ་བོར་ཐོངགིས་ཁོ་རང་དེ་སྔ་ཕྱུག་རྫི་བྱས་མྱོང་སའི་རི་ཐང་དང་། ཁོས་ལས་ཀ་ལས་མྱོང་སའི་ཞིང་ཁ་སོགས་སུ་ཕྱིན་ནས་ཐེངས་ཤིག་ལྟ་འདོད་ཅེས་རེ་བ་བཏོན་པ་རེད་ཟེར།

ཉིན་དེར་ཨ་བོ་དོན་འགྲུབ་ཀྱིས་ཤིང་རྟའི་ནང་དུ་སྤོ་བོར་ཐོངདྲུད་ནས་འགྲོ་དུས།   ངའི་སྣང་བ་ཞིག་ལ་རྩྭ་རྩི་དང་ལྗོན་ཤིང་དག་གིས་ཀྱང་སྤོ་བོ ར་ཐོངལ་མགོ་ལྕོག་ལྡེམ་ནས་བསུ་མ་བྱེད་པ་དང་འདྲ། ང་ཚོ་བྱིས་པ་རྣམས་ནི་ཨ་བོ་དོན་འགྲུབ་ཀྱི་རྗེས་དེད་ནས་འགྲོ་དུས།  སྤོ་བོར་ཐོངགི་ཟུངས་ཟད་པའི་ལག་པས་ང་ཚོར་གཡབ་མོ་རེ་བྱེད་པ་དེ་ནི་ངས་ནམ་ཡང་བརྗེད་ཐབས་མེད།  སྐབས་དེའི་ཁོའི་སེམས་ཁམས་ནི་ཇི་ལྟ་བུ་ཞིག་ཡིན་པ་ངས་མི་ཤེས་མོད། གང་ལྟར་ཁོའི་གདོང་གི་སྐྱི་མོའི་བར་དུ་འཚང་བའི་འཛུམ་མདངས་དེ་ནི་ལྗོན་པའི་རྩེ་རུ་རབ་ཏུ་སྨིན་པའི་ཀུ་ཤུ་ཞིག་དང་འདྲ་བར་འོད་ཀྱིག་ཀྱིག་བྱེད།  ཨ་བོ་དོན་འགྲུབ་ཀྱི་གདོང་ལའང་སྔ་ན་མེད་པའི་འཛུམ་ཞིག་ལངས་བཞིན་ང་ཚོར་ཕྱིར་ལྟ་བྱེད་ཞོར་འགྲོ་བས། ངས་སེམས་ལ་ཨ་བོ་དོན་འགྲུབ་ཀྱང་སྤྱང་ཀིའི་ཁ་ནས་ཐར་བའི་ལུ་གུ་ཞིག་སླར་ཡང་ཨ་མའི་པང་དུ་ལོག་པ་དང་འདྲ་ཨང་སྙམ་བྱུང་།  དཔེ་དེ་དེ་འདྲའི་འོས་མོ་ཞིག་ཡིན་མིན་མི་ཤེས་མོད་གང་ལྟར་ཉིན་དེར་ང་ལ་སྣང་བ་དེ་འདྲ་ཞིག་བྱིན་སོང་།

ཨ་བོ་དོན་འགྲུབ་ཀྱིས་དྲེལ་རྒན་འཁྲིད་ནས་གྲམ་ཆུའི་ཕ་རོལ་བརྒལ་སོང་བས།  ང་ཚོ་སྡེ་འདབས་ཀྱི་དེའུ་འབུར་གཡག་རོ་ལྟ་བུ་ཞིག་ཡོད་པ་དེའི་སྟེང་དུ་བུད་ནས་ཁོ་གཉིས་ལ་བལྟས་བསྡད་པ་ཡིན།  ང་ཚོ་དེ་ལྟར་སྨྲ་བ་མེད་པར་ཁོ་གཉིས་ལ་ཅེར་ནས་སྡོད་དུས་སེམས་ཁོང་དུ་ཉི་འོད་འཕོས་པ་བཞིན་དྲོད་ལམ་མེར་གྱུར། ང་ཚོས་རྒྱང་ནས་སྤོ་བོར་ཐོངགིས་ལག་པས་ཡང་ཡང་གཡབ་མོ་བྱེད་པ་མཐོང་བས། ང་ཚོས་ཁོར་ཕྱོགས་ནས་ལག་པས་གཡབ་མོ་བྱེད་དུས།  ཡང་བསྐྱར་སྤོ་བོར་ཐོངགི་གདོང་གི་ནུབ་ཁའི་ཉི་ཟེར་བཞིན་གཉོམ་པོར་འཇོ་བའི་འཛུམ་མདངས་དེ་མཐོང་བྱུང་།

དེ་དུས་འཇིགས་མེད་ཁ་རྐོསསྤོ་བོར་ཐོང---’”ཞེས་བོས་བྱུང་།

ཁོས་དེ་ལྟར་བོས་པས་སྟོབས་ལྡན་སྣ་འབིགས་སོགས་ང་ཚོས་ཀྱང་མགྲིན་གཅིག་ཏུསྤོ་བོར་ཐོང---’”ཞེས་བོས་པ་ཡིན།

ང་ཚོའི་མཐོང་ལམ་དུ་སྤོ་བོར་ཐོངཕ་བུ་གཉིས་ཀ་ནག་ཐིག་ཅིག་ཏུ་གྱུར་ཅིང་། རིམ་གྱིས་རིམ་གྱིས་ནག་ཐིག་དེ་ཡང་རླུང་གིས་ཁུར་སོང་བ་བཞིན་མི་སྣང་བར་གྱུར་སོང་།

མཚན་མོ་དེ་ནི་དུས་ཆེན་ཞིག་ཡིན་པ་འདྲ་སྟེ།  དུས་ཆེན་དུ་འཁེལ་ན་ཨ་ཕས་རྒྱུན་དུ་མར་མེ་རྐོང་བུ་བདུན་རེ་འགྲུལ་ཁང་གི་བྱ་འདབས་སུ་ཅོག་རྙིང་ཚི་ལྟིག་ཅིག་ཡོད་པ་དེའི་སྟེང་དུ་བསྒྲིགས་ནས་བསྒྲོན་པར་བྱེད།  མཚན་མོ་དེར་ས་རུབ་ནས་ཅུང་མ་འགོར་བར་ཨ་ཕས་ལག་པ་གཙང་མར་བཀྲུས་ཤིང་།  དེ་ནས་མར་མེ་རྐོང་བུ་བདུན་པོ་འགྲུལ་ཁང་གི་བྱ་འདབས་སུ་ཡོད་པའི་ཅོག་རྙིང་ཚི་ལྟིག་དེའི་སྟེང་དུ་བསྒྲིགས་ནས་བསྒྲོན་བྱུང་། མུན་ནག་གི་ཀློང་དུ་མར་མེ་རྐོང་བདུན་པོ་ནི་འོད་ཀྱིས་སྤྲས་པའི་ཕྱེ་ལེབ་བདུན་དང་འདྲ་བར་ཕར་འཕུར་ཚུར་འཕུར་བྱེད།

ངས་དེ་ལྟར་ཕར་འཕུར་ཚུར་འཕུར་བྱེད་པའི་ཕྱེ་ལེབ་བདུན་པོར་བལྟས་ནས་སྡོད་དུས། གནམ་གཤིས་ལ་འགྱུར་བ་ངང་གིས་ཐེབས་ཏེ་ཕྱོགས་དང་ཕྱོགས་ནས་རླུང་གི་འུར་སྒྲ་ཤུར་ཤུར་དུ་ལྡང་བ་གྲགས་འོང་། ཕྱེ་ལེབ་བདུན་པོ་ཡང་རླུང་གི་རྒྱུ་བ་དང་བསྟུན་ནས་འཕུར་ཚད་ཇེ་མགྱོགས་སུ་བཏང་ནས་འཕུར་འཕུར་རྗེས། མཐའ་མར་ངའི་མིག་ལམ་དུ་དེ་ལྟར་ནག་འཚུབ་བེར་གྱུར་སོང་།  དེ་དུས་ཨ་ཕ་སྒོར་བརྒྱུགས་ཡོང་ནས ཨ་ཁ། མར……­མར་མེ། རླུང་གིས་གཟིམས་སོངཟེར།

མར་མེ།  དངོས་གནས་རླུང་གིས་གཟིམས་སོང་།

ཁོ་ར་ཁོར་ཡུག་ཐམས་ཅད་ནག་ཐིང་ཐིང་།

སྐབས་དེར་ངའི་རྣ་ལམ་དུ་ངུ་སྐད་གཟན་པོ་ཞིག་མུན་ནག་གི་ཁོང་ནས་བུས་པའི་རྐང་དུང་གི་འགྱུར་ཁུགས་དང་འདྲ་བར་གྲགས་འོངས་བྱུང་། ཨ་ཕ་དང་ངེད་གཉིས་ཀྱིས་ཞིབ་ཏུ་མཉན་པ་ན་ངུ་སྐད་དེ་ནི་ཨ་བོ་དོན་འགྲུབ་ཚང་གི་ཕྱོགས་ནས་མཆེད་ཡོང་བ་རེད།

ཨ་ཕས་ཡང་བསྐྱརཨ་ཁ།ཟེར་ཞིང་། དེ་ནསསྤོ་བོར་ཐོངམེད་སོང་བ་ཁོ་ཐག་རེདཟེར།

ཨ་མས་ཀྱང་ཨ་ཕའི་སྐད་གོ་འཕྲལ་ཕྱི་རོལ་ཏུ་བརྒྱུགས་ཡོང་སྟེ་ངུ་སྐད་གཟན་པོ་དེ་ལ་ཞིབ་ཉན་ཞིག་བྱས་རྗེས། མོ་རང་གློ་བུར་རང་ཚུགས་ཤོར་བ་བཞིན་བྱ་འདབས་ཀྱི་ཐེམ་རྐས་སྟེང་དུ་ཙོག་ནས་སྐད་དམའ་མོས་ངུས་བྱུང་།  ངས་མགོ་བོ་བཀྱགས་ཏེ་མཁའ་ལ་ལྟ་དུས། རླུང་གིས་ཁུར་ལ་ཁད་བྱེད་པའི་ཟླ་བ་མག་མོག་ཅིག་གྲོ་ཞིང་ཁའི་མཁའ་དབྱིངས་སུ་འདར་ཙམ་འདར་ཙམ་བྱེད་པ་མཐོང་།

ཕྱི་ཉིན་ཞོགས་པར་ང་ཚོ་སློབ་གྲྭར་འགྲོ་དུས།  སྤོ་བོ་ཐོད་འབུར་སོགས་སྡེ་བའི་ནང་གི་མི་རྒན་གཞོན་མང་པོ་ཞིག་སྤོ་བོར་ཐོངཚང་གི་ཕྱོགས་སུ་མྱ་ངན་དུ་འགྲོ་བཞིན་འདུག་ལ།   ཚ་གསུར་གྱི་ངད་ཞིམ་པོ་ཞིག་གྲོ་ཞིང་ཁའི་བར་སྣང་ཀུན་ཏུ་འཁྱིལ་འདུག

སྤོ་བོར་ཐོངཤི་སོང་།

ར་ཐོངཟེར་བའི་སྤོ་བོ་དེ་ཤི་སོང་།

ཉིན་གསུམ་རྗེས་ཀྱི་ནམ་མཁའ་ཡར་ལངས་ཀྱི་ཞོགས་པ་དེར། སྤོ་བོར་ཐོངགི་བེམ་པོ་དུར་འཇུག་བྱེད་པའི་དུས་ལ་བབས་བྱུང་།

སྡེ་བའི་ནང་གི་མི་མང་པོ་ཨ་བོ་དོན་འགྲུབ་ཚང་ལ་འདུས་ནས་འོད་དཔག་མེད་ཀྱི་མཚན་འདོན་ཞིང་མཆིས།  ཞོགས་པའི་འཁྱག་ཤུར་ཤུར་གྱི་མཁའ་དབུགས་ཁྲོད་དུ། འདོན་རྟ་དེ་ལ་མི་སེམས་སྒུལ་ཞིང་སྨྲེང་ལ་བསྐུར་བའི་ནུས་པ་ཁྱད་པར་བ་ཞིག་ལྡན། དེ་དུས། ཨ་ཕ་དང་ཨ་བོ་དོན་འགྲུབ་སོགས་ཀྱིས་གཤིན་པོའི་བེམ་པོ་ཁུར་ནས་དུར་ཁྲོད་དུ་ཕྱིན་སོང་ལ།  བུད་མེད་རྣམས་ཀྱིས་བེམ་པོའི་རྗེས་ལ་ཕྱག་འཚལ་ཞིང་།  མ་ཎི་ཡིག་དྲུག་ངུ་སྐད་དང་བསྡོངས་ནས་གསང་མཐོར་གྱེར་བཞིན་འདུག

ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ……”

ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ……”

སྤོ་བོར་ཐོངདེ་ལྟར་བུད་སོང་། ཁུ་སིམ་སིམ་ངང……  ཁུ་སིམ་སིམ་ངང……

དེ་ནས་བཟུང་སྟེ།  གྲོ་ཞིང་ཁའི་རྒྱབ་ལོགས་ཀྱི་དུར་ཁྲོད་དུ་དཀར་རྩི་བྱུགས་པའི་ས་ཕུང་ཞིག་ཇེ་མང་དུ་སོང་།

ངས་རྒྱང་ནས་མཐོ་དམའ་མི་སྙོམས་པའི་ས་ཕུང་དེ་དག་ལ་ལྟ་དུས། སྤོ་བོར་ཐོངདང་ཨ་ཕ་གཉིས་ཀྱི་ངོ་གདོང་རེས་མོས་སུ་མིག་ལམ་དུ་འཁོར་བྱུང་། ཞིབ་ཏུ་བསམས་ན་སྤོ་བོར་ཐོངདང་ཨ་ཕ་གཉིས་ཀྱི་གདོང་ན་འདྲ་ས་མང་པོ་ཞིག་འདུག་པ་འདྲ་སྟེ། སྤོ་བོར་ཐོངགི་སྣ་དང་ཨ་ཕའི་སྣ།  སྤོ་བོར་ཐོངགི་ཁ་དང་ཨ་ཕའི་ཁ། སྤོ་བོར་ཐོངགི་མིག་དང་ཨ་ཕའི་མིག  སྤོ་བོར་ཐོངགི་ཐོད་པ་དང……

ངའི་མིག་ལམ་དུ་དེ་ལྟར་ཁོ་གཉིས་ཀྱི་འདྲ་ས་མང་པོ་ཞིག་ཤར་འོང་དུས།   རྒྱུ་མཚན་མེད་པར་སེམས་ཁོང་དུ་སྐྱོ་བའི་ན་བུན་ཞིག་འགོག་མེད་དུ་འཐིབས་ཡོང་བའི་མོད་ལ།  རྣ་ལམ་དུ་སྤོ་བོར་ཐོངགི་འབོད་སྐད་དེ་ཧ་ཅང་གཉོམ་དུང་དུང་ངང་རྒྱང་རིང་རྒྱང་རིང་ཞིག་ནས་ཉེ་བར་གྲགས་འོངས། 

ང་སྐོམ་ནས་ཤི་ཐལ།

ང་ལྟོགས་ནས་ཤི་ཐལ།

ང་ལ་གཅིན་གཏང་རྒྱུ་ཡོང་གི

ང་ལ་སྐྱག་པ་གཏང་རྒྱུ་ཡོང་གི

ཝེ ---”

ཀྭོ ---”

“……”

WX20190114-151335@2x4.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།