ལྷམ་ཆུང་།

1

རྒྱ་མཚོ་ནི་ནགས་ཚལ་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན། ད་ནི་སློབ་གྲྭས་དགུན་གནང་གཏོང་ལ་ཉེ། དགུན་གནང་གཏོང་ལ་ཉེ་བས། སློབ་གྲོགས་རྣམས་ཀྱི་གདོང་དུ་དགའ་སྤྲོའི་ཚོར་བ་ཀོར་རེ་འཁྱིལ་འདུག་ཅིང་། རྒྱ་མཚོ་ནི་སེམས་གཅོང་ངམ་ཅི་ཞིག་གིས་གདོང་ན་དགའ་སྤྲོའི་འཛུམ་མདངས་ཕར་ཞོག སྡུག་འདོམ་པ་གང་གིས་ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན་ཡོངས་སུ་བཟུང་འདུག རྒྱ་མཚོས་རང་ཉིད་ཀྱི་རྐང་གི་ལྷམ་དེར་ཐེངས་གཅིག་བལྟས་ཤིང་། ཅང་མ་འགོར་བར་ཡང་བསྐྱར་རྐང་གི་ལྷམ་དེར་ཐེངས་གཅིག་བལྟས་སོང་། རྐང་གི་ལྷམ་དེས་དབྱར་ཁ་གཉིས་དང་དགུན་ཁ་གཅིག་ལ་རང་ཁྱིམ་ནས་སློབ་གྲྭ་དང་། སློབ་གྲྭ་ནས་རང་ཁྱིམ་བར་དུ་རྒྱ་མཚོ་ལ་འགྲོ་རོགས་བྱས་མྱོང་།

2

སློབ་གྲྭས་དངོས་སུ་དགུན་གནང་བཏང་བྱུང་། སློབ་གྲོགས་རྣམས་ནི་དགའ་དགའ་སྤྲོ་སྤྲོའི་ངང་ཁྱུ་དང་ཁྱུ་བྱས་ཏེ་དར་ཤུད་སྟེག་ཏུ་འགྲོ་བ་དང་སྡོང་རའི་ནང་དུ་མེ་སྒོང་བྱེད་དུ་འགྲོ་བ། གཡུལ་ཁར་སྤོ་ལོ་རྩེ་རུ་འགྲོ་བ་སོགས་ལ་ཁ་འཆམ་ནས་སློབ་གྲྭའི་ར་སྐོར་ནི་དེ་མ་ཉིད་དུ་སྟོང་སིང་ངེར་སྣང་། རྒྱ་མཚོ་ནི་སློབ་གྲོགས་ཚོ་དང་ལྷན་དུ་རྩེད་འཇོར་རོལ་ཏུ་མ་སོང་ལ། སློབ་གྲོགས་གཞན་དག་ཚོ་དང་མཉམ་དུ་ཞིང་སྡེའི་སྲང་ལམ་བརྒྱུད་དེ་ཁྱིམ་དུ་ཡང་ལོག་མ་སོང་། རྒྱ་མཚོ་གཅིག་པུ་སློབ་གྲྭའི་རྒྱབ་ལོགས་སུ་ཡོད་པའི་རྐང་ལམ་དེད་དེ་རྣང་ཞིང་གི་ཕྱོགས་སུ་འགྲོ་བཞིན་འདུག ནུབ་ཁའི་ལྷག་ཟེར་གྱི་ཁྲོད་དུ་མིག་མངས་ཀྱི་དབྱིབས་སུ་མངོན་པའི་དགུན་གྱི་རྣང་ཞིང་རེ་རེ་ནི་སྐྱ་ཐེར་ཐེར་དུ་སྣང་ལ། དེ་ནི་ཨ་མས་བཀོལ་ཚར་བའི་འབར་ཞུན་གྱི་སྒམ་སྟོང་བ་མང་པོ་ཕྱོགས་གཅིག་ཏུ་སྤུངས་པ་དང་ཀུན་ནས་མཚུངས་ཤིང་། སུ་ཚང་གི་ཡིན་པ་མི་ཤེས་པའི་བ་གླང་འགའ་ཤས་ཀྱིས་སྐྱ་ཐེར་ཐེར་གྱི་རྣང་ཞིང་སྟེང་དུ་རྩྭ་སྐྱ་སྐམ་པོ་ཤུགས་ཀྱིས་བལྡད་ཀྱིན་འདུག བལྟས་ཀྱིན་བལྟས་ཀྱིན་དེ་ནི་རྒྱ་མཚོ་རྒྱུན་པར་རྩེ་རྒྱུར་དགའ་བའི་གྲོག་མའི་ཚོགས་ཀྱིས་འབར་ཞུན་གྱི་སྒམ་སྟོང་བའི་སྟེང་དུ་འདུར་རྒྱུག་བྱེད་པ་དང་དབྱེར་མ་མཆིས། རྒྱ་མཚོ་རྣང་ཞིང་གི་ཁྲོད་དུ་རང་དགར་འགྲོ་བཞིན་འདུག ཁོས་འབར་ཞུན་གྱི་སྒམ་སྟོང་བའི་སྟེང་དུ་འདུར་རྒྱུག་བྱེད་ཀྱིན་པའི་གྲོག་མའི་ཚོགས་ཤུགས་ཀྱིས་གཅིར་འདོད་པ་བཞིན། ཁོས་གོམ་པ་སྤོ་དུས་ཤུགས་ཀྱིས་ས་འདོལ་ནང་དུ་སྤོས་འགྲོ་ལ། མཚམས་ལན་རེར་ས་རྡོག་དང་འཕྲད་ཚེ་དགྲ་བོར་འཕྲད་པ་ནང་བཞིན་འགྲོ་ཞོར་དུ་རྡོག་པས་གཞུས་འགྲོ་ཞིང་། རྣང་ཞིང་སྟེང་གི་བ་གླང་དག་ནི་འབར་ཞུན་གྱི་སྒམ་སྟོང་བའི་སྟེང་གི་གྲོག་མ་མིན་པ་ཤེས་ཏེ། རང་གི་ཞེ་སྡང་རྣང་ཞིང་སྟེང་གི་ས་རྡོག་སྟེང་དུ་བཀོལ་བ་དང་མཚུངས། འགྲོ་བཞིན་འགྲོ་བཞིན་དུ། ཁོས་རྐང་གི་ལྷམ་ལ་ཐེངས་གཅིག་བལྟས་འགྲོ་ཞིང་། ལྷམ་གྱི་སྟེང་དུ་ས་རྡུལ་འགོས་ནས་བལྟར་མི་བཟོད་ནའང་། རྒྱ་མཚོས་དེར་དོ་སྣང་མི་བྱེད་པར་མ་ཟད། སེམས་སུ་ལྷམ་རལ་འདི་ད་དུང་མི་ཐེད་པ་ཅི་ཡིན་ནམ་འདོད་ཀྱིན་པ་འདྲ། “ཨ་བ་ཨ་མ། འདི་ད་རུང་སྲ་མོ་ཞིག་རེད”རྒྱ་མཚོ་ལ་ཅུང་ཁྲོ་ལངས་པ་འདྲ། རང་ཉིད་གཅིར་རྒྱུར་དགའ་བའི་གྲོག་མ་ཞིག་གི་ཚེ་སྲོག་དང་བསྡུར་ན་སྒོར་ཉི་ཤུ་བྱིན་པའི་ལྷམ་འདིའི་ཚེ་སྲོག་ནི་ཅི་འདྲའི་སྲ་མོ་ཞིག་རེད་ཨང་། རྒྱ་མཚོ་མུ་མཐུད་དུ་མདུན་ཕྱོགས་སུ་དམིགས་མེད་དུ་འགྲོ་བཞིན་འདུག

3

མཚམས་ཤིག་ལ་རྒྱ་མཚོས་མདུན་ཕྱོགས་ཀྱི་ཆུ་རྐའི་ནང་དུ་འཁྱག་དར་ཆགས་འདུག་པ་མཐོང་། རྒྱ་མཚོར་ཚམ་ཚོམ་ཅི་ཡང་མེད་པར་འཁྱག་དར་ཐོག་ཏུ་སོང་བ་དང་། ཆུ་རྐའི་ནང་གི་འཁྱག་དར་ནི་ཧ་ཅང་སྲ་མོར་ཆགས་འདུག་པས། རྒྱ་མཚོ་འཁྱག་དར་ཐོག་ཏུ་སོང་རུང་སྔར་བཞིན་སྲ་གཟུགས་ཀྱིས་ཉལ་འདུག གློ་རྡེག་ལ། རྒྱ་མཚོ་ཤུགས་ཀྱིས་གནམ་ལ་ལྡིང་སྟེ་འཁྱག་དར་ཐོག་ཏུ་མཆོངས་པ་དང་། རྐང་འོག་གི་འཁྱག་དར་ལ་སྔར་བཞིན་སྐྱོན་ཅི་ཡང་མ་བྱུང་། རྒྱ་མཚོ་ཡང་བསྐྱར་འཁྱག་དར་ཐོག་ཏུ་ལྡིང་བ་དང་། ཨེན་ཙམ་མིན་ན་འཁྱག་དར་ཐོག་ཏུ་འབབ་དུས་རྐང་འདྲེད་ཤོར་ནས་ཐང་ལ་འགྱེལ་སོང་། རྒྱ་མཚོ་ཡང་བསྐྱར་འཁྱག་དར་ཐོག་ཏུ་ལྡིང་བྱུང་། ཧྲག་སྒྲ་ཞིག་དང་ལྷན་དུ་རྐང་འོག་གི་འཁྱག་དར་ལ་སེར་ཁ་རིམ་གྱིས་གས་ཤིང་། སེར་ཁ་གས་སྟངས་ནི་མེ་ཏོག་གི་འདབ་མ་ཕྱོགས་བཞིར་གྲོལ་བ་ནང་བཞིན། རྒྱ་མཚོའི་ལུས་པོའི་ཤུགས་ཁེལ་སའི་གནས་དེ་ལྟེ་བ་བྱས་ཏེ་རིམ་གྱིས་ཕྱོགས་བཞིར་བརྐྱངས་བྱུང་། རྒྱ་མཚོའི་གདོང་ལ་རྒྱལ་ཁའི་ངང་ཞིག་རིམ་གྱིས་རྒྱས་ཤིང་།ཡང་བསྐྱར་ཤུགས་ཀྱིས་གནམ་ལ་ལྡིང་སྟེ་ལུས་པོའི་ཤེད་ཤུགས་དག་རྐང་འོག་གི་འཁྱག་དར་ཐོག་འཁེལ་དུ་བཅུག ཁྲོག་སྒྲ་ཞིག་དང་ལྷན་དུ། རྒྱ་མཚོའི་ལུས་པོ་འཁྱག་དར་ཐོག་ཏུ་བབས་ཤིང་། རྐང་པ་ཡ་གཅིག་ནི་རྐང་འོག་གི་འཁྱག་དར་གས་པ་དང་བསྟུན་འཁྱག་དར་ཞབས་སུ་ལྷུང་བ་དང་། རྒྱ་མཚོའི་ལུས་པོ་ཡང་དེ་མ་ཉིད་དུ་འཁྱག་དར་ཐོག་ཏུ་འགྱེལ་སོང་། “ཨ་བ་ཨ་མ”རྒྱ་མཚོ་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་རྐང་མཐིལ་ནས་རིམ་གྱིས་ལུས་ཡོངས་སུ་ཁྱབ་ཅིང་། དེ་མ་ཉིད་དུ་ཡར་ལངས་ཏེ་རྐང་པ་འཁྱག་དར་གྱི་ཞབས་ལས་ཕྱིར་འཐེན། རྐང་པ་ཡར་འཐེན་ནས་ལྟ་དུས། ལྷམ་ཡོངས་རློན་པ་བཟོས་འདུག་ཅིང་། ལྷམ་གྱི་ནང་ངོས་དང་རྐང་པའི་རྒྱ་ཚིགས་ནི་འཁྱག་དར་རྣོན་པོ་ཞིག་གིས་བྲད་དེ་ལྷམ་ནི་བརྟོལ་འདུག་པ་དང་། རྐང་པའི་རྒྱ་ཚིགས་ལ་སྐྱི་བཤུད་ཀྱང་བརྟོལ་འདུག རིམ་གྱིས་རྒྱ་མཚོའི་རྐང་པ་ལ་ཟུག་གཟེར་གྱི་ཚོར་བ་སྐྱེས་ཤིང་འཁྱག་སིབ་སིབ་ཀྱི་ཚོར་བ་དང་ལྷན་ཅིག་སྨྲ་མི་ཤེས་པའི་ཚོར་བ་ཞིག་ཏུ་གྱུར་སོང་། རྒྱ་མཚོས་ལྷམ་ཕུད་དེ་ལྟ་དུས། ལྷམ་ནི་འཁྱག་དར་གྱིས་བྲད་དེ་ཨི་ཁུང་ཆུང་ཆུང་ཞིག་བརྟོལ་འདུག་པ་དང་། རྒྱ་མཚོས་གོང་མཛུབ་ཀྱིས་ཨི་ཁུང་དེར་གཙགས་གཙགས་ལན་འགའ་བྱས་རྗེས། ལྷམ་ངོས་ཀྱི་ཨི་ཁུང་ནི་རྒྱ་མཚོའི་གོང་མཛུབ་ཆུད་པ་ཙམ་དུ་གྱུར་སོང་། འཁྱག་སིབ་སིབ་ཀྱི་ཚོར་བ་དེ་རིམ་གྱིས་ཚ་བེར་བེར་གྱི་ཚོར་བ་ཞིག་ཏུ་གྱུར་པ་དང་། རྒྱ་མཚོས་རྐང་འབོབ་ཀྱང་ཕུད་ནས་ལྟ་དུས། རྐང་པའི་རྒྱ་ཚིགས་ལ་སྐྱི་བཤུད་བརྟོལ་པ་ལས་ཁྲག་གི་གོང་བུ་འཛུམ་ཞིང་། ཁྲག་གི་ཐིགས་པ་གཅིག་རྒྱ་མཚོའི་རྐང་པའི་རྒྱ་ཚིགས་ལས་རིམ་གྱིས་མར་ཟགས་ཏེ་འཁྱག་དར་གས་པའི་བར་སྟོང་བརྒྱུད་ཆུ་ནང་དུ་ལྷུང་སོང་། དེ་ནི་རྒྱ་མཚོས་ཆུང་དུས་སུ་མང་དུ་བཟུང་མྱོང་བའི་ཆུ་འབུ་གློ་ཉལ་ཞིག་ཆུ་ནང་དུ་བསྐུངས་འདུག་པ་དང་ཀུན་ནས་མཚུངས། དེ་ནས། རྒྱ་མཚོ་ལོགས་སུ་བུད་དེ་རྣང་ཞིང་གི་ཞིང་ཚིགས་ཤིག་ཏུ་ཙོག་པུར་བསྡད་པ་དང་། ཅི་བྱེད་འདི་བྱེད་མ་ཤེས་པར་སྡོད་དུས་སུ། མདུན་ཕྱོགས་སུ་ཤེལ་གྱི་ཆག་རོ་ཞིག་འདུག་པ་མཐོང་བ་དང་། རྒྱ་མཚོས་ཡུད་ཙམ་ལ་ཤེལ་གྱི་ཆག་རོ་དེར་བལྟས་མཐར། ཚམ་ཚོམ་ཅི་ཡང་མེད་པར་ཤེལ་གྱི་ཆག་རོ་དེ་བླངས་ཏེ། ལྷམ་ཅིག་ཤོས་དེ་ལ་ཡང་ཨི་ཁུང་ཞིག་བརྟོལ་བ་དང་། ཨི་ཁུང་བརྟོལ་ཚར་རྗེས་སུ་ལྷམ་གཉི་གར་རེས་མོས་སུ་ལྟ་བཞིན་ཨི་ཁུང་ཕན་ཚུན་ཆེ་ཆུང་མེད་པ་ཞིག་འདུག་བསམས་ནས་རྒྱལ་ཁའི་འཛུམ་མདངས་ཤིག་རིམ་གྱིས་མངོན། 

4

ས་རུབ་ལ་ཉེ།རྒྱ་མཚོས་རང་ཉིད་ཁྱིམ་ལ་ལོག་དགོས་པ་ཚོར་ཞིང་།ད་དུང་སྐམ་ཐག་མ་ཆོད་པའི་ལྷམ་གྱོན་ཏེ་ཡུལ་ལ་ལོག་པའི་ལམ་དུ་ཞུགས།རྒྱ་མཚོ་སྡེ་འདབས་ཀྱི་གཞུང་ལམ་འགྲམ་དུ་ཐོན་དུས།རང་དང་སྡེ་བ་གཅིག་པའི་ཚེ་རིང་ཕུ་ནུ་གཉིས་གཞུང་ལམ་འགྲམ་དུ་ཙོག་སྟེ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་བལྟས་འདུག་པ་མཐོང་བ་དང་།ཚེ་རིང་ཕུ་ནུ་གཉིས་ཀྱིས་རྒྱ་མཚོ་མཐོང་བ་དང་ལྷན་ཅིག རྒྱ་མཚོའི་རྐང་ཡ་གཅིག་སྐམ་པོ་དང་ཡ་གཅིག་རློན་པ་ཡིན་པའི་ལྷམ་མཐོང་སྟེ།“རྒྱ་མཚོ།ཁྱོད་ཀྱི་ལྷམ་ལ་ཅི་བྱུང་སོང”ཟེར་བ་དང་། རྒྱ་མཚོས་རང་གི་རྐང་གི་ལྷམ་ལ་ལྟ་ཙམ་ཡང་མི་བྱེད་པར།“ཁྱོད་གཉིས་ད་དུང་ཁྱིམ་ལ་མི་ལོག་པར་ཅི་བྱེད”ཟེར། དེ་ནས། ཚེ་རིང་གི་ནུ་བོས་ཕུ་བོའི་ཁ་ནང་གི་སྐད་ཆ་འཕྲོག་པའི་ཚུལ་གྱིས“ངེད་ཚང་གི་ཨ་ཕ་དེ་རིང་རོང་བོ་ལ་རྒྱ་ལོའི་ཉོབ་ཆ①རྒྱག་ཏུ་བུད་སོང་། ཕུ་བོ་དང་ངེད་གཉིས་ལ་ཡུལ་སྐོར་ལྷམ་སྟེ་གོམ་པ་སོང་བ་དང་མཉམ་དུ་ལྷམ་གྱི་སྟེང་ནས་གློག་བཀར་བའི་ལྷམ་སོ་མ་རེ་ཉོ་ཡོང་ཟེར། དེ་བས། ཕུ་བོ་ངེད་གཉིས་ཀྱིས་ཨ་ཕ་ལ་བསྒུགས་ཡོད”ཅེས་ཟེར་བ་དང་། རྒྱ་མཚོས“འོ”ཞེས་པ་ལས་ངག་ལས་ཚིག་གཅིག་ཀྱང་མ་ཡོང་ཞིང་། རང་སྡེ་བའི་རྩེད་གྲོགས་གཉིས་ལ་འགྲོ་རྒྱུ་ཡིན་ཡང་མི་ཟེར་བར། སྡེ་བའི་དཀྱིལ་གྱི་ལམ་ཆེན་དེ་རུ་ཞུགས།

དོ་ནུབ་ཨ་ཕ་ཁྱིམ་དུ་ཡོད་དམ། ཁྱིམ་དུ་མེད་ཚེ་ནམ་གུང་ཆང་གིས་བད་དེ་ཡང་ཁྱིམ་ལ་ལོག་རྒྱུ་ཡིན་ནམ།ཁྱིམ་ལ་ལོག་སྟེ་ཡང་ཆང་སྐྱོན་བྱེད་རྒྱུ་ཡིན་ནམ།

མཚན་སྨག་གི་གཤོག་པས་རིམ་བཞིན་ནགས་ཚལ་སྡེ་བ་བཅུམ་པར་རྩོམ་དུས།དུད་ཁྱིམ་རེ་རེའི་ཡང་སྟེང་གི་དུད་ཁུང་ནང་དུ་དུ་བའི་ཀ་བ་རེ་བརྩེངས་འདུག་ཅིང་། རྒྱ་མཚོ་ནི་ནམ་རྒྱུན་དང་མི་འདྲ་བར་མི་བྲེལ་མི་དལ་ངང་རང་ཁྱིམ་གྱི་ཕྱོགས་སུ་འགྲོ་བཞིན་མཆིས།

5

  ཁྱིམ་དུ་ཐོན་དུས། རྒྱ་མཚོ་ཐོག་མར་སོང་ནས་རང་ཉིད་ཀྱི་རྐང་གི་ལྷམ་དེ་ཨ་ཕའི་དབྱར་ཁའི་འདྲུད་ལྷམ་ཧྲུལ་པོ་ཞིག་ཡོད་པ་དེར་བརྗེས་པ་དང་། དཔེ་ཁུག་རྒྱབ་ལས་ལེན་བཞིན་ཐད་ཀར་གོ་ཁར་སོང་། རྨོ་མོ་དང་ཨ་མ་གཉིས་ཀྱིས་ནུབ་འཚལ་འཐུང་བར་བསྒུགས་འདུག་ཅིང་། ཨ་ཕ་ཁྱིམ་དུ་མི་འདུག ཁྱིམ་གྱི་མཁའ་དབུགས་ནང་དུ་ཧ་ཅང་སྙིང་མི་བདེ་བའི་ཚོར་བ་ཞིག་གིས་ཀུན་ནས་ཁྱབ་འདུག

ནུབ་འཚལ་འཐུང་དུས་ཁྱིམ་མིའི་བར་དུ་ནམ་རྒྱུན་དང་འདྲ་བར་ཁ་བརྡ་མང་པོ་མེད་ཅིང་། རྨོ་མོ་དང་ཨ་མའི་གདོང་ཡོངས་གཟབ་ནན་ནམ་སེམས་ཁུར་གྱི་རྣམ་འགྱུར་ཞིག་གིས་ཡོངས་སུ་བཟུང་འདུག རྒྱ་མཚོའི་སེམས་དུའང་ཧ་ཅང་གསལ་པོ་ཡིན་ཏེ། དེ་བས་རྒྱ་མཚོས་ཀྱང་ནུབ་འཚལ་རེམ་མར་བཏུངས་རྗེས། ལྷམ་སྒོ་ཁ་ནས་ཕུད་རྗེས་མལ་ཁང་དུ་ལོག་སྟེ་ཐད་ཀར་མལ་ཐུལ་ནང་དུ་འཛུལ་བྱུང་།

6

ཚེས་ཉི་ཤུའི་ཟླ་འོད་ནི་བཅོ་ལྔའི་ཟླ་འོད་ལྟར་གསལ་པོ་ཞིག་མིན་རུང་། ཟོར་དབྱིབས་ཀྱི་གཟུགས་སུ་མངོན་པའི་ཟླ་བའི་འོག་ཏུ། ཁྱོད་ཀྱིས་ནགས་ཚལ་སྡེ་བའི་སྡེ་མགོ་རུ་ཆགས་པའི་རྒྱ་མཚོ་ཚང་མཐོང་ཐུབ་ཅིང་། རྒྱ་མཚོ་ཚང་གི་མལ་ཁང་ཕྱི་རུ་བཞག་པའི་ལྷམ་ཆུང་དེ་ཡང་མཐོང་ཐུབ། ལྷམ་ཆུང་དེའི་ཡ་གཅིག་རློན་པ་དང་ཡ་གཅིག་སྐམ་པོ་ཡིན་ལ། རློན་པ་ཡིན་པའི་ལྷམ་དེ་ནི་རྣང་ཞིང་དུ་ཆུ་འདྲེན་དུས་གྱོན་པ་ནང་བཞིན་འདམ་བག་གིས་ཡོངས་སུ་བརྫིས་ནས་སྦགས་འདུག་པ་དང་། ད་དུང་ལྷམ་ཆུང་ཆ་དེར་ཨི་ཁུང་ཆེ་ཆུང་མེད་པ་གཉིས་བརྟོལ་འདུག་ཅིང་། གསལ་ལ་མི་གསལ་བའི་ཟླ་འོད་ནི་ལྷམ་གྱི་ཆེ་ཆུང་མེད་པའི་ཨི་ཁུང་བརྒྱུད་དེ་ལྷམ་ཆུང་ནང་རོལ་ཏུ་མོག་པོར་འཕྲོས་འདུག

7

རྨི་ལམ་དུ། རྨོ་མོ་ལགས་ཀྱིས་རྒྱ་མཚོ་ལ། “རྒྱ་མཚོ། ལོ་གསར་རྒད་པོ་དགུ་རོང་ཁོག་ན་འོང་གིན་འདུག ད་ནི་མ་གཉིད་ཡར་ལོངས་དང་། ལྭ་ལྭ་སོ་མ②དང་ལྷམ་སོ་མ་གོན་ནས་ལོ་གསར་རྒད་པོ་བསུ་རུ་འགྲོ”ཟེར་གྱིན་པ་རེས་གསལ་རེས་མོག་གིས་ཐོས་ཤིང་། དེར་མཐུད་ནས། རྒྱ་མཚོས་ཀྱང་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་ལྭ་ལྭ་སོ་མ་དང་། ཨ་ཕས་ཉོས་ཡོང་བ་ཡིན་ཟེར་བའི་ཚོན་མདོག་གི་ལྷམ་སོ་མ་དེ་གྱོན་ཞིང་། ནགས་ཚལ་སྡེ་བའི་ལམ་ནང་དུ་རྒྱུག་མ་འདུར་གྱིས་ལོ་གསར་རྒད་པོ་བསུ་བཞིན་པ་རྨིས།

རྒྱ་མཚོས་ལྷམ་སོ་མ་གྱོན་ནས་ཞིང་གྲོང་འདིའི་སྲང་ལམ་ཐམས་ཅད་དང་། སློབ་གྲྭའི་གྲུ་ཟུར་གང་རུང་དུ་རང་གི་གོམ་པ་བཞག་ན་འདོད། ཁོས་ལྷམ་སོ་མ་གྱོན་ནས……

① རྒྱ་ལོའི་ཉོབ་ཆ། ལོ་གསར་ལ་མཁོ་བའི་དངོས་ཟོག་ཉོ་རུ་ཕྱིན་པ།

②ལྭ་ལྭ་སོ་མ། ཨ་མདོའི་ཁ་སྐད་དེ་གྱོན་གོས་གསར་བའི་དོན་དུ་འཇུག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།