ཀྲུང་གོ་བོད་ཀྱི་དྲ་བ།

བློན་པོ་གསེར་ཆེན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​རུས་པ།   སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཉིན་དེ་ནི་གཟའ་སྤེན་པ་རེད། ཏག་ཏག་ཉིན་དེར་ང་ལ་ལས་ཀ་ཅི་ཡང་མེད་པས་བདེ་སྐྱིད་ཐང་ལ་སྐོར་རྒྱག་ཏུ་སོང་བ་ཡིན།”

“མཆོད་མཇལ་དུ་སོང་ཞེས་ལབ་ན་འགྲིག”

“མིན། མིན། རང་དགར་སྐོར་བ་ཞིག་བྱེད་དུ་སོང་བ་ཡིན།”

“ཁྱེད་བཟི་བཞིན་པ་འདྲ།”

“དཔེ་མི་སྲིད། ཉིན་དེར་ངས་བློན་པོ་གསེར་ཆེན་ལ་ལྟ་དུས། སྣང་བ་ཞིག་ལ་བློན་པོ་གསེར་ཆེན་ངའི་ཉེ་གམ་ན་འདུག”

“ཧུ་ཧུ། ཁྱེད་དངོས་གནས་བཟི་བཞིན་འདུག ཡ། ད་ངེད་གཉིས་ཀྱི་འདས་ཟིན་པ་མི་གླེང་བར་བྱ། དེ་ལས་ཆང་འཐུང་ཞོར་དུ་མ་འོངས་པ་གླེང་ན་མི་སྐྱིད་དམ། ཤོག ངས་ཁྱེད་ལ་ཆང་སྐལ་ཞིག་འཇོག”

“འདས་ཟིན་པ་ཟེར་རམ། འོན་ཀྱང་བློན་པོ་གསེར་ཆེན་གམ་དུ་འདུག་པས་སྐབས་དེར་ང་རང་རི་རྩེ་ལ་ཐེངས་གཅིག་འཛེག་འདོད་སྐྱེས།”

“བལྟས་འོང་ན། བློན་པོ་གསེར་ཆེན་མ་གླེང་ཚེ། ངེད་གཉིས་ཀྱི་ཆང་ཚར་རྒྱུ་མ་རེད། ཁྱེད་ཀྱིས་ཤོད་དང་། བློན་པོ་གསེར་ཆེན་དངོས་གནས་ཁྱེད་ཀྱི་ཉེ་གམ་དུ་མཆིས་སམ།”

“ང་རང་ཇི་ལྟར་བསྐྱོད་ཀྱང་བློན་པོ་གསེར་ཆེན་ཐག་ཉེ་ནས་ཐག་རིང་ཐག་རིང་ཞིག་ཏུ་འགྲེང་འདུག ཨ་ཡོ་ཤུ།”

“ཧ་ཧ། རྐྱལ་སྟོང་། དེ་ལ་འཕྲུལ་སྣང་ཟེར། མ་རེད་མ་རེད། ཨུན། བསླུ་བྲིད་ཅེས་ལབ་ན་བདེ་བོ་འདུག གང་ལྟར་ད་ནི་ཁྱེད་ཀྱིས་ཕྱིར་དྲན་དེ་བསྐྱུར་ཞོག ངེད་གཉིས་ཀྱིས་མུ་མཐུད་དུ་ཆང་འཐུང་། ”

“ཕྱི་དྲོའི་དུས་སུ། ང་རང་གཞི་ནས་རི་འདབས་དང་ཅུང་ཉེ་སར་འབྱོར། ཐང་ཆད་གྲོད་པ་ལྟོགས་ཁ་ལྕེ་ཡང་ཧྲལ་འདུག་པས། ལམ་བར་ནས་ཕ་བོང་ཞིག་ལ་སྔས་ཏེ་ངལ་གསོས་པས་གཉིད་དུ་ཡུར་སོང་། ”

“ཤོབ་མ་གཏམ། ཆང་སྐལ་གསུམ་གྱིས་ཆད་པ་བཅད་ནི་ཡིན།”

“ངོ་མ་བཤད་པ་ཡིན། དོ་ནུབ་ལབ་གླེང་སྐྱིད་པོ་ཞིག་བྱས་ན་མི་ཆོག་གམ། ”

“ངས་ལབ་གླེང་མི་བྱེད་ཟེར་གྱིན་མེད། ཁྱེད་ཀྱི་མི་རོ་རྩེ་སྒྲུང་ལྟ་བུའི་གཏམ་རྒྱུད་དེར་ཉན་འདོད་ཡེ་མི་འདུག འོན་ཀྱང་། ཁྱེད་ལ་ཁ་ངོ་ཅུང་ཟད་བྱིན་ཆོག”

“ལུག་ཁྱུའི་འབའ་སྐད་ཀྱིས་ང་རང་གཉིད་ལས་བསླངས་པས། གློ་བུར་དུ་ངའི་ལྟག་རྒྱབ་ནས་མགོ་དཀྲིས་དམར་པོ་དཀྲིས་པའི་ལུག་རྫི་བུ་མོ་ཞིག་སླེབས་བྱུང་། ཁོ་མོས་མགོ་དཀྲིས་དམར་པོས་ངོ་གདོང་བཏུམས་ཏེ་མིག་ཟུང་གཉིས་མ་གཏོགས་ཅི་ཡང་མི་མཐོང་། ད་དུང་ལག་ཏུ་རྩིད་སྐུད་ཀྱིས་བསླེས་པའི་འུར་ཆ་ཞིག་ཐོགས་འདུག ང་རང་ལྟོགས་དྲགས་པས་ཁོ་མོར་བྲོ་ཞིག་བསླངས་པ་ན། ཁོ་མོས་རུམ་ནས་བག་ལེབ་ཕྱེད་ཀ་ཞིག་བཏོན་ནས་ང་ལ་བྱིན།ད་དུང་ཤར་ཕྱོགས་ཀྱི་ལུང་པའི་མཐིལ་ལ་སོང་དང་རྫ་ཆུ་ཡོད་ཟེར། ངས་ཁོ་མོར་བཀའ་དྲིན་ཞུ་རྒྱུ་ཡང་བརྗེད་དེ་རྒྱབ་ལ་ཅེར་ནས་ཡུན་རིང་བསྡད། ཁོ་མོའི་མགོ་དཀྲིས་ནས་རྐང་ལྷམ་ཡོད་ཚད་ཀྱི་ཁ་དོག་ཉམས་ནས་སྐྱ་ཐག་གེར་འདུག་པར་བལྟས་ན། བུ་མོ་དེ་ཉི་འོད་ལ་ལྡེས་ནས་ལོ་ངོ་མང་པོ་ཞིག་ལ་ལུག་རྫི་བྱས་མྱོང་བ་འདྲ།”

“གཏམ་རྒྱུད་ནང་དུ་བུད་མེད་ཡོད་ན་ཉན་མོས། མུ་མཐུད་དུ་ཤོད་དང་ངས་ཁྱེད་ལ་ཆང་འདྲེན།”

“བག་ལེབ་སྐམ་པོ་དེ་རྡོ་དང་འདྲ་བས། ངས་ཁོ་མོས་བསྟན་པའི་ལུང་པའི་ནང་རྫ་ཆུ་འཚོལ་དུ་སོང་བ་ཡིན། ལུང་པའི་ནང་དངོས་གནས་རྫ་ཆུ་ལྷུང་ལྷུང་འབབ་ཀྱིན་འདུག ང་རང་ཁ་སྦུབས་སུ་ཉལ་ནས་ཆུ་ཡིད་ཚིམས་པ་ཞིག་འཐུངས་རྗེས། བག་ལེབ་སྐམ་པོ་ཆུ་ནང་དུ་སྦངས་ནས་ཟོས། ད་དུང་ཡང་ལྟོགས་སྐོམ་མ་སོད་པ་འདྲ་བས་རྐང་ལྷམ་ཕུད་ནས་རྐང་པ་གཉིས་རྫ་ཆུའི་ནང་སྦོང་བཞིན་ཡང་བསྐྱར་བློན་པོ་གསེར་ཆེན་གྱི་ཕྱོགས་སུ་ཐེངས་གཅིག་བལྟས།”

“དེ་དུས། ཕལ་ཆེར་ས་སྲོད་དུ་སླེབས་ཡོད་པས་ཕྱིར་ལོག་ན་མི་བཟང་ངམ། ”

“ད་ནི་ཕྱིར་སློབ་གྲྭར་ཡང་བསླེབ་དཀའ་བས། གནས་སྐབས་སུ་དེ་ནས་ཟོག་པ་ཞིག་བཙལ་ནས་ཞག་འདུག་བྱེད་པ་ལས་ཐབས་བཀོད་གཞན་མ་རྙེད། ”

“ལྟས་ངན། ལུག་རྫི་བུ་མོ་དེ་འཚོལ་འདོད་པ་མ་ཡིན་ནམ། དེའི་རྗེས་ཀྱི་གཏམ་རྒྱུད་ཤོད་དང་ངས་ཁྱེད་ལ་ཆུ་ཞིག་བསྐོལ།”

“ངས་བུ་མོ་དེའི་ལུག་ཁྱུ་མཐོང་མི་ཐུབ་ཀྱང་། ལུག་ཁྱུ་གཤར་རྗེས་ཀྱི་རྡུལ་སྨུག་དཀར་པོ་དེའུ་འབུར་ཆུང་ཆུང་ཞིག་གི་ཕ་རོལ་ཏུ་འཚུབ་ཀྱིན་འདུག་པས། དེ་མ་ཐག་རྐང་ལྷམ་གྱོན་ནས་ཁ་ཕྱོགས་དེར་གཟས་ནས་བསྐྱོད། དེའུ་འབུར་དེའི་ཉག་ག་ནས་ལུག་ཁྱུ་ལྷས་ལ་བསྐྱིལ་འདུག་པ་མཐོང་ཐུབ། ང་རང་རྐང་འཇབ་ལག་འཇབ་ཀྱིས་ཟོག་པ་དེའི་སྒོ་ཁར་བཅར་ཡང་སྒོ་འགྲམ་ནས་ནང་དུ་བཏུད་མ་ཕོད་པར་ཡུན་རིང་འགོར། ཉི་མ་ནུབ་རིའི་རྩེ་ནས་ཡལ་ལ་ཉེ་བའི་སྒང་དེར་གསར་བུ་ཞིག་གིས་སློག་པ་གཡང་ལུགས་སུ་གྱོན་ནས་སྒོར་སླེབས་བྱུང་།”

“ཨ་ཙི། ད་ནི་ལམ་འགྲོ་མ་བྱུང་བ་རེད། ཁོས་ཅི་ཟེར། ཁྱེད་ཀྱི་ཐོད་པའི་སྟེང་གི་རྨ་མདུད་དེ་ཁོས་བཟོས་པ་ཡིན་ནམ། ཁོ་ལུག་རྫི་བུ་མོ་དེའི་ཁྱོ་ག་ཨེ་རེད། ཁོས་ཕལ་ཆེར་ཁྱེད་ཀྱི་བསམ་འདུན་ཤེས་ཡོད་སྲིད། ”

“ཝེ། ཁྱེད་འཚུབ་ཆ་ལངས་ནས་ཅི་བྱེད། དེ་དག་ཚང་མ་འདས་ཟིན་པ་རེད། ང་ལ་ཐ་མག་ཅིག་བྱིན།”

“འོ་ན། སྔོན་ཏག་ཏག་ལ་ཁྱེད་ཀྱིས་རི་ཆུང་དེའི་ཕ་རོལ་ཏུ་བུ་མོ་དེའི་ལུག་ཁྱུ་གཤར་བའི་རྡུལ་སྨུག་མཐོང་བྱུང་ཟེར་བ་མིན་ནམ། ཅིའི་ཕྱིར་གསར་བུ་ཞིག་ཏུ་གྱུར་སོང་བ་ཡིན། དངོས་གནས་ཧ་མི་གོ་གི།”

“དང་ཐོག་ང་ཡང་ཧ་ལས་མོད། གསར་བུ་དེས་བཤད་པ་ལྟར་ན། ལུང་པ་འདིའི་གཡས་གཡོན་ཀུན་ཏུ་ཁོའི་ཟོག་པ་གཅིག་པུ་མ་གཏོགས་མེད་པས། བུ་མོ་དེ་ལུག་རྫི་མིན་པར་བྲོས་མ་ཞིག་ཡིན་ཟེར། གསར་བུ་དེ་དངོས་གནས་མི་བཟང་གསེར་འདྲ་བ་ཞིག་རེད། ཁོས་ང་ལ་ཤ་བཙོས་པར་མ་ཟད་ད་དུང་ཆང་ཡང་བླུད་བྱུང་།”

“ཤ་ཡི་ཐོག་ལ་ཆང་། ངོ་མ་བསོད་བདེ་ཟེར་བ་རེད། ཁྱེད་ཀྱིས་དེ་ལྟར་བཤད་ན་ངའི་གྲོད་པ་ཡང་ལྟོགས་ཀྱིན་འདུག་པས། ང་ཕྱི་ལ་སོང་ནས་ལུག་ཤ་བསྲེགས་མ་ཞིག་ཉོས་འོང་ན་ག་འདྲ་རེད།”

“སྡོད་དང་། ཁོ་དངོས་གནས་རྒས་འདུག ཁོའི་མིང་ལ་བཀྲ་ཤིས་ཟེར་ཞིང་ངའི་དམའ་འབྲིང་སྐབས་ཀྱི་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་པར་མ་ཟད། ང་ཚོའི་འཛིན་གྲྭའི་སྐྱོར་དཔོན་ཡང་ཡིན།”

“ཁྱེད་གཉིས་སློབ་གྲོགས་ཡིན་ནམ། ད་ཉོག་ཐལ།”

“དམའ་འབྲིང་ལོ་རིམ་གསུམ་པའི་སློབ་སྐབས་རྗེས་མ་ནས་ཁོ་གར་སོང་ཆ་མེད་དུ་གྱུར་ནས་གཟའ་འཁོར་གཅིག་འདས་པས། བཀྲ་ཤིས་ཀྱི་གཉེན་ཉེ་ཚོ་ཡང་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་གྱི་གཞུང་ལས་ཁང་དུ་བརྒྱུགས་འོངས་ནས་གསོན་ན་མི་དང་ཤི་ན་རོ་སྤྲོད་དགོས་ཞེས་ཉོག་དྲ་མང་པོ་བསླངས་སོང་།”

“དེ་དུས་སྤྱིར་སློབ་གསོའི་གནས་བབ་སྡུག་པོ་ཡིན་པས། དེ་འདྲའི་གནས་ཚུལ་མི་འབྱུང་བའི་ངེས་པ་ལར་ནས་མེད། ང་ཚོའི་སྡེ་བའི་ནང་གི་བུ་མོ་ཞིག་ཀྱང་སློབ་སྦྱོང་གི་རྗེས་མ་ཆོད་པར་རང་ཤི་བརྒྱབ་སོང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན་དངོས་གནས་འདང་དཔག་དཀའ།”

“བསམ་ཡུལ་ལས་འདས་པ་ཞིག་ལ། ཟླ་གསུམ་གྱི་རྗེས་སུ་ཁོས་རྒྱ་སྲང་ན་ཤིང་རྟ་ཞིག་དེད་ནས་འགྲོ་བཞིན་པ་སློབ་གྲོགས་འགས་མཐོང་། ཁོ་ཚོ་དང་ཐོག་ཧ་ལས་སུ་བཅུག་པ་དང་རྗེས་སུ་ཁོ་ལ་ཅིའི་ཕྱིར་སློབ་སྦྱོང་མི་བྱེད་པར་ཤིང་རྟ་དེད་པ་ཡིན་ཞེས་དྲིས་ཚེ། ཁོས་སློབ་གྲྭའི་ནང་ཕོ་བ་མི་འགྲངས་པས་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་མི་འདུག ད་ལྟ་ཁོ་རང་འབྲོག་ཁྱིམ་ཞིག་ཏུ་མག་པར་བསྡད་ཡོད་པས་མ་མཐར་ཡང་ཕོ་བ་མི་འགྲངས་པའི་སྡུག་བསྔལ་མེད་ཅེས་བཤད་པ་རེད་ཟེར།”

“དེ་ཡང་བདེན་ཤ་སྟག་རེད།ལོ་རབས་བདུན་ཅུའི་རྗེས་ནས་སྐྱེས་པའི་རང་ཅག་ལ་མཚོན་ན།སློབ་ཆུང་ནས་དམའ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་བར་གྲོད་པ་ལྟོགས་པའི་སྡུག་བསྔལ་མྱངས་པ་རེད། མི་གང་ཡང་རུང་བ་ཞིག་གིས་ཁྱེད་ཀྱིས་སློབ་སྦྱོང་གི་འཚོ་བར་ཕྱིར་དྲན་གྱི་སྡོམ་ཚིག་ཅིག་ཞོག་ཅེས་ལབ་ཚེ། བདག་ལ་བཀྲེས་སྐོམ་ལས་གཞན་ལབ་རྒྱུ་མེད། ”

“རེད་ཡ། དེ་དུས་སློབ་གྲོགས་ཚང་མར་ཟས་ཡིག་ཚར་ཚེ་ཉི་མར་ལྡེ་རྒྱུའི་གོམས་སྲོལ་ཞིག་ཆགས་ཡོད་པ་མ་ཡིན་ནམ། དེ་ལས་ལྡོག་སྟེ་རང་ཁྱིམ་རྫོང་མཁར་དུ་ཡོད་པའི་སློབ་གྲོགས་ཚོའི་སྣང་བ་ཨ་སྔོན་དགུང་ཡིན། ཐ་ན་ང་ཚོས་རང་ཉིད་ཀྱི་ཉལ་ཆས་ཡོད་ཚད་ཀྱང་འཐེན་ཐུག་དཀར་ཡོལ་གང་ལ་བརྗེས་ཟིན། ཡིན་ནའང་། དེ་དུས་ཀྱི་སྣང་བ་ཤིན་ཏུ་སྐྱིད་པོ་འདྲ་འདུག ཤོག སྔོན་ལ་ཆང་ཞིག་འཐུང་རྗེས....... ”

“ཉིན་ཞིག་བཀྲ་ཤིས་མི་རྐྱང་གདོང་ག་ལ་ཕྱིན། རྒྱུ་མཚན་ནི་དེ་རུ་བོད་པ་མང་བའི་རྐྱེན་རེད། ཁོས་དང་ཐོག་གི་དམིགས་ཡུལ་ནི་ལུག་རྫིའི་ལས་ཀ་ཞིག་རག་ཨེ་ཐུབ་སྙམ་པ་དེ་ཡིན། གློ་བུར་དུ་ཁོའི་གཅིན་པ་སྦོས་ནས་འཆོར་ལ་ཁད་བྱས་པས་ཐད་ཀར་མི་དམངས་སྨན་ཁང་དུ་སྤྱོད་ཁང་འཚོལ་བར་ཕྱིན།

ཁོས་གསང་སྤྱོད་བྱས་རྗེས་ཕྱིར་སྨན་ཁང་གི་ལྷས་རར་ཐོན་མ་ཐག རྒྱ་སྐད་ཏོག་ཙམ་ཡང་མི་གོ་བའི་འབྲོག་པ་རྒད་པོ་ཞིག་གིས་སྦྲུམ་མ་ལྕི་མོ་ཞིག་བསྐྱོར་ནས་ཅི་བྱེད་ཆ་མ་འཚལ་བར་ལུས་འདུག་པ་མཐོང་སྐབས། ཁོས་མ་སྐུལ་དང་བླངས་ཀྱིས་ཁོ་གཉིས་ལ་ལོ་ཙཱ་བྱེད་རོགས་བྱས་ཏེ་བདེ་བླག་ངང་སྨན་ཁང་དུ་ཞག་སྡོད་བྱས་པ་དང་ཉིན་དེའི་མཚན་མོར་སྦྲུམ་མར་གཤག་བཅོས་བྱས་ཏེ་ཁོག་ནས་ཕྲུ་གུ་བླངས་ཤིང་མ་བུ་གཉིས་ཀྱང་བདེ་འཚམས་བྱུང་བས་ཁྱིམ་མིས་ཁོ་ལ་བཀའ་དྲིན་ཞུ་ཆེད་སྒོར་ལྔ་བཅུ་བྱིན་པ་རེད། ”

“དེ་དུས་ཀྱི་སྒོར་ལྔ་བཅུ་ད་ལྟའི་སྒོར་ལྔ་བརྒྱ་ཡིན་པས། མ་བསམས་ས་ནས་རྒྱུ་ཐོག་ལ་བརྒྱབ་བཞག ཧ་ཧ།”

“ཁོ་ཡང་སྨན་ཁང་དང་གྱེས་རྩིས་བྱ་སྐབས། རྒྱ་མི་སྨན་པ་ཞིག་འོངས་ནས་སྦྲུམ་མ་གཤག་བཅོས་བྱས་མ་ཐག་ཡིན་པས། དོན་དག་ཅི་འབྱུང་ལ་གདེང་ཚད་མེད་པས་རབ་ཡིན་ཚེ་རྒྱ་སྐད་རྒྱ་ཡིག་ཤེས་མཁན་ཞིག་སྡོད་དགོས་ཞེས་བཤད་པས་ཁོ་ཡང་མི་སྡོད་ཐབས་མེད་དུ་གྱུར་པ་རེད། དེ་ལྟར་ཕན་ཚུན་གླེང་མོལ་གྱི་ཁྲོད་ནས་སྦྲུམ་མའི་ཕྱོགས་ཀྱི་ཁྱིམ་མིས་གཞི་ནས་སློབ་གྲོགས་བཀྲ་ཤིས་ཀྱི་གནས་ཚུལ་རྟོགས་པ་དང་། ཏག་ཏག་ཁོ་ཚང་ལའང་ལུག་རྫི་ཞིག་མཁོ་བས་བཀྲ་ཤིས་ལུག་རྫི་བྱེད་པར་ཕྱོགས་གཉིས་རང་བཞིན་གྱིས་མོས་མཐུན་བྱུང་།”

“ཁྱེད་ཀྱི་འདས་ཟིན་པས་ང་ཉོབ་ཏུ་བཅུག་དང་ཐལ། འོན་ཀྱང་། གཏམ་རྒྱུད་ལ་ཉོག་དྲ་ལྡན་ཚེ་ཉན་སྤྲོ་བོ་འདུག ཡ་ཤོག ཆང་ཕོར་གཏུགས་དང་དེ་མིན་ཚེ་ང་གཉིད་རྒྱུ་ཡིན་པ་འདྲ། མུ་མཐུད་དུ་ཤོད།”

“བཀྲ་ཤིས་ཁྱིམ་ཚང་དེ་གའི་ལུག་རྫི་བྱས་ནས་ཟླ་གཅིག་འགོར་བ་ན། ཁྱིམ་བདག་ཨ་ཁུ་འཇམ་དཔལ་གྱི་བློར་བབས་པས་ཁོ་ཚང་གི་མག་པ་བྱས་ན་ག་འདྲ་འདུག་ཅེས་གྲོས་མགོ་བཏོན་པར་ཁོས་ཀྱང་མོས་མཐུན་བྱས་པ་རེད། དེ་ལྟར་ཁོ་རང་མག་པར་བསྡད་ནས་ལོ་གསུམ་པར་གཉེན་འཐོར་བྱས་པ་རེད། རྒྱུ་མཚན་ནི།བཀྲ་ཤིས་ཀྱི་ཆུང་མས་ཁོ་རང་ཁྱིམ་དུ་མེད་ཤུལ་ནས་སྐྱེས་པ་གཞན་གྱི་འདོད་བློ་སྐོང་བཞིན་ཡོད་པའི་གནས་ཚུལ་ཞིག་ཁོའི་གྲོགས་པོས་ངག་ལས་ཐོས་པས་ཁོ་རང་ཁོང་ཁྲོ་དང་ཐབས་ཟད་འུ་ཐུག་ཏུ་གྱུར་པ་རེད། དང་ཐོག་བུ་མོའི་ཕ་མ་གཉིས་ཀྱིས་ཁོ་ལ་ཞུ་བ་དང་ཁ་ཏ་ཡང་ཡང་བྱས་མཐར་རེ་ཞིག་མི་འཐོར་རྒྱུ་བྱས་མོད། ཁོའི་སེམས་སུ་དང་ཐོག་བུད་མེད་འདིར་འཕྲད་དུས་ཀྱང་ཕ་ངོ་མི་ཟིན་པའི་ཐང་བུ་ཞིག་སྐྱེས་སྲོལ་ལ་བལྟས་ན་ཁོ་མོར་ཆ་འཇོག་ཅི་ཡང་ཡོད་མི་སྲིད་སྙམ་པའི་དོགས་པ་གནོན་མི་ཚུགས་པ་ཞིག་སྐྱེས་པས་གཞི་ནས་སྔར་བཞིན་ཁོ་གཉིས་གཉེན་འཐོར་བྱས་པ་རེད།”

“ཁོ་རང་གཉེན་ཐོར་རྗེས། སྡེ་བའི་རྒན་པོ་བསམ་ཤེས་སྐོར་ཅིག་ཚོགས་ཏེ་གྲོས་ཁ་ཡང་ཡང་བསྡུར་རྗེས། ཁོ་ལ་ལུག་ལྔ་བཅུའི་འཚོ་སྐལ་བྱིན་པ་དང་ཁོས་ལུག་ལྔ་བཅུ་བོ་བཙོངས་རྗེས་མི་རྐྱང་གདོང་ག་ནས་ཐོག་མར་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་རེད། བལྟས་བལྟས་རིག་རིག་ལ་ཚོང་ལས་ཤིན་ཏུ་འཕེལ་བས་ཁོས་མི་རྐྱང་གདོང་གའི་སྡེ་ཆེན་རྩེད་ར་ནས་རང་དང་ས་ཕྱོགས་གཅིག་པའི་བུ་མོ་ཞིག་ཆུང་མར་བསུས་ཏེ་གཉེན་སྟོན་འོས་འཚམ་ཞིག་ཀྱང་བཤམས་པ་རེད།”

“ཁྱེད་ཀྱི་སློབ་གྲོགས་དེ་རིག་རྒོད་ཅིག་རེད། དེ་དུས་ནས་ཚོང་ལས་ཀྱི་མདུན་ལམ་རྟོགས་འདུག གལ་ཏེ་ང་ཡིན་ཚེ་སྔར་བཞིན་ཁྱིམ་དེར་མག་པར་བསྡད་ཡོད་སྲིད། ཡ་ཆང་དེའི་ཁ་ཕུད་དང་རྒྱ་མ་གཉིས་འཐུངས་ཚར་ཟིན། ད་ནི་རྒྱ་མ་གཅིག་མ་གཏོགས་ལྷག་མི་འདུག”

“ལོ་ཤས་འགོར་རྗེས། བཀྲ་ཤིས་བཟའ་ཟླ་གཉིས་ཀྱིས་ཚོང་ཁང་ཆུང་བ་དེ་གཞན་ལ་བཙོངས་རྗེས་རླངས་འཁོར་ཆེ་བ་ཞིག་ཉོས་ཏེ་མཚོ་སྔོན་ནས་ལྷ་སའི་བར་ཚོང་རྫས་སྐྱེལ་འདྲེན་གྱི་མགོ་བརྩམས་པ་རེད། ཚོང་ལས་བསམ་ཡུལ་ལས་འདས་པ་ཞིག་བྲིན་པས་ཆུང་མའི་བཀོད་འདོམས་ལ་བརྟེན་ནས་རླངས་འཁོར་ཆེ་བ་དེ་གཞན་ལ་བཙོངས་པ་དང་ལྷ་ས་དང་མཚོ་སྔོན་གཉིས་ནས་མགྲོན་ཁང་ཆུང་བ་གཉིས་གཉེར། དང་ཐོག་ཁོའི་ཆུང་མས་ལྷ་སའི་མགྲོན་ཁང་གཉེར་ཞིང་སློབ་གྲོགས་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་མགྲོན་ཁང་གཉེར་བ་རེད། ཆང་ཞིག་གཏུགས། བཤད་བཤད་ནས་ངའི་ཁ་ལྕེ་ཡང་ཧྲལ་འདུག”

“ཞབས་བཏགས་ཡིན་ནམ།”

“ངས་ག་དུས་ཁྱེད་ལ་རྫུན་ལབ་མྱོང་། ཤོག ཞབས་བཏགས།”

“ཕྱིར་དྲན་བྱས་ན་ཨེ་སྐྱིད་གི།”

“གང་ལྟར། ཆང་འདི་ལྟར་འཐུངས་ན་སྐྱིད་པོ་རེད།”

“ཀློའུ་རྒན། ད་ཁྱེད་བཟི་ཡོད་པ་འདྲ།”

“ད་ནི་བཀྲ་ཤིས་བཟའ་ཟླ་གཉིས་ཀྱིས་ངལ་གསོས་ཏེ་བུ་ཕྲུག་ཚོར་ཚོང་ལས་བསླབ་ནི་རེད།”

“ཁོ་གཉིས་ལ་བུ་ཕྲུག་ཡོད་པ་མ་རེད།”

“འོ། ཁྱིམ་ན་བུ་ཕྲུག་མེད་ཚེ་ཁྱིམ་དེ་སེར་ཀ་ཞིག་ཡིན་ཡ།”

“ཤོག ཡང་བསྐྱར་ཞབས་བཏགས་ཤིག་བྱ།”

“དེ་རིང་གི་ཆང་འདིར་བཟི་སྟོབས་མེད་པ་འདྲ།”

“དེ་ནི་ཆང་དུག་གཏམ་རྒྱུད་ཀྱིས་བཞིབས་སོང་བ་རེད། ངའི་གཅིན་པའང་སྦོས་འདུག གསན་འདོད་ན་གཅིན་པ་བཏང་རྗེས་མུ་མཐུད་དུ་བཤད་ཆོག”

“འོ། རེད། བཀྲ་ཤིས་ཀྱི་མགྲོན་ཁང་ནང་དུ་ཞབས་ཕྱི་མ་བཅུ་ཕྲག་ཅིག་ཡོད་ལ། དེ་དག་ལས་གསེར་མཚོ་ཟེར་བ་དེ་ནི་སྐྱེས་གཟུགས་ལེགས་ཤིང་རིག་པ་གྲུང་པོའི་བུ་མོ་མཛངས་མ་ཞིག་ཡིན་འདུག བཀྲ་ཤིས་ར་བཟི་བའི་མཚན་མོ་ཞིག་ལ། གསེར་མཚོས་བཀྲ་ཤིས་ལ་ཁ་པར་འོངས་ནས་ཁོ་མོར་རྗེས་ཕྱོགས་ཀྱི་མགྲོན་ཁང་གཉེར་སྟངས་ཐད་ནས་བསམ་ཚུལ་ཞིག་འདུག་ཅེས་ལབ།”

“བསམ་ཚུལ་ཉིན་དཀར་བཤད་ན་མི་ཆོག་གམ། བལྟས་འོང་ན་བུ་མོ་དེའི་དམིགས་ཡུལ་མི་བཟང་བ་འདྲ། ”

“དུས་དེར་བཀྲ་ཤིས་ཀྱང་ར་བཟི་ཡོད་ལ་མི་རྐྱང་ཡང་ཡིན་པས་ཁོ་མོ་རང་ཁྱིམ་དུ་བོས་པ་རེད། གསེར་མཚོ་བཀྲ་ཤིས་ཀྱི་ཁྱིམ་དུ་ཐོན་རྗེས་བསམ་ཚུལ་ཅི་ཡང་མི་གླེང་བར་སྒེག་ཉམས་སྟོན་བཞིན་ཁོ་ལ་ཆང་ཞིག་དྲངས།”

“ཡུད་ཙམ་ནས་གསེར་མཚོས་ཁང་པའི་ནང་ཤིན་ཏུ་དྲོན་པོ་འདུག་ཅེས་ཐོག་མར་སྟོད་ལྭ་ཕུད་པ་དང་། སྟོད་ལྭའི་འོག་ཏུ་གྱོན་པའི་ཚིལ་ལེན་དམར་པོ་ལས་སྲ་མཁྲེགས་ཀྱིས་མངོན་འོངས་པའི་ནུ་བུམ་གཉིས་བཀྲ་ཤིས་ཀྱི་པང་དུ་ལྷུང་ལ་ཁད་བྱས་པས་བཀྲ་ཤིས་ཀྱི་བཟི་ཡང་དྭངས་སོང་བ་རེད།”

“མིག་ལམ་དུ་གློག་བརྙན་བཞིན་འཆར་རྒྱུ་ཡོད་པ་ཞིག་འདུག་ཨང་། ག་རེ། ངེད་གཉིས་ཀྱིས་ཞབས་བཏགས་ཤིག་བྱ།”

“བཀྲ་ཤིས་ལ་གློ་བུར་དུ་ལུས་སེམས་གཉིས་ཀར་གནོན་མི་ཚུགས་པའི་ཟ་འཕྲུག་གམ་ཆགས་པ་ཚ་བེར་བ་ཞིག་རླུང་བཞིན་ལྡང་ནས་བསྲན་ཐབས་མེད་པ་ཞིག་བཟོས་ཀྱང་ཁོས་ཨམ་གཙིགས་བསྡམས་ནས་བསྡད། དུས་དེར། གསེར་མཚོས་ཅི་ཞིག་གི་དོན་རྟོགས་སོང་བ་ལྟར། ཉིན་འདི་ཚོར་ལས་ཀར་བྲེལ་བ་ཆེ་བས་ཁྲུས་ཡང་བརྒྱག་མ་ཐུབ། དོ་ནུབ་ཁྲུས་ཤིག་བྱ་དགོས་ཟེར་གྱིན་ཐད་ཀར་ཁྲུས་ཁང་དུ་བསྐྱོད།”

“ད་ནི་ལྟད་མོ་ཡོད་རྒྱུ་རེད། ”

“གསེར་མཚོས་ཁྲུས་ཁང་དུ་ཁྲུས་བྱེད་ཀྱིན་པའི་ཆུ་ཐིགས་ཀྱི་སྒྲ་ཡིས། བཀྲ་ཤིས་ཀྱི་སྣང་ངོར་ཁོ་མོའི་དཀར་ཞིང་རྒྱས་པའི་ནུ་བུམ་དང་དམར་ཞིང་མཐུག་པའི་མཆུ་སྒྲོས། ནག་ཅིང་འཁྱིལ་བའི་སྐྲ་ལོ། ད་དུངSདབྱིབས་ཀྱི་རྐེད་པ་དང་ཤིན་ཏུ་རྒྱགས་པའི་འཕོངས་ཚོས་སོགས་མིག་ལམ་དུ་ཅིག་ཅར་སྣང་བས་རྒྱུག་ཐེངས་གཅིག་གིས་ཁོ་མོ་པང་དུ་བཟུང་ན་སྙམ་ཡང་། ཆུང་མ་ཡིད་ལ་དྲན་མ་ཐག་མགོ་ཐོག་ཏུ་ཆུ་འཁྱག་ཟེའུ་གང་བྱོ་བ་ནང་བཞིན་འདར་སིག་ཅིག་མི་བརྒྱག་ཐབས་མེད་བྱུང་།”

“ངས་བསམས་ན། བུ་མོ་ཞིག་དང་ལུས་འབྲེལ་ཐེངས་གཅིག་བྱུང་བ་ནི་རྒྱུན་ལྡན་ཡིན་པས། གཙོ་བོ་གསེར་མཚོ་ཁོ་དང་མོས་མཐུན་བྱུང་ཚེ་དེར་ཐེ་ཚོམ་བྱེད་དོན་རྩ་བ་ནས་མེད་པ་འདྲ།”

“བཀྲ་ཤིས་མ་གཞི་ནས་བུད་མེད་ལ་འབྲེལ་ལམ་འཛུགས་རྒྱུར་སྤྲོ་བ་ཆེར་མེད་པས། སློབ་འབྲིང་གི་སྐབས་སུ་སློབ་གྲོགས་ཚོས་ཁོའི་མིང་ལ་དགེ་བཤེས་བཀྲ་ཤིས་ཞེས་འབོད་ཀྱིན་ཡོད། འོན་ཀྱང་། མཚན་མོ་དེར་ཁོར་ཆགས་པ་རྒྱས་ནས་ལུས་ཕུང་ཧྲིལ་པོ་ཚ་བེར་བེར་བཟོས།”

“ཧ་ཧ་ཧ། དེ་འདྲ་ཞིག་ད་ལྟའི་བར་དུ་ཐོས་མ་མྱོང་། བལྟས་འོངས་ན་ཁྱེད་ཀྱི་སློབ་གྲོགས་བཀྲ་ཤིས་ཐང་སིན་བླ་མ་ལྟ་བུ་ཞིག་ཡིན་ཡང་བདུད་མོ་གསེར་མཚོ་ཡི་གཡོ་ཐབས་ལ་བཟློག་ཐབས་ཡོད་རྒྱུ་མ་རེད།”

“ཁོས་བཤད་པ་ལྟར་ན། སྐབས་དེའི་ཆགས་སྲེད་དེ་ཆར་སྤྲིན་འཁྲིགས་པ་ནང་བཞིན་ལུས་ཀྱི་དོན་ལྔ་སྣོད་དྲུག་གང་རུང་ལས་དབུགས་བཞིན་སྦོས་འོངས་པས། ཁོར་ཐབས་བཀོད་ཟད་དེ་ཆ་སྒམ་ལས་ཆང་རག་རྒྱ་མ་གང་བླངས་ཏེ་ཧུབ་ཐེངས་ཁ་ཤས་ཀྱིས་རང་ཉིད་བཙན་གྱིས་བཟི་རུ་བཅུག་པ་ཡིན་ཟེར། ”

“བལྟས་འོངས་ན་ཁོར་ངོ་མ་གཏན་ཚུགས་འདུག གལ་ཏེ་ང་ཡིན་ཚེ་གསེར་མཚོ་ཁྱིམ་དུ་སླེབས་ནས་སྟོད་ལྭ་ཕུད་མ་ཐག་ནས་ལུས་འབྲེལ་བྱུང་ཡོད་པ་ཐག་གིས་ཆོད། ད་རེས་ཆང་འདི་ཞབས་བཏགས་མི་བྱེད། ང་གཅིག་པུས་བཏུང་འཇོག”

“ཞོགས་པར། བཀྲ་ཤིས་གཉིད་ལས་སད་མ་ཐག གསེར་མཚོ་ཉལ་ཁྲིའི་ཟུར་ག་ཞིག་ན་ངུ་བཞིན་འདུག ཁོས་གསེར་མཚོ་ལ་གནས་ཚུལ་ཅི་བྱུང་ཞིབ་ཏུ་དྲིས་པ་ན་ཁོ་མོས་མདང་ནུབ་ཁྱེད་ཀྱིས་ཁོ་མོར་བཙན་གཡེམ་བྱས་སོང་ཟེར།

“ཨ་ཙི། དེ་ནི་མ་གཞི་ནས་ཇུས་འགོད་ཞིབ་ཚགས་ལྡན་པའི་གཡོ་སྒྱུའི་བྱེད་ཐབས་ཁྱད་པར་བ་ཞིག་རེད་ཨང་། ད་ནི་མི་འདོད་བཞིན་དུ་གྱོད་དང་གྱོང་གི་གནོན་ཤུགས་ལྕི་མོ་ཞིག་ངོས་ལེན་མི་བྱེད་ཐབས་མེད་དུ་གྱུར་པ་མ་ཡིན་ནམ། ”

“བཀྲ་ཤིས་ཀྱིས་མི་འདོད་བཞིན་དུ་ཁོ་མོར་དགོངས་དག་ཅིག་ཞུས་རྗེས་སྒོར་ཁྲི་གཅིག་གིས་དོན་དེ་ས་ས་མལ་དང་རྡོ་རྡོ་མལ་བྱེད་རྩིས་བྱས་ཀྱང་། གསེར་མཚོས་ཁོ་མོ་ཅིས་ཀྱང་བཀྲ་ཤིས་ཀྱིས་ཆུང་མར་ལེན་དགོས། གལ་ཏེ་ཆུང་མར་མི་ལེན་པར་སྒོར་མོའི་སྐྱིན་ཚབ་གཞལ་རྒྱུ་ཟེར་ན་མ་མཐའ་ཡང་སྒོར་ཁྲི་བཅུ་ཡི་སྐྱིན་ཚབ་འཇལ་དགོས། དེ་མིན་ཚེ་ཐད་ཀར་སྤྱི་བདེ་ཅུས་ལ་གཏུག་བཤེར་བྱས་ཏེ་བཅའ་ཁྲིམས་ཀྱི་ཐག་གཅོད་ལ་བསྟུན་རྒྱུ་ཡིན་ཞེས་འཇིག་སྐུལ་བྱས།

“དངོས་གནས་མཚར་པོ་རེད་ཨང་། དེང་གི་དུས་འདིར་བུད་མེད་ཅིག་ལ་ལུས་འབྲེལ་ཐེངས་ཤིག་བྱེད་པར་ཤིན་ཏུ་གཟབ་དགོས་ཨང་། ད་རེས་གསེར་མཚོ་ཞེས་པའི་ཞབས་ཕྱི་མ་དེས་ཚོང་དཔོན་བཀྲ་ཤིས་ཉལ་སར་འཕངས་སོང་བ་མིན་ནམ། ཨ་ཡོ་ཤུ། ད་ནི་ནམ་ཡང་གསལ་ལ་ཉེ།”

“ཨོ་ལེ། གླེང་མོལ་གྱི་ཁྲོད་ནས་ངས་ནམ་གསལ་གྱིན་ཡོད་མེད་ཀྱང་བརྗེད་འདུག དོན་རྐྱེན་འདིའི་ཁྲོད་ད་དུང་ཡང་ཀྱག་ཀྱོག་གི་གཏམ་རྒྱུད་མང་པོ་ཞིག་ཡོད་ཀྱང་། མཇུག་འབྲས་ཁྱེད་ཀྱིས་གོང་ནས་ལུང་བསྟན་པ་ལྟར། གསེར་མཚོས་བཀྲ་ཤིས་བཟའ་ཟླ་གཉིས་ཁ་བྲལ་དུ་བཏང་བར་མ་ཟད། བཀྲ་ཤིས་ཀྱི་རྔུལ་ཁྲག་ལས་བསགས་པའི་སྒོར་མོ་ཁྲི་བཅུ་བོ་དེ་རང་གི་ཨམ་ཕྲག་ཏུ་བསྡུས་ནས་གྲོང་ཁྱེར་ཞིག་ལ་ཚོང་ལས་གཉེར་དུ་བུད་སོང་ཟེར།

“ཨ་ཤུ། འཚོ་བ་ནི་ཏག་ཏག་འཁྲབ་མི་ཚར་བའི་མུ་འབྲེལ་འཁྲབ་གཞུང་རིང་མོ་ཞིག་རེད་ཨང་། ད་ངས་གླེན་བཤད་མི་བྱེད། གང་ལྟར་ཁྱེད་ཀྱི་སློབ་གྲོགས་བཀྲ་ཤིས་འཁོར་འཁོར་ནས་ཡང་བསྐྱར་ལུག་རྫིར་གྱུར་སོང་བ་དེ་རེད།”

“མཚན་མོ་དེར། ངས་སློབ་གྲོགས་བཀྲ་ཤིས་ལ། དང་ཐོག་ངས་བདེ་སྐྱིད་ཐང་ནས་བློན་པོ་གསེར་ཆེན་ལ་ལྟ་དུས་བློན་པོ་གསེར་ཆེན་ངའི་ཉེ་གམ་ན་འདུག་མོད། སོང་གིན་སོང་གིན་ཧ་ཅང་རྒྱང་ཐག་རིང་བས་དེ་ནི་མིག་འཕྲུལ་ཁོ་ན་ཞིག་རེད་ཅེས་སྨྲས་པར། ཁོ་བདག་དང་རྒྱབ་ཀྱིས་ཕྱོགས་ནས་ཤུགས་རིང་ཞིག་འཐེན་རྗེས། སང་ཉིན་ཁྱེད་བློན་པོ་གསེར་ཆེན་གྱི་རི་རྩེར་བུད་དང་། རི་རྩེ་དེ་ནས་ཁྲི་ཤོར་རྒྱལ་མོར་བལྟས་ཚེ། མཚོ་རྒན་མ་དེ་ཡང་ཉེ་གམ་དུ་འཁྱིལ་བའི་སྣང་བ་ཞིག་སྟེར་ཀྱང་དེ་ཡང་འཕྲུལ་སྣང་འབའ་ཞིག་ཡིན”ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།