ཀྲུང་གོ་བོད་ཀྱི་དྲ་བ།

མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྒོ་མེ་ཚེ་རིང་བཀྲ་ཤིས།   སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཕྱི་དྲོའི་ཉི་འོད་གཉོམ་པོས་རྒྱང་རིང་གི་སྒང་ཁ་དག་ཏུ་འཁྲེང་བའི་ཕྱིར་མིག་འཕེན་བཞིན་དལ་ལྷོད་ལྷོད་ངང་སྐྱོད་དུས། ངས་མཐིལ་བརྡོལ་བའི་འགྱིག་ལྷམ་དེ་ལས་གང་རུང་ཞིག་ཕུད་ཅིང་། ལྷམ་མཐིལ་གྱི་ཁུང་བུ་ལས་རྒྱང་ལ་བལྟས། སེར་ལམ་ལམ་གྱི་ཉི་འོད་ནི་རི་སྒང་གི་རྩེ་མོར་ན་བཟའ་སེར་པོ་ཞིག་གཡོགས་པ་དང་འདྲ་བར་མིག་ལ་མཛེས་ཤིང་སྡུག་པ་ཞིག་རེད།

ལོ་དེར་ཕ་རྒན་ལགས་སྙུང་གཞི་ལྕི་མོ་ཞིག་གིས་མནར་ཏེ་ལངས་རྒྱུ་མེད་པར་གྱུར་པས།ཨ་མས་ཡང་ཡང་ཨུ་ཚུགས་བྱས་མཐར་ཕ་རྒན་ལགས་འཐད་ལ་མི་འཐད་ངང་རྫོང་སྨན་ཁང་དུ་མི་འགྲོ་ཀ་མེད་བྱུང་། སྨན་ཁང་དུ་འགྲོ་བའི་ཞོགས་པ་དེར་ཨ་མས་ཨ་ཅེ་དང་ངེད་གཉིས་ཀ་ཞོགས་པར་ནམ་ལངས་ཚེ་ཐོག་མར་བསང་མཆོད་བྱེད་དགོས་པ་ནས། མཚན་མོ་ས་རུབ་ཚེ་རྒྱ་སྒོ་སྲ་མོར་གཏན་དགོས་པའི་བར་ཚོགས་འདུ་ལྟ་བུ་ཞིག་ཚོགས་རྗེས། ཡང་ཡང་ཕྱི་དྲོའི་ཉི་འོད་བཞིན་ཕྱིར་མིག་འཕེན་གྱིན་ཁྱིམ་མཚེས་ཕུ་བོ་འབྲུག་འབུམ་ཚང་གི་འདྲུད་འཐེན་འཁོར་ལོ་ནང་བསྡད་དེ།སྡེ་འདབས་ཀྱི་ས་རྡུལ་འདྲེས་མའི་ལམ་ཀྱོག་དེར་ཞུགས་སོང་བས།    དབྱར་ཁ་ཧྲིལ་བོ་དེར་ཨ་ཅེ་དང་ངེད་གཉིས་ཀས་ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པའི་ཁྱིམ་དེའི་ལས་ཀ་ཅི་རིགས་ཕྲག་ཏུ་ལེན་དགོས་བྱུང་།

ང་ཁང་ཀླད་དུ་བུད་དེ་ཕ་མ་གཉིས་ཀྱི་རྒྱབ་གཟུགས་ལ་ཅེར་སྡོད་དུས།ཕ་མ་གཉིས་ཀྱི་རྒྱབ་གཟུགས་ནི་ངའི་འགྱིག་ལྷམ་གྱི་ཁུང་བུ་ལས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཅིང་།མཐའ་མར་དེའི་འབུར་ཞིག་གི་རྒྱབ་རོལ་ཏུ་ཡིབ་སོང་། དེ་དུས་ངས་འགྱིག་ལྷམ་གྱོན་ཞིང་ཁང་ཀླད་ནས་མར་བབས་པ་ཡིན།  

ཕ་མ་གཉིས་ཀ་མེད་པའི་དབྱར་ཁ་དེ་ངས་ནམ་ཡང་བརྗེད་མི་སྲིད། 

ལོ་དེར་ངེད་ཚང་ལ་དོན་དག་མང་པོ་ཞིག་བྱུང་སོང་།

ཐོག་མར་ངེད་ཚང་གི་ར་ཐོང་ཞིག་གར་སོང་ཆ་མེད་དུ་གྱུར།དགོང་ཁར་ཨ་ཅེ་དང་ངེད་གཉིས་ཀྱིས་ར་མ་རྣམས་རེ་རེ་བཞིན་བརྩིས་ནས་ལྷས་ལ་འཇུག་དུས།  ར་ཐོང་དེ་མགོ་བོ་ཀྲོག་ཀྲོག་བྱེད་ཀྱིན་ཡང་ཡང་སྣ་སྦྲིད་རྒྱག་པ་ངས་དངོས་སུ་མཐོང་བ་ཡིན། ཡིན་ཀྱང་ཞོགས་པར་ར་མ་རྣམས་ལྷས་ནས་སྒོར་ཕུད་དུས།  ངེད་ཚང་གི་ར་ཐོང་དེ་སྒོར་འབུད་རྒྱུ་མ་བྱུང་།  ཨ་ཅེ་ཡིས་ར་ཐོང་མེད་པ་མཐོང་བས་མིག་ནས་མཆི་མ་རྡོལ་བཞིན“འུ་ཚང་གི་ར་ཐོང་གང་དུ་བུད་སོང་ངམ”ཞེས་ཡང་ཡང་འདྲི་བར་བྱེད་ལ།དེ་ནི་ངས་མོར་གསང་ནས་ར་ཐོང་གང་ཞིག་ཏུ་སྦས་པ་དང་འདྲ།ཐོག་མར་ང་དེ་ལ་གཏན་ནས་ཡིད་མ་ཆེས།ངའི་སེམས་ལ་མདང་ནུབ་ར་ཐོང་གིས་ད་དུང་མགོ་བོ་ཀྲོག་ཀྲོག་བྱེད་ཅིང་མཆིས་པས།  སྔ་མོར་ར་ཐོང་བོར་འགྲོ་བ་དཔེ་མི་སྲིད་སྙམ་ནས་ར་ཁང་གི་སྒོ་ཆེས་ཆེར་ཕྱེས་ཏེ་ནང་དུ་སྐེ་བསྲིངས་ཤིང་ཡང་ཡང་བལྟས་མོད།ར་ཐོང་ནི་དངོས་གནས་གང་ཞིག་ཏུ་འཛུལ་སོང་བའམ་འཕུར་སོང་བ་བཞིན་ཤུལ་རྗེས་ཙམ་ཡང་མཐོང་རྒྱུ་མི་འདུག 

དེ་འདྲ་ཞིག་དཔེ་ག་ལ་སྲིད།  ངའི་སེམས་ལ་དེ་ལྟར་དྲན།

གལ་ཏེ་ར་ཐོང་ནི་འབུ་ཞིག་ཡིན་ཚེ་ས་འོག་ཏུ་འཛུལ་སོང་ཟེར་མོད།ཡང་ན་ར་ཐོང་ནི་བྱ་ཞིག་ཡིན་ན་གནམ་ལ་འཕུར་སོང་ཟེར་མོད། འོན་ཀྱང་ར་ཐོང་ནི་འབུ་མིན་ལ་བྱ་ཡང་མིན་པར་ར་ཐོང་ཡིན་པས། ར་ཐོང་གནམ་ལ་འཕུར་མི་ནུས་ཤིང་ས་ལ་འཛུལ་ཡང་མི་སྲིད། 

ར་ཐོང་དེ་གང་ཞིག་ཏུ་བུད་སོང་ངམ། 

ངས་ཇི་ལྟར་འདང་བརྒྱབ་ཀྱང་ར་ཐོང་གློ་བུར་བོར་བ་དེར་རྒྱུ་མཚན་ཞིག་གཏན་ནས་མ་རྙེད།

ད་ལྟ་བསམས་ན།  ཕ་མ་གཉིས་ཀ་མེད་པ་ཤེས་པས།སྡེ་བའི་ནང་གི་གསར་བུ་ཁ་ཤས་ཀྱིས་ངེད་ཚང་གི་ར་ཐོང་བརྐུས་ནས་བཤས་སོང་བ་ཁོ་ཐག་ཡིན་རྒྱུ་རེད། གྲོ་ཞིང་ཁ་རུ་རྐུན་ཇག་འཕྲོག་གསུམ་དང་མ་རབས་ཀྱི་ལས་ཤིག་སྒྲུབ་མཁན་ཡོད་ཚེ་ཏན་ཏན་བསོད་ནམས་འབག་བཙོག་ལས་འཆོར་རྒྱུ་མེད།        

འཇིགས་མེད་ཁ་རྐོ་ཚང་གི་ཚོད་རའི་ནང་གི་ཉི་མ་འཁོར་གཅིག་ཀྱང་མ་ལུས་པར་སྐེ་གཅུས་ནས་ཅུང་མ་འགོར་བར།སྟོབས་ལྡན་སྣ་འབིགས་ཚང་གི་གཡུལ་ཁའི་ནང་གི་གྲོ་རྩྭ་མེ་ལ་ཤོར་ཏེ་རྩ་མེད་དུ་བཏང་སོང་།

རྗེས་སུ་དེ་དག་ཚང་མ་བསོད་ནམས་འབག་བཙོག་ཡིན་རྒྱུ་རེད་ཅེས་ཀུན་གྱིས་མངོན་ལྐོག་གང་རུང་ནས་སྒྲོག་བཞིན་འདུག་པས། ཐེངས་དེར་བསོད་ནམས་འབག་བཙོག་གིས་ངེད་ཚང་གི་ར་ཐོང་སྟེང་ལ་འདྲེ་ལག་བརྐྱངས་པ་གདོན་མི་ཟ།   

ཕྱི་དྲོ་དེར་ང་སྡེ་འདབས་ཀྱི་རྫིང་བུ་ཁར་འགྲེངས་ཤིང་ལྷམ་ཡ་གཅིག་ཕུད་དེ་ཕྱི་དྲོའི་ཉི་འོད་འོག་ཕྱོགས་བཞིར་བལྟས་ནས་བསྡད། སྡེ་འདབས་ཀྱི་སྡོང་རའི་ནང་དུ་མགོ་རས་དམར་པོ་ཞིག་མིག་ལ་འཁྱུག་ཙམ་བྱས་ཤིང་།དེ་ནས་སྡོང་ཕྲུག་མང་པོ་ཚང་ཚིང་དུ་སྐྱེས་པའི་གསེང་དུ་མི་སྣང་བར་ཡལ་སོང་།ངས་ལག་པ་ཡ་ཐོད་དུ་བཞག་སྟེ་ཉི་འོད་ཀྱི་ཟེར་མ་ཤིག་ཤིག་ཏུ་འགུལ་བའི་སྡོང་གསེང་དུ་ཅེར་ནས་བསྡད་པ་ན།མགོ་ལ་རྒྱ་ཞྭ་ལྗང་སེར་གྱོན་པའི་མི་ཞིག་ཀྱང་ངའི་མིག་ལམ་ནས་འཁྱུག་ཙམ་བྱས་སོང་། ངས་མུ་མཐུད་དུ་མིག་ཧྲིག་གེར་སྡོང་གསེང་དུ་བལྟས་པ་ཡིན།དེ་དུས་སྔོན་དུ་མིག་ལ་འཁྱུག་ཙམ་བྱས་པའི་མགོ་རས་དམར་པོ་དེ་ཡང་བསྐྱར་ངའི་མིག་ལམ་དུ་མངོན་བྱུང་།མ་གཞི་མགོ་རས་དམར་པོ་དཀྲིས་པའི་བུད་མེད་དེ་ནི་ཨ་ཅེ་གཡང་འཚོ་རེད།  ཨ་ཅེ་གཡང་འཚོས་ཡར་ལྟ་མར་ལྟ་ལན་འགའ་བྱས་མཐར་སྡོང་གསེང་དུ་ཀན་རྐྱལ་དུ་ཉལ་ཞིང། རྒྱ་ཞྭ་ལྗང་སེར་གྱོན་པའི་མི་དེ་ཨ་ཅེ་གཡང་འཚོའི་སྟེང་དུ་ཁ་སྦུབས་སུ་ཉལ་བྱུང་།མི་དེ་ནི་ཨ་ཅེ་ལྷ་འཚོའི་སྐྱེས་པ་སྟེ་ཕུ་བོ་འབྲུག་འབུམ་རེད།ངའི་སེམས་ལ་ཨ་ཅེ་གཡང་འཚོ་ནི་ཕུ་བོ་ཚེ་རིང་གི་ཆུང་མ་ཡིན་པས།ཕུ་བོ་འབྲུག་འབུམ་དང་ཨ་ཅེ་གཡང་འཚོ་གཉིས་ཀྱིས་སྡོང་གསེང་དུ་ཅི་ཞིག་བྱེད་དམ།  ངས་དེ་ལྟར་དྲན་པ་ན་ཁོ་ཚོའི་བར་གྱི་འབྲེལ་བ་ནི་སྡོམ་རྒྱ་བཞིན་རྙོག་འཛིང་ཆེ་བ་ཞིག་སྟེ།ཨ་ཅེ་གཡང་འཚོ་དང་ཕུ་བོ་ཚེ་རིང་། ཕུ་བོ་འབྲུག་འབུམ་དང་ཨ་ཅེ་གཡང་འཚོ།ཨ་ཅེ་ལྷ་འཚོ་དང་ཕུ་བོ་འབྲུག་འབུམ།   ཁོ་ཚོའི་ངོ་གདོང་ངའི་མིག་ལམ་དུ་རེས་མོས་སུ་འཁོར་བྱུང་།

ཕྱི་དྲོ་དེར། ཁོར་ཡུག་ཀུན་ལྷིང་ཞིང་འཇགས།སེར་ལམ་ལམ་གྱི་ཉི་མས་ནུབ་རིའི་རྩེ་རུ་འཁྲེང་བའི་ཕྱི་མིག་ཡང་ཡང་འཕེན།ཉི་འོད་ཀྱི་འོག་ཏུ་ངས་ཕུ་བོ་འབྲུག་འབུམ་གྱི་འཕོང་འཚོས་མཚམས་མེད་དུ་འགུལ་བར་བལྟས་ནས་བསྡད་པ་ཡིན།ཕུ་བོ་འབྲུག་འབུམ་གྱི་འཕོང་འཚོས་ལ་ལྡེམ་ཤུགས་ཀྱིས་ཀུན་ནས་ཁེངས་འདུག དེ་དུས་སྡོང་གསེང་དུ་ཤིག་ཤིག་འགུལ་བའི་ཉི་འོད་ཀྱི་སྒྲ་ངའི་རྣ་བའི་བུ་གར་ལྷུང་ཡོང་།

སྒྲ་དེ་ལ་དངོས་གནས་བསླུ་བྲིད་ཡ་མེད་ཅིག་ལྡན།

སྒྲ་དེ་ནི་ངའི་སེམས་ངོགས་ནས་བྲག་ཅ་བཞིན་མཆེད་དེ་ལུས་ཡོངས་འདར་ཞིང་སྐྱོམ་པར་བྱས།

ངས་དེ་ལྟར་བལྟས་སྡོད་དུས། བསོད་ནམས་འབག་བཙོག་གང་ཞིག་ནས་འཇུར་ཡོང་སྟེ“ཝེ”ཟེར་བ་ན། ང་ནི་སྐྲག་སྟེ་གནམ་ལྡིང་ཞིག་བྱས།ང་གནམ་ལྡིང་ཞིག་བྱས་པ་དེས་རྒྱང་རིང་གི་རི་རྩེར་ཡོམ་ཡོམ་དུ་འགུལ་བའི་ཉི་མ་དང་འགྱིག་ལྷམ་གཉིས་ཀ་དུས་གཅིག་ཏུ་ཐང་ལ་ཡེར་སོང་།

ང་སྐད་ཅིག་གི་སྐྲག་སྣང་ལས་ཡོངས་སུ་སད་དུས། བསོད་ནམས་འབག་བཙོག་གིས“སྐྱག་ཕྲུག་འདིར་ཙི་གུའི་སྙིང་ཙམ་ལས་མི་འདུག”ཟེར་ཞིང་།  གདོང་ལ་གཡོ་འཛུམ་ཞིག་ལངས་ནས་ཧབ་ཆ་དིར་དིར་དུ་བྱས་སོང་།

ཉིན་དེར། བསོད་ནམས་འབག་བཙོག་གིས་དེ་ལྟར་བཤད་དུས།ཁོའི་ཁ་རླངས་ཁྲོད་དུ་ཤ་དྲི་ནི་ཐུལ་ལི་ལི་བྱེད།  དེ་ནི་ར་ཤའི་དྲི་མ་རེད།  ར་ཤའི་དྲི་མ་ཁ་མོ་ཞིག་ངའི་སྣ་ལམ་དུ་ལྷུག་པོར་ལྡང་འོངས།  ར་ཤའི་དྲི་ནི་ང་ལ་ཆ་རྒྱུས་ཡོད་དེ།  དེ་ནི་ལུག་ཤ་དང་ཡེ་ནས་མི་མཚུངས། ར་མ་ནི་ར་སྒོག་ཟ་རྒྱུར་དགའ་བས་ཤ་དྲི་དེ་ཡང་ར་སྒོག་གི་དྲི་མས་བཟུང་ཡོད།དྲི་མ་ཁ་མོ་དེས་ང་ལ་ངེད་ཚང་གི་ར་ཐོང་ནི་བསོད་ནམས་འབག་བཙོག་གིས་བརྐུས་ནས་བཤས་པ་དང་།བཤས་ནས་ཟས་སོང་བ་གསལ་འདེབས་བྱེད་པ་དང་འདྲ། ཡིན་ཀྱང་བསོད་ནམས་འབག་བཙོག་ཁེར་བོས་ར་ཐོང་ཞིག་ཟོས་ནས་ག་ལ་ཚར། 

དེས་ན་ཁོའི་རྐུན་གྲོགས་སུ་ཡིན་ནམ། 

ངའི་སེམས་ལ་སྟོབས་ལྡན་སྣ་འབིགས་དང་འཇིགས་མེད་ཁ་རྐོ་སོགས་རེས་མོས་སུ་ཤར་ཡང་།བསོད་ནམས་འབག་བཙོག་གིས་དགོད་མཚམས་བཞག་སྟེ། “སྐྱག་ཕྲུག་ཁྱོད་ཀྱིས་ང་དེ་རིང་ཐེངས་དང་པོར་མཐོང་བ་ཡིན་ནམ།ངའི་གདོང་ལ་བལྟས་ནས་མི་ཚར་རྒྱུ་ཅི་ཞིག་ཡོད”ཟེར་ཞིང་ཅུང་འཚབ་འཚུབ་ཏུ་གྱུར། 

“ཁྱོད་ཀྱིས་ངེད་ཚང་གི་ར་ཐོང་བརྐུས་ནས་བཤས་སོང་བ་མིན་ནམ།”

ངས་བསོད་ནམས་འབག་བཙོག་ལ་སྤོ་འདྲི་ཞིག་བྱས།

“ཅི་ཟེར།ངས་ཁྱེད་ཚང་གི་ར་ཐོང་བརྐུས་ནས་བཤས་སོང་།”

བསོད་ནམས་འབག་བཙོག་གིས་ང་ལ་དེ་ལྟར་ལྡོག་འདྲི་ཞིག་བྱས་མུར།  མུ་མཐུད་དུ་བཤད་རྒྱུར།  “ཁྱོད་ཀྱིས་མི་དཀར་པོའི་མགོ་ལ་ཞྭ་ནག་པོ་མ་བསྐོན”ཟེར།

ཁོའི་ཁ་རླངས་ཁྲོད་འདྲེས་པའི་ཤ་དྲི་དེ་ཡང་བསྐྱར་ངའི་སྣ་ལམ་དུ་ལྡང་འོངས།

“དེས་ན་ཁྱོད་ཀྱི་ཁ་ནང་དུ་ཤ་དྲི་ཐུལ་ལི་ལི་བྱེད་པ་ཅི་ཡིན།”

“ངའི་ཁ་ནང་དུ་ཤ་དྲི་བྲོ་ན་ཁྱེད་ཚང་གི་ར་ཐོང་ངས་བཤས་པ་ཡིན་ནམ།”

བསོད་ནམས་འབག་བཙོག་གིས་ཡང་བསྐྱར་ང་ལ་ལྡོག་འདྲི་ཞིག་བྱས་སོང་།

ཁོའི་སྐད་ཆ་དེས་ང་རང་ཡུད་ཙམ་ལ་དབུགས་རྨེག་གེར་བཏང་།

ངས་བསོད་ནམས་འབག་བཙོག་ལ་ཅི་ཞིག་བཤད་པར་བསམ་བློ་གཏོང་དུས། བསོད་ནམས་འབག་བཙོག་གིས་ངའི་གདོང་ལ་མཛུབ་གུ་འཛུགས་བཞིན་འདི་ལྟར་བཤད་བྱུང་།

“སྐྱག་ཕྲུག་ཁྱོད་ཀྱིས་ཁ་ནས་གང་བྱུང་མང་བྱུང་དུ་ཤོད་དང་།ངས་ཁྱོད་ཀྱི་ལྕེ་མ་བལ་ན་ཁྱོད་ཀྱིས་ལྟོས།”

ཁོས་སྐད་ཆ་དེ་བཤད་སྐབས་གདོང་ཡོངས་དམར་པོར་གྱུར་ཅིང་།ཁ་ནས་ཤ་དྲི་དང་མཆིལ་ཟེགས་མཉམ་དུ་ངའི་གདོང་ལ་ཆོལ་ཡོང་། བསོད་ནམས་འབག་བཙོག་གིས་ཡང་བསྐྱར་ངའི་ཐོང་ག་ནས་འཇུས་ཏེ། “དེང་ཕྱིན་ཆད་གཞན་ལ་སྐད་ཆ་འདྲ་མིན་དེའི་རིགས་ཤོད་དང་།   ངས་ཁྱོད་ལ་སྐྱག་པ་འཆོར་དུ་མ་བཅུག་ན་ང་བསོད་ནམས་མིན་པའི་རྟགས་ཡིན”ཟེར་ཞིང་། ཤུགས་ཀྱིས་ཁེངས་པའི་ལག་པ་ཚི་ལྟིག་དེས་སྐོར་ཐེངས་ཤིག་གིས་ང་རང་ཐང་ལ་བསྒྱེལ་བྱུང་བས།ང་ནི་བསོད་ནམས་འབག་བཙོག་ལ་དངོས་གནས་སྐྲག་པར་གྱུར།

“ངའི་ཁ་ནང་དུ་ཤ་དྲི་ཨེ་བྲོ་ཀི”

“བྲོ་ཀི”

“བྲོའམ།”

ཁོས་ཡང་བསྐྱར་ལག་པ་ངའི་ཐོང་གར་འཇུས་ཡོང་།

“མི་བྲོ…… མི་བྲོ་ཀི”

ངའི་ཁ་ནས་སྐྲག་མ་དངངས་ཀྱིས་དེ་ལྟར་ཤོར་སོང་།

“སང་ཕྱིན་ཆད་སྐད་ཆ་དེའི་རིགས་གཞན་ལ་བཤད་རྒྱུ་ཨེ་ཡིན།”

ཁོའི་མ་ཁ་སོ་ཡིས་བཅིངས་ཏེ་ང་ལ་ཅེར་འདུག

“མི་བཤད།”

“དངོས་གནས་མི་བཤད་དམ།”

“མི་བཤད།”

“སྐྱག་ཕྲུག  མར་ལ་སོང་།”

“……”

མཚན་མོ་དེར་ང་ཁྱིམ་དུ་ལོག་དུས་ཨ་ཅེས་ད་དུང་ར་ཐོང་བོར་བར་སེམས་ཁྲེལ་བྱེད་ཀྱིན་འདུག་ཀྱང་།ངའི་སེམས་དང་མིག་ལམ་དུ་ཕྱི་དྲོ་ཉི་འོད་དང་ཆབས་ཅིག་འགུལ་བའི་ཕུ་བོ་འབྲུག་བྱམས་དང་ཨ་ཅེ་གཡང་འཚོ་གཉིས་ད་དུང་འགུལ་བཞིན་འདུག

ཕ་མ་གཉིས་སྨན་ཁང་དུ་ཕྱིན་ནས་ཡུན་རིང་འགོར་ཡང་ཕྱིར་མ་ལོག་མོད། ཨ་མས་སྐད་བཏང་ནས་ཨ་ཕའི་ནད་གཞི་ཇེ་དགར་སོང་འདུག་ཟེར་བ་གོ་བས།ཨ་ཅེ་ཚོད་ཚོད་ལ་དགའ་རྒྱུ་བྱུང་སྟེ“ཨ་ཕའི་ནད་སངས་དྲགས་སུསོང་ན་ཅི་བྱུང་ན་བྱུང”ཟེར་ཞིང་། དེ་ནས་ཡང“དཀོན་མཆོག་གསུམ་པོ། ངའི་ཨ་ཕའི་ནད་སངས་དྲགས་སུ་འགྲོ་བར་སྨོན”ཞེས་སྐྱབས་འཇུག་བྱེད་ཀྱིན་མཆིས། ཨ་ཕའི་ནད་གཞི་ཇེ་དགར་སོང་བར་ང་ཡང་ལོས་དགའ།ཨ་ཕའི་ནད་གཞི་ཇེ་དགར་སོང་ཚེ་ཕ་མ་གཉིས་ཕྱིར་ཕ་ཡུལ་དུ་ལོག་སྲིད་པས། ངས་གཞན་གྱི་བརྙས་བཅོས་མྱོང་མི་དགོས། དེ་ལས་ཀྱང་གལ་ཆེ་བ་ནི་ང་ལ་འགྱིག་ལྷམ་གསར་བ་ཞིག་ཉོ་ཡང་སྲིད།

ང་སྡེ་འདབས་ཀྱི་རྫིང་བུའི་འགྲམ་དུ་འགྲེངས་ཏེ་རྒྱང་རིང་དུ་བསྲིངས་པའི་ལམ་ཀྱོག་དེའི་ཕྱོགས་སུ་བལྟས་བསྡད་པ་ཡིན།ལམ་ཀྱོག་སྟེང་དུ་ནག་ཐིག་ཅིག་རབ་རིབ་ནས་ཇེ་གསལ་དུ་སོང་། ནག་ཐིག་དེ་ཇེ་གསལ་ནས་ཇེ་གསལ་དུ་སོང་བ་དང་མཐའ་མར་ནག་ཐིག་གཉིས་སུ་གྱུར། ངས་ལག་གི་འགྱིག་ལྷམ་དེ་ཐང་ལ་གཡུག་ཅིང་འགྱིག་ལྷམ་གཞན་པ་དེ་ལག་ཏུ་བཟུང་ནས་བལྟས་པ་ན།འགྱིག་ལྷམ་དེའི་མཐིལ་གྱི་ཁུང་བུ་ནི་སྔོན་མ་ལས་ཆེ་བས།གྲིབ་གཟུགས་དེ་གཉིས་ཀྱང་སྔོན་མ་ལས་ཇེ་གསལ་དུ་གྱུར།

ངའི་རེ་སྒུག་གི་མིག་ཟུང་དུ་མངོན་པ་ཨ་ཕ་དང་ཨ་མ་གཉིས་མིན་པར་ཕུ་བོ་ཚེ་རིང་དང་ཨ་ཅེ་གཡང་འཚོ་གཉིས་རེད།

ཨ་ཅེ་གཡང་འཚོས་ཉིན་དེར་ང་ལ་ཁྱོད་ཀྱིས་སེམས་ཁྲལ་བྱ་མི་དགོས། ཁྱོད་ཀྱི་ཨ་ཕའི་ནད་གཞི་ཇེ་དགར་སོང་ཡོད་པས།མི་འགྱང་བར་ཕ་མ་གཉིས་ཀ་ཕྱིར་ཡུལ་དུ་ལོག་སྲིད་ཟེར།

ཨ་ཅེ་གཡང་འཚོའི་གསེར་གྱི་རྣ་ལོང་དེ་ངའི་མིག་ལམ་དུ་སེར་ལམ་ལམ་བྱེད་ལ།ཨ་ཅེ་གཡང་འཚོའི་འཛུམ་མདངས་ཀྱང་ངའི་མིག་ལམ་དུ་ཁྲ་ལམ་ལམ་བྱེད།ལྷག་ཏུ་ཨ་ཅེ་གཡང་འཚོའི་སྐད་ཆ་དེ་ངའི་རྣ་ལམ་དུ་སྙན་ཞིང་འཇེབས་པའི་རོལ་དབྱངས་ཤིག་དང་མཚུངས།

དབྱར་ཁ་དེར་བྱུང་བའི་དོན་དག་གཞན་ཞིག་ནི། ངེད་ཚང་ལ་བོང་བུ་མ་བུ་གསུམ་ཡོད། བོང་བུ་མ་བུ་གསུམ་ཡོད་པའི་ཁྱིམ་ཚང་གྲོ་ཞིང་ཁར་མང་པོ་ཡོད་མོད།འོན་ཀྱང་།ངེད་ཚང་གི་བོང་བུ་མ་བུ་གསུམ་པོ་ལོ་དེའི་དབྱར་ཁའི་མཚན་མོ་ཞིག་ལ་སྤྱང་ལྟོགས་འགའ་ཡི་ཁ་ནང་དུ་ལྷུང་སྟེ་བོང་བུ་གཅིག་ལས་མ་ལྷག 

ཉིན་དེ་ནི་གཟའ་ཉི་མའི་ཞོགས་པ་ཞིག་སྟེ།ཉི་མ་སེར་ལམ་མེར་གྲོ་ཞིང་ཁའི་རྒྱབ་རི་དེའི་རི་རྩེ་མཐོ་ས་ཞིག་ནས་འཇུར་ཡོང་།གཟའ་ཉི་མའི་ཞོགས་པ་དེར་ང་ཁོམ་ནས་ལས་རྒྱུ་ཅི་ཡང་མེད་པས།  ང་ཁང་ཀླད་དུ་བུད་དེ་ཡར་ལྟ་མར་ལྟ་བྱེད་དུས།  ངས་འགྱིག་ལྷམ་ཆད་པོ་དེའི་ཞབས་ཀྱི་ཁུང་བུ་ལས་སྔོན་ལ་རྒྱབ་རིའི་རྩེ་ནས་ཉི་མ་དལ་གྱིས་འཇུར་ཡོང་བ་མཐོང་ཞིང་།  དེ་ནས་སྔགས་རྒན་རིག་འཛིན་གྱིས་རས་ལྭ་དམར་སྨུག་ཅིག་གཡང་ཤམ་བྱས་ཏེ་བསང་གཏོང་བ་མཐོང་།ངས་མཐོང་སྣེ་ཅུང་ཟད་བརྗེས་པ་ན།བསོད་ནམས་འབག་བཙོག་གིས་སྒོ་རའི་ནང་དུ་གཅིན་པ་ཤག་སེ་བཏང་རྗེས།མིག་ལ་ཕུར་ཕུར་འགའ་བྱེད་ཀྱིན་སླར་ཡང་ཁོ་རང་སྔོན་ལ་ཡོང་སའི་ཁང་པ་དེའི་ནང་དུ་འཛུལ་སོང་།  དེ་ནས་མུ་མཐུད་དུ་མཐོང་རྒྱ་ཡངས་པོར་བསྐྱེད་པ་ན།སྡེ་དཔོན་ཚང་གི་སྒོ་ཀླད་ཀྱི་དར་ཤིང་རྩེ་ལ་སྐྱ་ཀ་ཞིག་བབས་ཏེ་ཅག་ཅག་ཅག་བྱེད་ཅིང་མཆིས། དེ་དུས་ངས་ངེད་ཚང་གི་ཚོད་རའི་གྱང་སྣ་རུ་ཨ་ཅེས་ཆུ་ཟོ་ཁུར་ནས་འོང་བ་མཐོང་བྱུང་།ང་རང་ཁང་ཀླད་ནས་མར་འབབ་པར་སྟ་གོན་བྱེད་དུས།  ཨ་ཅེས་གཞིས་མའི་ཕྱི་རོལ་ནས་ང་ལ“ཁྱོད་ཀྱིས་ཁང་ཐོག་ནས་ཡར་མར་འཁོར་ལ་བོང་བུ་གསུམ་པོ་ཨེ་རིག་ལྟོས་དང”ཟེར།

སྔོན་དགོང་མོར་བོང་བུ་མ་བུ་གསུམ་པོ་ང་དང་ཨ་ཅེ་གཉིས་ཀྱིས་ཤར་འཚོལ་ནུབ་འཚོལ་ཞིག་བྱས་ཀྱང་མ་རྙེད།མཇུག་ཏུ་ཨ་ཅེས་ང་ལ“དོ་ནུབ་གཅིག་པུར་ཅི་སྐྱོན།  སང་ཉིན་ཁྱོད་ཀྱིས་ལྟོས།  བོང་བུ་མ་བུ་གསུམ་པོ་བཙལ་མི་དགོས་པར་རང་ཤུགས་སུ་རང་ཡུལ་བསྙེགས་ནས་འོངས་པ་ཁོ་ཐག་ཡིན།བོང་བུ་མ་བུ་གསུམ་པོར་ཡུལ་ནས་སྐྱིད་དམ་སྒོ་ནས་སྐྱིད་པ་ཚོད་ལྟ་ཞིག་བྱ་རུ་ཆུགས”ཟེར་མོད། དོན་དུ་ཨ་ཅེ་ཡིས་བོང་བུ་གསུམ་པོ་མ་ཡོང་བར་སེམས་ཁྲལ་བྱེད་ཀྱིན་པ་གདོན་མི་ཟ།   རྒྱུ་མཚན་ནི་མཚན་མོ་དེར་ཨ་ཅེ་ལ་གཉིད་སྐྱིད་པོ་ཞིག་མ་ཁུགས།མོས་ཞག་གང་བོར་དངན་པ་གཅིག་འཕྲོར་གཅིག་འཐེན་པར་བྱེད།

ངས་ལྷམ་ཕུད་ནས་ཡར་མར་ལྟ་དུས།ཨ་ཅེ་བཙན་གྱིས་དགོད་ཙམ་བྱེད་ཅིང་།  “ཁྱོད་ཀྱི‘རྒྱང་མཐོང’ནང་ཅི་ཞིག་ཤར་བྱུང”ཞེས་དྲིས་བྱུང་།

ཏག་ཏག་སྐབས་དེར། ངའི“རྒྱང་མཐོང”ནང་དུ་དངོས་གནས་ཅི་ཞིག་ཤར་བྱུང་སྟེ།གྲོ་ཞིང་ཁའི་ལབ་ཙེ་ཡོད་པའི་སྡེ་གཉའི་ཉག་ཁིས་དེའི་ཕྱོགས་སུ་རྒོད་པོ་འགས་དལ་བྲེལ་མེད་པར་ལྡིང་སྐོར་བྱེད་ཅིང་། རིམ་བཞིན་རིམ་བཞིན་རྒོད་པོ་རྣམས་རྡེའུ་འབུམ་མང་པོ་སྤུངས་ཡོད་པའི་གསེང་གང་ཞིག་ཏུ་བབས་སོང་།

ཨ་ཅེ་ཡིས་ངས་ཕྱོགས་གཅིག་ཏུ་འགུལ་མེད་དུ་བལྟས་སྡོད་པ་མཐོང་བས།   གདོང་ལ་འཛུམ་ཞིག་ལངས་ཏེ“ཅི་རེད།  བོང་བུ་གསུམ་པོ་ཁྱིམ་ལ་ལོག་བཞིན་པ་མིན་ནམ”ཟེར།ངས་ཉག་ཁིས་ཕྱོགས་སུ་མུ་མཐུད་དུ་བལྟས་པ་ན་རྡོ་འབུམ་གྱི་གསེང་དུ་བྱ་རྒོད་རྣམས་ཡར་ལྡིང་མར་ལྡིང་བྱེད་ཀྱང་། ས་བབ་ཀྱི་དབང་གིས་བྱ་རྒོད་རྣམས་ཡར་ལྡིང་དུས་ངའི་མིག་ལམ་དུ་མངོན་ནའང་།མར་འབབ་དུས་ངའི་མཐོང་ལམ་དུ་མངོན་ཐབས་བྲལ།ངས་དེ་ལྟར་ཡུན་རིང་བོར་བལྟས་པ་ན་བྱ་རྒོད་རྣམས་ཡར་ལྡིང་མར་ལྡིང་བྱེད་པ་ལས་ཅི་ཡང་མཐོང་མ་སོང་།སྐབས་དེར་ཨ་ཅེས་ཡང་བསྐྱར་སྐད་བརྒྱབ་བྱུང“ཁྱོད་འོན་པ་མིན་ནམ། ཁྱོད་ཀྱིས་ཅི་ཞིག་མཐོང་སོང”ཟེར། ངས་ཨ་ཅེ་ལ་རང་གི་མཐོང་བ་རྣམས་ཇི་བཞིན་དུ་བཤད་པ་ན།  ཨ་ཅེས་ང་ལ“མུ་མཐུད་དུ་བོང་བུ་གསུམ་པོ་ཨེ་རིག་ལ་ལྟོས”ཞེས་བཤད་རྗེས་ཆ་མ་ཤོག་གཅིག་གྲུ་ཁུག་ཏུ་བཟུང་ནས་ཐབ་ཚང་དུ་ཕྱིན་སོང་།

ང་ནི་དེ་ལྟར་ཁང་ཀླད་དུ་བུད་དེ་ཉག་ཁིས་ཕྱོགས་སུ་བལྟས་ཀྱང་།བྱ་རྒོད་དེ་ཚོ་ལས་གཞན་གང་ཡང་མ་མཐོང་བས། ངས་ལྷམ་ཆད་གོན་ནས་མར་འབབ་རྩིས་བྱེད་དུས།ཨ་ཅེ་འཚབ་འཚུབ་ངང་ཐབ་ཚང་ལས་ཕྱི་རུ་བརྒྱུགས་ཡོང་སྟེ“བྱ་རྒོད་ལས་གཞན་ཅི་ཡང་མེད་དམ”ཟེར།ངས་མགོ་བོ་གཡུག་གཡུག་བྱེད་བཞིན་ཤིང་རྐས་ལས་མར་འབབ་དུས།ཨ་ཅེ་ལ་ཡང་བསྐྱར་ཅི་ཞིག་བྱུང་སོང་བ་བཞིན་གདོང་གི་རྣམ་འགྱུར་ནི་འཚུབ་སྣང་ཞིག་གིས་བཟུང་འདུག  དེ་ནས་ལག་ཏུ་བཟུང་བའི་ཟངས་དེམ་དེ་ཐང་ལ་ཁྲོག་སེ་གཡུགས་ཏེ་ཕྱི་ལ་བརྒྱུགས་སོང་།ཟངས་དེམ་གྱི་ཁྲོག་སྒྲ་དེ་ནི་ང་ལ་བཏང་བའི་ཉེན་བརྡ་ཞིག་དང་འདྲ་སྟེ།ཞོགས་པའི་མཁའ་དབུགས་ཁྲོད་དུ་དུས་ཡུན་རིང་བོ་ཞིག་ལ་ཁྲོག་སྒྲ་དེ་ཁྱབ་འདུག  ང་ཡང་ཟང་ཟིང་དུ་གྱུར་ཏེ་སྐས་རྐང་སྟེང་ནས་མཆོང་མ་ལྡིང་གིས་སར་བབས་ཏེ་ཨ་ཅེའི་རྗེས་བསྙེགས་པ་ཡིན།

ཨ་ཅེ་ལགས་ཡང་བསྐྱར་ངའི་མིག་ལམ་དུ་མངོན་དུས།  གདོང་ནི་གྲི་ཡིས་གཤགས་པ་བཞིན་དམར་པོ་དམར་རྐྱང་དུ་གྱུར་ཅིང་། ཁ་གདངས་མིག་ཅེར་གྱིས་འཇིམ་སྐུ་ཞིག་བསླངས་པ་དང་མཚུངས།

ཨ་ཅེ་ལ་ཅི་ཁག་སྟེ། མིག་མདུན་གྱི་ཡོད་ཚད་ཀྱིས་ང་ཡང་ཧ་ལས་ཧང་སངས་སུ་བཏང་སོང་།དེ་དུས་ཨ་ཅེ་ཡི་མིག་ལས་མཆི་མ་ཐིག་ཕྲེང་འགའ་ཤུར་ཤུར་དུ་བརྡོལ་བྱུང་།

སྔོན་དགོང་མོར་བོར་སོང་བའི་བོང་བུ་གསོན་པོ་གསུམ་པོ་བོང་བུ་ཤི་བོ་གསུམ་བཞིན་གཡས་སྒྱེལ་གཡོན་སྒྱེལ་བྱས་འདུགབྱ་རྒོད་རྣམས་ཀྱིས་བོང་བུ་གསུམ་པོའི་སྟེང་ནས་ཡར་ལྡིང་མར་ལྡིང་བྱེད་ཀྱིན་ཤ་རྡོག་ཤ་རྡོག་བྱས་ནས་གཅོད་ཅིང་མཆིས། དེ་དུས་ངས་ཐང་ནས་རྡོ་ཞིག་བཏུས་ཏེ་བྱ་རྒོད་ཀྱི་སྟེང་དུ་བརྒྱབ་པ་ན།ཨ་ཅེ་ཡང་གློ་བུར་སད་པ་ལྟར་ཨག་རིང་ཞིག་འདེབས་ཀྱིན་ཐང་ནས་རྡོ་བཏུས་ཤིང་བྱ་རྒོད་ཀྱི་ཕྱོགས་སུ་རྒྱག་ཞོར་སྨྱོན་པ་བཞིན་བརྒྱུགས་སོང་། བྱ་རྒོད་རྣམས་ཀྱིས་ཨ་ཅེ་དང་ངེད་གཉིས་མཐོང་བས་འཐད་ལ་མི་འཐད་ངང་སྔོན་ལ་ཕར་ལྡིང་ཚུར་ལྡིང་བྱས་ཏེ་མཐོ་ས་ཞིག་ཏུ་བབས་ཤིང་། མཐའ་མར་གཤོག་རྡེབ་བྱེད་བཞིན་རྒྱང་ལ་འཕུར་སོང་།

ང་དང་ཨ་ཅེ་གཉིས་ཀ་བོང་བུ་མ་བུ་གསུམ་པོའི་འཁྲིས་སུ་བསླེབས་དུས།བོང་མ་དང་བོང་ཕྲུག་ཆེ་བ་གཉིས་སྔར་ནས་ཤི་འདུག་ལ།བོང་ཕྲུག་ཆུང་བས་འཕག་ཙམ་བྱེད་ཅིང་མིག་ཟུང་རིག་རིག་ངང་ངེད་གཉིས་ལ་ཅེར་བྱུང་།ངས་བོང་ཕྲུག་གི་མགོ་ལ་རེག་བཞིན་ལུས་ཡོངས་ལ་བལྟས་དུས།བོང་ཕྲུག་གི་སྒྱིད་པའི་སྟེང་ནས་ཤ་ལེབ་མོ་ཞིག་སྔར་ནས་བཅད་ཚར།དེ་དུས་སྡེ་བའི་ནང་གི་མི་རྒན་སྐོར་ཞིག་བསླེབས་བྱུང་།མི་དེ་དག་གི་ཁྲོད་དུ་ཕུ་བོ་འབྲུག་འབུམ་དང་ཚེ་རིང་གཉིས་ཀྱང་འདུག  ཁོ་ཚོས་ང་དང་ཨ་ཅེ་གཉིས་ལ་སེམས་གསོ་བྱེད་བཞིན་བོང་ཕྲུག་གི་སྒྱིད་པར་རས་ཐུམ་བརྒྱབ་ཅིང་།དེ་ནས་བོང་ཕྲུག་ཁུར་རོགས་བྱས་ནས་ངེད་ཚང་དུ་བསྐྱལ། བོང་བུ་གཉིས་བསད་སོང་ནའང་།བོང་ཕྲུག་དེ་སྤྱང་ཀིའི་ཁ་ནས་ཐར་བས་ང་ཤིན་ཏུ་དགའ་བྱུང་།རྗེས་སུ་བོང་ཕྲུག་གི་རྨ་ཁ་རིམ་གྱིས་སོས་ཏེ་དྲག་སོང་ནའང་། སྒྱིད་པའི་ནང་དུ་ཁ་ཤོ་ཞིག་ཡོད་པས། སྡེ་མི་ཀུན་གྱིས་ཁྱེད་ཚང་གི་བོང་ཕྲུག་སྒྱིད་ཤོ་ཞེས་མིང་ཞིག་བཏགས་སོང་།

རྫིང་བུའི་འགྲམ་དེ་ནས་སྡེ་འདབས་ཀྱི་ལམ་ཀྱོག་སྟེང་བལྟས་ཚེ།ལམ་ཀྱོག་དེ་ནི་ལག་མཐིལ་དུ་བླངས་ཡོད་པ་དང་འདྲ།ངས་འགྱིག་ལྷམ་བཟུང་ནས་སྡེ་བའི་གྲུ་ག་སོ་སོར་ཕྱིན་མྱོང་མོད།  རྫིང་བུའི་འགྲམ་བཞིན་མཐོང་ལམ་ཡངས་ས་ཞིག་གཏན་ནས་མ་རྙེད། དེ་ནི་ང་དང་འགྱིག་ལྷམ་གཉིས་ཀྱི་གསང་བ་སྟེ། གསང་བ་དེ་ང་དང་འགྱིག་ལྷམ་གཉིས་ལས་གཞན་སུས་ཀྱང་ཤེས་མི་སྲིད།

སྡེ་འདབས་ཀྱི་རྐང་ལམ་སྟེང་འདྲུད་འཐེན་འཁོར་ལོ་ཞིག་ཁྲོག་སྒྲ་པང་སྒྲ་དང་བཅས་གྲག་བཞིན་འོང་གིན་འདུག འདྲུད་འཐེན་འཁོར་ལོ་ཁྲོག་སྒྲ་པང་སྒྲ་གྲག་བཞིན་འོང་བ་དང་།  ལམ་ཀྱོག་སྟེང་དུ་ས་རྡུལ་རིམ་པ་ཞིག་འཕྱུར་བྱུང་བས་འདྲུད་འཐེན་འཁོར་ལོའི་སྟེང་གི་མི་དེ་སུ་ཡིན་པ་མཐོང་ཐབས་བྲལ།   ཡིན་ཀྱང་འདྲུད་འཐེན་འཁོར་ལོ་སྐོར་མཁན་ནི་ང་ཚོའི་སྡེ་བར་ཕུ་བོ་འབྲུག་འབུམ་ལས་ཡོད་མི་སྲིད་པས།ལམ་ཀྱོག་ས་རྡུལ་གྱིས་གཡོགས་བྱུང་ནའང་ཕུ་བོ་འབྲུག་འབུམ་གྱི་གདོང་རིས་ངའི་སེམས་སུ་ཝ་ལེར་ཡིན།

འདྲུད་འཐེན་འཁོར་ལོ་ངའི་འགྱིག་ལྷམ་མཐིལ་རྡོལ་གྱི་ཁུང་བུའི་ནང་དུ་ཏན་སེ་བསྡད་བྱུང་། ས་རྡུལ་དག་རིམ་གྱིས་དྭངས་ཤ་ལེར་སོང་བ་དང་འདྲུད་འཐེན་འཁོར་ལོའི་འཁོར་སྒམ་ཡང་མིག་ལམ་དུ་གསལ་བོར་ཤར།ཡིན་ནའང་འདྲུད་འཐེན་འཁོར་ལོའི་འཁོར་སྒམ་ནང་དུ་ང་ལ་མཁོ་བའི་ཕ་མ་གཉིས་ཀ་མི་འདུག 

ཕུ་བོ་འབྲུག་འབུམ་གྱིས་འདྲུད་འཐེན་འཁོར་ལོའི་འཁོར་སྒོག་ཏན་སེ་བསྒགས་རྗེས་ང་ལ་ལག་གཡུག་བྱེད་ཀྱིན་འདུག

ངས་འགྱིག་ལྷམ་རྐང་མགོར་གྱོན་ཏེ་ཕར་བརྒྱུགས་པ་ཡིན། ཕུ་བོ་འབྲུག་འབུམ་གྱིས་ང་ལ“ཕ་མ་གཉིས་ལ་སེམས་ཁྲལ་བྱ་དགོས་པ་མ་རེད། རང་གིས་སློབ་སྦྱོང་ལ་བསྲལ་ལེན་བྱོས”ཟེར་ཞིང་།གློ་ཁུག་ལས་ཀ་ར་དབུགས་རྒྱག་ལེབ་མོ་གཉིས་བླངས་ཏེ་ང་ལ་བྱིན་རྗེས་ངའི་མགོར་བྱིལ་ཞིག་བྱེད་ཅིང་།དེ་ནས“འདྲུད་འཐེན་འཁོར་ལོའི་ནང་དུ་བུད་དང་ཡུལ་ལ་འགྲོ”ཟེར།

ང་རང་འདྲུད་འཐེན་འཁོར་ལོའི་ནང་བུད་ཅིང་། ཀ་ར་དབུགས་རྒྱག་ལྡོད་ཀྱིན་ཡུལ་ལ་ལོག་པ་ཡིན།

གྲོ་ཞིང་ཁའི་དོན་དག་ཡོད་ཚད་ནི་ངའི་ལྷམ་གྱི་ཁུང་བུའི་ནང་དུ་འབྱུང་བཞིན་པ་འདྲ་སྟེ།  ཉིན་ཞིག་ངས་བོང་ཕྲུག་སྒྱིད་ཤོ་འཁྲིད་ཅིང་ལྷམ་ཆད་ཀྱི་ཁུང་བུ་ལས་རྒྱང་ལ་ལྟ་དུས།ཕུ་བོ་ཚེ་རིང་གིས་བསོད་ནམས་འབག་བཙོག་ལ་རྡོག་ཐོས་གཞུས་བཞིན་འདུག  ངས་ལྷམ་གྱི་ཁུང་བུ་ལས་ཞིབ་ཏུ་བལྟས་པ་ན།  བསོད་ནམས་འབག་བཙོག་ནི་ཐང་དུ་འགྱེལ་འདུག་ལ།  ཕུ་བོ་ཚེ་རིང་གིས་བསོད་ནམས་འབག་བཙོག་གི་འཕོང་མགོར་རྡོག་ཐོས་གཞུས་བཞིན་ཅི་ཞིག་བཤད་ཅིང་མཆིས་མོད།  འོན་ཀྱང་བར་ཐག་གི་དབང་གིས་ཕུ་བོ་ཚེ་རིང་གི་སྐད་ཆ་ངས་ཅི་ཡང་གོ་མ་སོང་།  ཕུ་བོ་ཚེ་རིང་གིས་བསོད་ནམས་འབག་བཙོག་གི་འཕོང་མགོར་རྡོག་ཐོས་ཤུགས་ཀྱིས་ཐེངས་ཤིག་བརྒྱབ་ན།བསོད་ནམས་འབག་བཙོག་འཕག་འཚག་རེ་བརྒྱག་པས་ཉི་འོད་ཀྱི་འོག་ཏུ་ས་རྡུལ་ལང་ལོང་བྱེད།ངའི་སེམས་ལ་བསོད་ནམས་འབག་བཙོག་ལ་ཁྲིགས་སེ་ཡོད་སྙམ་བྱུང་།  བསོད་ནམས་འབག་བཙོག་ནི་ང་ཚོ་བྱིས་པ་ཚོའི་ཁྲོད་དུ་རྒྱལ་པོ་ཡིན་པས།ང་ཚོ་སུས་ཀྱང་ཁོར་ངོ་ཡ་བྱེད་ཕོད་མཁན་མེད། ཕུ་བོ་ཚེ་རིང་གིས་བསྟུད་མུར་བསོད་ནམས་འབག་བཙོག་གི་འཕོང་མགོར་རྡོག་ཐོས་ཤུགས་ཀྱིས་ལན་འགའ་བརྒྱབ་མཐར་གདོང་ལ་མཛུབ་མོ་བསྐོར་ནས་ཅི་ཞིག་བཤད་བཤད་རྗེས་བུད་སོང་།

རྗེས་སུ་སྟོབས་ལྡན་སྣ་འབིགས་ཀྱིས་བཤད་ན། དེ་ནི་བསོད་ནམས་འབག་བཙོག་ལན་པ་མིན་པར་ཕུ་བོ་འབྲུག་འབུམ་ལན་པ་རེད་ཟེར།ངའི་སེམས་ལ་ཕུ་བོ་འབྲུག་འབུམ་ལན་ཚེ་བསོད་ནམས་འབག་བཙོག་ལ་གཅར་རྡུང་བྱ་དགོས་དོན་ཅི་ཡོད་སྙམ།

སྟོབས་ལྡན་སྣ་འབིགས་ཀྱིས་ང་ལ“ཁྱོད་ཀྱིས་ཅི་ཡང་ཤེས་ཀྱིན་མི་འདུག”ཟེར།

“ཅི་ཞིག་ཤེས་ཀྱིན་མི་འདུག”ངས་ཁོའི་སྐད་ཆ་དེའི་ནང་དོན་གཏན་ནས་མ་གོ

སྟོབས་ལྡན་སྣ་འབིགས་ཀྱིས“ཕུ་བོ་ཚེ་རིང་ཚང་གི་དོན་གྲུབ་དེ་སུ་ལ་རིག་གམ”ཟེར།

ངས“དེར་འབྲེལ་བ་ཅི་ཞིག་ཡོད”ཅེས་དྲིས།

སྟོབས་ལྡན་སྣ་འབིགས་ཀྱིས“དེར་འབྲེལ་བ་ལོས་ཡོད།ཕུ་བོ་ཚེ་རིང་གིས་བསོད་ནམས་འབག་བཙོག་ལ་གཅར་རྡུང་བྱེད་དོན་དེ་རེད”ཟེར།

སྟོབས་ལྡན་སྣ་འབིགས་ཀྱིས་སྐད་ཆ་དེ་ངས་ཅིས་ཀྱང་མ་གོ

སྟོབས་ལྡན་སྣ་འབིགས་ཀྱིས“ཁྱོད་འདི་མི་ཅི་འདྲའི་རིག་རྟུལ་ཞིག་རེད།   དོན་འགྲུབ་དེ་ཕུ་བོ་འབྲུག་འབུམ་ལ་མི་རིག་གམ”ཟེར།

ངའི་སེམས་ལ་དོན་འགྲུབ་དང་ཕུ་བོ་འབྲུག་འབུམ་གཉིས་རེས་མོས་སུ་འཁོར་བ་ན།དོན་འགྲུབ་དེ་དངོས་གནས་ཕུ་བོ་འབྲུག་འབུམ་ལ་རིག་པ་འདྲ།

ངས“དེ་ངོ་མ་རིག་པ་འདྲ”ཞེས་བཤད།

སྟོབས་ལྡན་སྣ་འབིགས་ཀྱིས“ཅི་ཞིག་རིག་པ་འདྲ།  དཔར་བཞག་ཡོད་པ་མི་རིག་གམ”ཟེར།

ཁོས་ང་ལ་ཨ་ཅེ་གཡང་འཚོ་ནི་ཕུ་བོ་འབྲུག་འབུམ་གྱི་གནའ་འགྲོགས་ཡིན་པ་རེད།དོན་འགྲུབ་ནི་ཕུ་བོ་ཚེ་རིང་གི་བུ་མིན་པར་ཕུ་བོ་འབྲུག་འབུམ་གྱི་བུ་ཡིན་པ་དང་།བསོད་ནམས་འབག་བཙོག་གིས་ཀུན་ལ་དེ་ལྟར་འུར་བས་ཕུ་བོ་ཚེ་རིང་གིས་ཁོར་གཅར་རྡུང་བྱས་པ་རེད་ཟེར།

དེ་དུས་ངའི་མིག་ལམ་དུ་ཡང་བསྐྱར་རྒྱ་ཞྭ་ལྗང་སེར་གྱོན་པའི་ཕུ་བོ་འབྲུག་འབུམ་དང་། མགོ་རས་དམར་པོ་དཀྲིས་པའི་ཨ་ཅེ་གཡང་འཚོ་གཉིས་འཁྱུག་ཙམ་བྱས་བྱུང་།

ད་ལྟ་བསམས་ན།  ངའི་ལྷམ་ཆད་མཐིལ་བརྡོལ་དེས་ངའི་ཆུང་དུས་ཀྱི་ལོ་ཟླར་དགའ་སྐྱོའི་ཚོར་བ་མང་ཙམ་བྱིན་མྱོང་།

ང་རང་སྡེ་འདབས་ཀྱི་སྡོང་རར་ཕྱིན་ཞིང་།དེ་སྔ་ཕུ་བོ་འབྲུག་འབུམ་དང་ཨ་ཅེ་གཡང་འཚོ་གཉིས་ཉལ་ས་དེར་ཕྱིན་ནས་ཁོ་གཉིས་ཀྱི་ཁ་མལ་དུ་ཉལ་བ་ན། སྣང་བ་ཞིག་ལ་ང་རང་སྡོང་རའི་ནང་ཉལ་མེད་པར་ཨ་ཅེ་གཡང་འཚོའི་སྟེང་དུ་ཉལ་ཡོད་པ་འདྲ།ངས་ལག་པ་ཡ་གཅིག་གིས་ལྷམ་ཆད་བཟུང་ནས་མཁའ་ལ་བལྟས་ཤིང་།  ལག་པ་ཡ་གཅིག་གིས་ནེ་ནེ※བཟུང་ནས་ཡང་ཡང་བྱུགས་པ་ཡིན།ངའི་ལྷམ་ཆད་ཀྱི་ཁུང་བུ་ལས་མཐོང་བའི་ནམ་མཁའ་ཡོ་ཙམ་ཡོ་ཙམ་བྱེད་ལ།མཁའ་ངོགས་སུ་འབྱར་བའི་ཉི་མ་ཡང་ཡོ་ཙམ་ཡོ་ཙམ་བྱེད། ངའི་ཁ་ནས“ཨ་ཅེ་གཡང་འཚོ”“ཨ་ཅེ་གཡང་འཚོ”ཞེས་སྒྲོག་བཞིན་ལག་པ་ཡ་གཅིག་གི་འགུལ་ཚད་ཇེ་མགྱོགས་སུ་བཏང་བ་དང་བསྟུན་ནས།ནམ་མཁའ་དང་ཉི་མའི་ཡོ་ཚད་ཀྱང་ཇེ་མགྱོགས་སུ་སོང་།མཐའ་མར་ངའི་ལག་པ་ཏན་སེ་བསྡད་པ་དང་ཏར་ཙམ་ལ་ནམ་མཁའ་དང་ཉི་མ་ཡང་ངའི་མཐོང་ལམ་ནས་བོར་སོང་།ནམ་མཁའ་དང་ཉི་མ་ངའི་མཐོང་ལམ་དུ་ཡང་བསྐྱར་གསལ་གྱི་ལེར་མངོན་དུས།ངའི་འདོམ་བར་ཧྲིལ་བོ་ནེམ་ཤིག་ཤིག་བྱེད།

ང་རང་སྡོང་རའི་ཕྱི་ལོགས་སུ་བུད་ཅིང་། རྐ་ཆུ་ཕྲ་མོ་དེ་དེད་ནས་ཁྱིམ་དུ་ལོག་སྐབས། ངའི་ལྷམ་གྱི་ཁུང་བུ་ལས་མགོ་རས་དམར་པོ་ཞིག་མངོན་བྱུང་།མགོ་རས་དམར་པོ་གཅུད་མཁན་དེ་ནི་ཏག་ཏག་ཨ་ཅེ་གཡང་འཚོ་རེད།  ཨ་ཅེ་གཡང་འཚོས་ཆུ་རྐའི་སྟོད་རྒྱུད་དུ་ལྭ་བ་འཁྲུད་བཞིན་འདུག   མོ་མཐོང་བས་ངའི་གདོང་པ་ཚ་བེར་བེར་དུ་གྱུར། མོས་གྱོན་པ་ལག་པས་ཕུར་དུས་ལྦུ་བ་མང་པོ་ཆུ་ཁར་གཡེང་སྟེ་ངའི་ཕྱོགས་སུ་ཁུར་ཡོང་།ལྦུ་བ་དེ་དག་ནི་ཨ་ཅེ་གཡང་འཚོའི་མཉེན་ཞིང་འཇམ་པའི་ལག་བར་ནས་འཕྱུར་ཡོང་བ་རེད།  སྙིང་ཉེ་བའི་ལྦུ་བ་དེ་དག་ལ་ལྷམ་གྱི་ཁུང་བུ་ལས་ལྟ་དུས།ལྦུ་བ་དེ་དག་གི་སྟེང་དུ་ལྷམ་གྱི་བུ་ག་ལས་ཨ་ཅེ་གཡང་འཚོར་ལྟ་བའི་བྱིས་པ་ཞིག་གི་གཟུགས་བརྙན་བབས་འདུག   ངས་དེ་ལྟར་ལྷམ་གྱི་བུ་ག་ལས་ཨ་ཅེ་གཡང་འཚོར་བལྟས་བསྡད་ཀྱང་། ཨ་ཅེ་གཡང་འཚོས་ལྷམ་གྱི་བུ་ག་ལས་མོར་ལྟ་མཁན་གྱི་ང་ལ་མཉམ་འཇོག་གཏན་ནས་མ་བྱུང་།

དེ་ནི་གཟའ་པ་སངས་ཀྱི་ཉིན་ཞིག་སྟེ། ཉིན་གང་གི་སློབ་ཐུན་མཐའ་མ་རྫོགས་རྗེས།  ང་རང་ཉིན་དེའི་རེས་མོས་པར་འཁེལ་ཡོད་པས།ངས་ཐང་གི་རྐུབས་སྟེགས་མ་ལུས་སྒྲོག་ཙེ་སྟེང་རེ་རེ་བཞིན་བཞག་ཅིང་།དེ་ནས་སྡུད་མ་ཟད་པོ་དེ་ལག་ཏུ་བཟུང་ནས་སློབ་ཁང་ནང་ཕྱགས་དུས།  སློབ་གྲོགས་འཇིགས་མེད་ཀྱི་སྒྲོག་ཙེ་འོག་ཏུ་ཞ་སྨྱུག་ཅིག་ལྷུང་འདུག་པ་མཐོང་།ང་རང་སྒྲོག་ཙེ་འོག་ཏུ་འཛུལ་ནས་ཞ་སྨྱུག་འཐུས་པ་ཡིན།  དེ་དུས་ངའི་རྒྱབ་ཕྱོགས་སུ་རྩེད་མོར་རོལ་བའི་སྒྲོལ་མ་དང་དབང་མོ་གཉིས་ཀྱིས་ངའི་ལྷམ་མཐིལ་གྱི་ཁུང་བུ་མཐོང་སོང་བ་འདྲ།  མོ་གཉིས་ཀྱིས་ང་ལ་བལྟས་ནས་དགོད་ཀྱིན་ཤབ་ཤུབ་ཏུ་ཅི་ཞིག་བཤད་ཀྱིན་འདུག  ཐོག་མར་ངས་དེ་ལ་མཉམ་འཇོག་མ་བྱུང་མོད།མོ་གཉིས་ཀྱིས“འགྱིག་ལྷམ་བརྡོལ་འདུག”དང་། “ལྷམ་མཐིལ་དུ་ཁུང་བུ་ཆེན་པོ་ཞིག་འདུག” “སྤྲང་ཕྲུག་ཅིག་དང་འདྲ”སོགས་གཏམ་ཤབ་ཤུབ་མང་པོ་ཞིག་ལབ་པ་ངའི་རྣ་བར་ལྷུང་བ་དང་།ངའི་སེམས་ཀྱི་ག་ཤེད་དུ་ཅིག་ཏུ་རྡོག་རྡོག་ཅིག་ཆེ་རུ་སྦོས་པ་དང་འདྲ་བྱུང་།ང་བསམ་བཞིན་མ་ཡིན་པར་སྒྲོག་ཙེའི་འོག་ནས་མྱུར་མོར་ཡར་ལངས།ཡིན་ནའང་ང་ངོ་ཚ་སྟེ་གདོང་པ་ཚ་ལམ་ལམ་བྱེད་ཅིང་།དེ་ལས་ཀྱང་ངའི་རྩིས་ཐང་མཐེ་བོང་ཙམ་པོར་དེ་ལྟར་ཕོག་ཐུག་ཐེབས་པས།ང་ནི་ཁུང་བུ་ཞིག་ཡོད་ཚེ་དེར་འཛུལ་སོང་ན་ཅི་མ་རུང་སྙམ་བྱུང་། 

ཕྱི་དྲོ་དེར། ངའི་རི་མགོའི་ཉི་མར་ལྟ་སྤྱད་ཀྱི་ལྷམ་དེས།ངའི་སྡེ་འདབས་ཀྱི་གྲམ་ཆུར་ལྟ་སྤྱད་ཀྱི་ལྷམ་དེས།ངའི་འཕྲུལ་སྣང་མཐའ་དག་ལ་གཤོག་པ་འཛུགས་སྤྱད་ཀྱི་ལྷམ་དེས…… འགྱིག་ལྷམ་ཆད་པོ་དེས་ང་རང་དེ་ལྟར་ངོ་ཚར་གཏད་སོང་།

སློབ་གྲྭ་གྲོལ་རྗེས།  ང་རང་སློབ་གྲོགས་ཀུན་ལས་སྔ་བ་སྔོན་མ་བྱས་ཏེ་ཕྱི་རོལ་ཏུ་བརྒྱུགས་ཤིང་། རང་གཅིག་པུ་གོམས་ལོབས་ལྟར་སྡེ་འགྲམ་གྱི་རྫིང་བུ་ཁར་ཕྱིན་ཏེ་སྔོན་ལ་ཡིད་ཚིམས་པ་ཞིག་ངུས་ཤིང་།དེ་ནས་འགྱིག་ལྷམ་ཆད་པོ་གཉིས་ཀ་རྐང་མགོ་ནས་ཕུད་དེ་རྫིང་བུའི་ལོགས་ཀྱི་གྲོག་ཤུར་དེར་ཤུགས་ཀྱིས་འཕངས་པ་ཡིན། ལྷམ་ཆད་ཆུ་ལ་བསྐུར་རྒྱུ་དེ།  ལྷམ་ཆད་མེ་ལ་བསྲེག་རྒྱུ་དེ།  ངས་དེ་ལྟར་འགྱིག་ལྷམ་ལ་སྡིགས་དམོད་བྱས་ཀྱང་སེམས་པ་ནི་བག་ལ་འབབ་ཐབས་དབེན་པས། ངས་ཐང་ནས་རྡོ་ཞིག་བཏུས་ཏེ་འགྱིག་ལྷམ་གྱི་ཕྱོགས་སུ་འཕངས་པ་ན།དལ་གྱིས་སེམས་ངོགས་ནས་ལྗིད་ཏིག་གེའི་དངོས་པོ་ཞིག་ཕོག་པ་བཞིན་ལྷོད་ལ་བབས་བྱུང་། 

ང་རྐང་རྗེན་དུ་དེ་ལྟར་སྡེ་འགྲམ་གྱི་རྐང་ལམ་དེད་ནས་ཁྱིམ་དུ་ལོག་དུས།   ཨ་ཅེས་ནུབ་འཚལ་བསྐོལ་ནས་ང་ལ་བསྒུགས་འདུག    ཨ་ཅེས་ང་མཐོང་འཕྲལ“ས་རུབ་ནས་ད་རག་བར་དུ་ཁྱོད་གང་དུ་སོང་བ་ཡིན”ཟེར།ངས་ཨ་ཅེ་ལ་ལན་འདེབས་མི་འདོད་པའམ་ཡང་ན་ང་ལ་སྐད་ཆ་ཞིག་བཤད་འདོད་ཀྱི་འདུན་པ་ཡེ་ནས་མེད་པས།   ང་ཁ་རོག་གེར་གོ་འདབས་སུ་བསྡད་དེ་ནུབ་འཚལ་འཐུང་བ་ཡིན། སྣུམ་སྒྲོན་མག་མོག་དེའི་འོག་ཏུ་ང་ལས་ལོ་འགའི་ཆེ་བའི་ཨ་ཅེ་ནི་ཨ་ཅེ་མིན་པར་ཨ་མ་དང་འདྲ། མོས་རང་གི་གཡོ་ཙམ་འཁྱུག་ཙམ་བྱེད་པའི་གྲིབ་གཟུགས་ཁུར་ནས་ཕར་ལ་འགྲོ་ཞིང་།དེ་ནས་ལག་ཏུ་ཅི་ཞིག་བཟུང་ཞིང་གྲིབ་གཟུགས་འགོམ་བཞིན་ཚུར་ལ་ཡོང་། མོས་ངའི་དཀར་ཡོལ་ནང་དུ་ནུབ་འཚལ་བསྐྱར་དུ་བཅུས་དུས་ངའི་རྐང་མགོ་རུ་ལྷམ་མེད་པ་མཐོང་བྱུང་།མོས་ལག་གི་ནུབ་འཚལ་བཅུས་ཡོད་པའི་དཀར་ཡོལ་ངའི་ལག་ཏུ་འཇོག་ཞོར།  མིག་གིས་ངའི་གཡས་གཡོན་དུ་རིག་རིག་ལྟ་ཞིང་།དེ་ནས་ངའི་རྐང་མགོར་ལྟ་ཙམ་བྱས་རྗེས“ཁྱོད་ཀྱི་ལྷམ་གང་དུ་ཡོད”ཟེར། ངས་མ་གོ་ཁུལ་གྱིས་དཀར་ཡོལ་ནང་གི་ཐུག་པ་ཧིར་སྒྲ་དང་བཅས་རྔམ་འཐུང་བྱས་པ་ན།   ཨ་ཅེ་ཡིས་ཡང་བསྐྱར“ཝེ།  ཁྱོད་ལ་འདྲི་བ་མི་གོའམ།  ཁྱོད་ཀྱི་ལྷམ་གང་དུ་ཡོད”ཅེས་དྲིས་བྱུང་།  ད་ནི་ང་རང་ཨ་ཅེའི་སྐད་ཆར་གཡོལ་ཐབས་མེད་པས“ལྷམ་བོར་སོང”ཞེས་ལན་བཏབ་པ་ན། ཨ་ཅེ་ཡིས་མཚར་སྣང་དང་བཅས“ཅི་ཟེར། ལྷམ་བོར་སོང”ཞེས་ངས་བཤད་པའི་སྐད་ཆ་དེ་བསྐྱར་ཟློས་ཤིག་བྱས་སོང་།   མོས་ཡང་ནས་ཡང་དུ་ནན་འདྲི་བྱས་པས། ངས་ལྷམ་རྫིང་བུའི་འགྲམ་གྱི་གྲོག་ཤུར་དེར་འཕངས་པ་དང་།  ཅིའི་ཕྱིར་འཕངས་པ་སོགས་ཇི་བཞིན་དུ་བཤད་པར།   སྔོན་ལ་ཨ་ཅེ་ཁ་རོག་གེར་ལུས་ཤིང་།དེ་ནས་མོ་ནི་ཅི་ཞིག་བྱུང་སོང་བ་ལྟར་འཚབ་འཚུབ་ངང་ཕྱི་ལ་ཆས་སོང་།

ཚ་ཐབ་ཀྱི་ཁ་གདང་སྟེང་དུ་སྣུམ་སྒྲོན་གྱི་འོད་མག་མོག་དེ་ལན་རེར་གཡོ་ཙམ་བྱེད་ཅིང་།ལན་རེར་ཅི་མི་སྙམ་པར་ང་ལ་ཅེ་རེར་ལྟ་བར་བྱེད།འོད་མག་མོག་དེ་གཡོ་ཙམ་བྱེད་དུས་རྩིགས་ངོས་སུ་ཕབ་པའི་ངའི་གྲིབ་གཟུགས་ཀྱང་གཡོ་ཙམ་བྱེད་ལ། སྣུམ་སྒྲོན་གྱི་འོད་མག་མོག་དེས་ཅི་མི་སྙམ་པར་ང་ལ་ཅེ་རེར་བལྟས་སྡོད་དུས། རྩིགས་ངོས་ཀྱི་གྲིབ་གཟུགས་ཀྱང་ཅི་མི་སྙམ་པར་ཅེ་རེར་སྡོད། བར་སྐབས་ཤིག་ལ་འབུ་མེ་ལྕེབས་ཤིག་གང་ཞིག་ནས་འཕུར་ཡོང་སྟེ།   སྣུམ་སྒྲོན་གྱི་མཐའ་ནས་ཡང་སྐོར་ནས་བསྐྱར་སྐོར་རྒྱག་ཅིང་མཆིས།   ང་དང་ངའི་གྲིབ་གཟུགས་གཉིས་ཀྱིས།  མཐོང་མ་མྱོང་བའི་ལྟད་མོ་ཅི་ཞིག་མཐོང་བ་བཞིན།  འབུ་མེ་ལྕེབས་དེ་ལ་མིག་ཟུང་གཡོ་བ་མེད་པར་བལྟས་བསྡད་པ་ཡིན།དེའི་སྔོན་ལའང་ངས་འབུ་མེ་ལྕེབས་ཐེངས་མང་པོར་མཐོང་མྱོང་མོད།   མཚན་མོ་དེ་བཞིན་དེ་ལྟར་འབུ་མེ་ལྕེབས་ལ་བལྟས་པ་ཐེངས་དང་པོ་ཡིན། 

ཨ་ཅེ་སོང་ནས་དུས་ཡུན་རིང་བོ་ཞིག་འགོར་མོད་ད་དུང་ཕྱིར་ལོག་མ་བྱུང་བས།འབུ་མེ་ལྕེབས་ལ་ལྟ་བཞིན་ལྟ་བཞིན་ངའི་རྒྱུད་ལ་ཞེད་སྣང་ཞིག་འགོག་མེད་དུ་འཁོར་འོངས།   འབུ་མེ་ལྕེབས་ནི་དལ་བྲེལ་མེད་པར་སྣུམ་སྒྲོན་ངོགས་སུ་ཕར་འཕུར་ཚུར་འཕུར་བྱེད་ནའང་།  ངའི་སེམས་པ་ནི་ཆུ་རྒོད་བཞིན་ལྷོག་ལྷོག་ཏུ་གདུས་བྱུང་།    མཐའ་མར་འབུ་མེ་ལྕེབས་དེ་དེ་ལྟར་བལྟས་བལྟས་ལ་སྣུམ་སྒྲོན་གྱི་མེ་ངོགས་ནས་སིར་སྒྲ་དང་བཅས་གཤེགས་སོང་།

ངའི་སྙིང་ལྟིག་ལྟིག་ཏུ་ལྡིང་ནས་མིག་ཆུ་ཡང་བཞུར་ལ་ཉེ་དུས།  ཨ་ཅེ་ཡིས་ངའི་འགྱིག་ལྷམ་ཆད་པོ་ཆ་དེ་མཆན་ལ་བཙིར་ཏེ་གྱོལ་མ་ལྡིང་གིས་ནང་དུ་འཛུལ་ཡོང་།ཨ་ཅེའི་གདོང་ལ་ཡང་ཞེད་སྣང་འདོམ་པ་གང་བསྣར་འདུག་ནའང་།ང་མཐོང་བའི་མོད་ལ་ཞེད་སྣང་མ་ལུས་འཛུམ་ཆུང་ཞིག་གིས་ཀུན་ནས་གཡོགས་བྱུང་།དེ་ནི་ངས་འགྱིག་ལྷམ་ཞབས་རྡོལ་དེ་ལས་མཐོང་བའི་ས་སྲོད་ཀྱི་ཉི་འོད་དང་འདྲ་བར།  ངའི་སེམས་ཀྱི་རི་བོ་གང་ཞིག་མཛེས་པར་སྤུད་སོང་།

ངའི་མིག་ནས་བརྡོལ་ལ་ཁད་ཀྱི་མིག་ཆུ་བཙན་གྱིས་མིག་ཀོང་དུ་བསྐྱིལ་ཅིང་།  ངས་ཨ་ཅེ་ལ“ཁྱོད་ཀྱི་རྐང་པར་ཅི་ཞིག་བྱུང་སོང”ཞེས་དྲིས་པ་ན།  ཨ་ཅེ་ཡིས་ཏབ་ཅིག་ལ་ཅི་ཡང་མི་ཟེར་བར་བསྡད་བྱུང་།དེ་ནས “ཅང་མ་རེད།  ངའི་སྒྱིད་པར་གློ་བུར་རྩ་འཐེན་ཞིག་བྱུང་སོང་། ད་ནི་སྐྱོན་མི་འདུག”ཟེར།

ད་ནི་ཕྱིར་འདང་ཞིག་བརྒྱབ་ན།མཚན་མོ་དེར་ཨ་ཅེ་ཡིས་ངའི་ལྷམ་ཆད་དེ་འཚོལ་བར་དཀའ་ལས་མང་པོ་མྱངས་ཡོད་པ་གདོན་མི་ཟ།  རྫིང་བུའི་ལོགས་ཀྱི་གྲོག་ཤུར་དེ་ནི་རྡོ་སྒང་ཞིག་ཡིན་པས།   ཨ་ཅེས་མཚན་མོ་དེར་མུན་ནག་ནང་ལག་སྙོབས་ག་ཚོད་ཅིག་བྱས་ནས་ལྷམ་ཆད་དེ་རྙེད་པ་སུ་ཡིས་ཤེས།  ངས་དེ་ལྟར་དྲན་པ་ན།   ད་རུང་ཡང་ཨ་ཅེ་ཡིས་རྡོ་སྒང་དེ་རུ་མུན་ནག་ནང་ལག་སྙོབ་བྱེད་པའི་གཟུགས་རིས་ཤིག་མིག་ལམ་དུ་འཁྱུག་ཙམ་འཁྱུག་ཙམ་བྱེད་ཅིང་། དེ་ནས་ཨ་ཅེ་རྡོ་སྒང་དེར་འགྱེལ་ནས་རྐང་པར་རྨ་བཟོས་ཤིང་། གོག་མ་ལངས་ཀྱིས་ལྷམ་བཟུང་སྟེ་ཡུལ་ལ་དབུགས་ཧལ་ཧལ་ངང་བརྒྱུགས་ཡོང་བའི་རྣམ་པ་ཞིག་ཀྱང་མངོན་སུམ་མིག་ལ་ཤར་བ་བཞིན་འཁོར་ཡོང་། 

དེ་ནི་རྟོགས་བཟོ་འབའ་ཞིག་མིན་ཏེ།ཉིན་གཉིས་གསུམ་གྱི་རྗེས་སུ་ངས་ཨ་ཅེའི་པུས་མགོར་རྨ་ཤུལ་ཆེན་པོ་ཞིག་བཏོད་ཡོད་པ་དངོས་སུ་མཐོང་བ་ཡིན།

ཡང་ཕྱི་དྲོ་ཞིག་ཡིན།

ཕྱི་དྲོ་དེར་ངས་འགྱིག་ལྷམ་ཆད་པོ་དེའི་ཁུང་བུ་ལས་སྡེ་འདབས་ཀྱི་ལམ་ཀྱོག་ཕྱོགས་སུ་ཅེར་སྡོད་དུས།ངའི་ལྷམ་གྱི་ཁུང་བུ་ལས་སྐྱ་ཤ་ལེར་འཐེན་པའི་ལམ་ཀྱོག་ཅིག་ཤར་བྱུང་།དེ་ནས་ལམ་ཀྱོག་སྟེང་དུ་བུད་མེད་ཅིག་འགུལ་བ་མངོན་བྱུང་།དེ་ནི་མགོ་རས་དམར་པོ་དཀྲིས་པའི་ཨ་ཅེ་གཡང་འཚོ་མིན་པར།  དེ་ནི་ངའི་ཨ་མ་རེད།  ཨ་མས་མགོ་རས་དཀར་པོ་ཞིག་དཀྲིས་ཤིང་ལམ་ཀྱོག་དེའི་སྟེང་ནས་འགུལ་ཙམ་འགུལ་ཙམ་བྱེད། ཨ་མ་དང་མཉམ་དུ་ད་དུང་སྡེ་བའི་ནང་གི་མི་འགའ་ཡང་འོང་བཞིན་འདུག་སྟེ།  ཁོ་ཚོས་ལམ་ཀྱོག་སྟེང་གི་ས་རྡུལ་དང་ཉི་ཟེར་རླུང་ཁར་གཅོལ་བཞིན་འོང་།  

ངས་མི་དེ་དག་གི་ཁྲོད་དུ་མིག་བཤེར་ཞིག་བྱས་པ་ན།མི་དེ་དག་གི་ཁྲོད་དུ་ངའི་ཨ་ཕ་མི་འདུག མི་དེ་དག་གི་ཁྲོད་དུ་ངའི་ཨ་ཕ་དངོས་གནས་མི་འདུགངས་ཡང་བསྐྱར་རེ་རེ་བཞིན་བལྟས་ཀྱང་ཨ་ཕའི་བ་སྤུས་ཁེངས་པའི་ངོ་གདོང་རིད་པོ་དེ་ངའི་འགྱིག་ལྷམ་གྱི་ཁུང་བུའི་ནང་མངོན་མ་བྱུང་།ཁོ་ཚོ་ང་དང་ཉེ་བར་ལྷགས་པ་ན།ངས་ལྷམ་གྱི་ཁུང་བུ་ལས་མཐོང་བའི་ཨ་མའི་གདོང་ནི་སེར་སྐག་སྐག་བྱེད་ཅིང་།དེ་ནི་ནུབ་ཁའི་ཉི་མ་དང་འདྲ་སྟེ། ངའི་ལྷམ་གྱི་ཁུང་བུ་ལས་གཡོ་ཙམ་གཡོ་ཙམ་བྱེད།ཨ་མའི་རྐོ་ལ་ལྷུང་བའི་མིག་ནང་དུ་མཆི་མ་གོར་རོ་རོ་འཁྱིལ་འདུག་ལ། ཨ་མས་ང་མཐོང་བའི་མོད་ལ་ཤེད་ཀྱིས་ངུས་བྱུང་བས།ཨ་མའི་མིག་ནང་གི་མཆི་མའང་རག་ལས་ཤོར་བའི་གཙང་བོ་ཞིག་དང་འདྲ་བར་མོའི་མཁུར་ཚོས་ཀྱི་གྲམ་གཞུང་དུ་བཞུར་བྱུང་། 

ཨ་མའི་ངུ་སྒྲས་དབེན་ཐང་ངེའི་རི་གྲོང་སྐྱ་བོ་དེ་ཡོངས་སུ་དཀྲོགས་སོང་།

གྲོ་ཞིང་ཁའི་རུ་ཁ་ཁྱིམ་མཚེས་ཀུན་དཀྲོགས་སོང་།

……

ལོ་དེའི་དབྱར་ཁ་ངའི་མཐིལ་བརྡོལ་བའི་འགྱིག་ལྷམ་གྱི་ཁུང་བུའི་ནང་ནས་དེ་ལྟར་བཞུར་སོང་།

ལོ་དེར། དབྱར་ཁ་དེར། ཡང་ན་ཕྱི་དྲོ་དེར།ངའི་མཐིལ་བརྡོལ་བའི་འགྱིག་ལྷམ་ལས་ཨ་ཕ་གཏན་ནས་མངོན་རྒྱུ་མ་བྱུང་།


※ནེ་ནེ་ནི་ཨ་མདོའི་སྐད་དུ་བྱིས་པའི་ཕོ་མཚན་ལ་འཇུག


微信截图_20190111152324.jpg

སྒོ་མེ་ཚེ་རིང་བཀྲ་ཤིས།  སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། མཚོ་ལྷོའི་ཁྲི་ཀའི་མི་ཡིན། སྒྲུང་གཏམ་པ། སྙན་ངག་པ། གསར་འགོད་པ། 《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན། འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།