ཀྲུང་གོ་བོད་ཀྱི་དྲ་བ།

“བར་འདུག”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀར་ལུང་པདྨ་རྡོ་རྗེ།   སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཝེ། རྡོ་རྗེ་ཡིན་ནམ།”

“ཡིན། ཁྱོད་སུ་ཡིན།”

“ང་མི་དམངས་ཁྲིམས་ཁང་གི་ཡིན།ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་ཡར་སྔོན་དུ་ཁྱོད་ངེས་པར་ངེད་ལས་ཁུངས་སུ་ཐོན་དགོས”ཕ་རོལ་བོས་སྐད་ཆ་དེ་བཤད་ཚར་རྗེས་རྒྱུ་མཚན་འདྲི་དབང་ཙམ་ཡང་མ་བྱུང་བར་ཁ་པར་གྱི་ཁ་གཏན་བྱུང་།སློབ་ཁྲིད་ལ་འགྲོ་གྲབས་བྱེད་ཀྱིན་པའི་རྡོ་རྗེའི་སེམས་པ་བློང་བློང་པོར་བཟོས་ཤིང་།མི་ལོ་སུམ་ཅུ་ལྷག་ལ་བུད་པའི་རིང་ལ་འདི་འདྲའི་བརྡ་ཞིག་འབྱོར་མ་མྱོང་བའི་ཁར་རང་གི་སྔོན་བྱས་ཀྱི་ལས་ཐམས་ཅད་ལ་ཕྱིར་དྲན་བྱས་ཀྱང་བཟའ་འཐོར་ཐེངས་ཤིག་བྱས་པ་ལས་ཁྲིམས་ཁང་དུ་འགྲོ་དགོས་པའི་སྒྲིག་འགལ་བྱས་མ་མྱོང་ལ།དེ་ཡང་བཟའ་ཟླའི་ཕན་ཚུན་བར་དུ་གྲོས་མོལ་བརྒྱུད་དེ་ཐག་བཅད་པ་ཡིན་པས་འགྲོ་ལུགས་ཙམ་བསྒྲུབས་པ་ལས་དེར་འགྲོ་དགོས་པའི་ཚད་དུ་ལྷུང་མེད་པས་སེམས་ཅུང་ཙམ་བདེ་ལ་བབས་བྱུང་མོད།སློབ་ཁང་དུ་སློབ་མ་ཚོར་གཞི་ནས་སློབ་ཁྲིད་ཡག་པོ་ཞིག་བྱེད་ཐབས་མ་བྱུང་།གློ་བུར་བའི་ཁ་པར་དེ་སེམས་ལ་དྲན་པ་ཙམ་གྱིས་འདང་རྒྱག་ནང་མི་ལྷུང་ག་མེད་བྱུང་།

“རེད།རེད།སྒྲིག་འགལ་གྱི་བྱ་བ་ཞིག་ལས་མ་མྱོང་།”ཁོས་ཡང་བསྐྱར་དེ་ལྟར་ཆིག་ལབ་ཅིག་བརྒྱབ་རྗེས་སེམས་སུ་ཁ་པར་བཏང་བ་ནོར་སོང་སྙམ་སྟེ་ཕྱི་དྲོར་བོས་པ་ལྟར་ཁྲིམས་ཁང་དུ་མ་སོང་།

“རྡོ་རྗེ།སྒོའི་ཕྱི་ན་ཁྲིམས་ཁང་གི་མི་སྣས་ཁྱོད་འབོད་ཀྱིན་འདུག”

ལས་གྲོགས་ཚེ་བརྟན་གྱི་སྐད་ཆ་དེ་ཐོས་རྗེས་ལས་བྱར་ཞིབ་དག་གནང་གིན་པའི་རྡོ་རྗེའི་སེམས་པ་ཡང་བསྐྱར་དངངས་པར་གྱུར་སོང་།

“ཡང་སྙིང་ཅི་ཞིག་བྱས་སོང”ཁོས་དེ་ལྟར་ཟེར་བཞིན་སློབ་གྲྭའི་ར་སྐོར་དུ་སོང་བ་ན་ལས་གོས་གྱོན་པའི་ཁྲིམས་ཁང་གི་མི་སྣ་གཉིས་ཀྱིས་ཁོར་བསྒུགས་འདུག་ཅིང་།ཁོ་མཐོང་མ་ཐག་ཏུ་ལག་རྟགས་བསྟན་རྗེས་ཁོ་ཚོས་བྱ་བར་རོགས་འདེགས་བྱེད་དགོས་ཟེར་ནས་ཁྲིད་སོང་།

“དགེ་རྒན་རྡོ་རྗེས་ཉེས་པ་ཅི་ཞིག་བསགས་སོང་ངམ།”

“དགེ་རྒན་རྡོ་རྗེ་ལ་ག་རེ་བྱུང་སོང་།”

“ཆུང་མས་བཟའ་འཐོར་གྱི་དོན་དེ་ཡང་བསྐྱར་ཞུ་གཏུག་བྱས་པ་ཨེ་ཡིན་ནམ།”

……

བྱིས་བློ་དྭངས་གཙང་མ་ཡལ་བའི་བྱིས་པ་དང་འཚོ་བའི་ཉམས་མྱོང་འཛོམས་པའི་ལས་གྲོགས་ཚོའི་ཚོད་དཔག་དང་འདྲེས་པའི་གཏམ་གླེང་དག་གིས་ཁོའི་ངོ་གདོང་དམར་པོར་བཟོས་ཤིང་ལྷག་པར་རང་གི་སློབ་མ་ཚོའི་མདུན་དུ་ཁྲིམས་འཛིན་མི་སྣས་འདི་ལྟར་ཁྲིད་པར་རང་ཉིད་དཔེ་ཁྲིད་མི་སྐྱོང་གི་ལས་ཀ་པ་ཞིག་ཡིན་པའི་ཆ་ནས་ཤིན་ཏུ་དོགས་མ་བདེ་བར་མ་ཟད།ཕྱི་དྲོ་བོས་པ་ལྟར་ཁ་རོག་གེར་མ་སོང་བ་ལ་ནོངས་འགྱོད་ཆེན་པོས་ཁེངས་སོང་།

“ཁྱོད་ལོ་ལྔའི་སྔོན་དུ་ཞིང་ལས་ཡིད་རྟོན་དངུལ་ཁང་དུ་དོན་གྲུབ་ཟེར་བའི་མི་ཞིག་གིས་དངུལ་བུན་བསྐྱིས་པའི‘བར་འདུག’བྱས་ཏེ་བསྐྱིས་དངུལ་ཕྱིར་སྤྲོད་པར་ཁག་ཐེག་བྱས་འདུག་པས།ཁྱོད་ཀྱིས་ང་ཚོའི་བྱ་བར་རྒྱབ་སྐྱོར་བྱས་ཏེ་ཁྲིམས་ལུགས་ཀྱི་འགན་འཁུར་དགོས་པར་མ་ཟད།གྱོད་དོན་འདིའི་མགོ་རྔ་ཆ་ཚང་ང་ཚོས་ཡིག་ཟིན་དུ་འགོད་དགོས།”

“དེ་སྔ་ས་ནས་སྤྲད་ཚར་བ་མིན་ནམ”ཁོས་ལོ་སྔོན་མར་དོན་གྲུབ་ཀྱིས་དངུལ་སྤྲད་ཟིན་པའི་ཁ་བརྡ་དེ་ཡིད་ལ་དྲན་ནས་གདེང་ཚོད་ཆེན་པོས་བཤད།

“ག་ལ་འདུག མིག་སྔའི་བར་དུ་མ་རྩ་དང་སྐྱེད་ཀ་གཉིས་དམངས་སྒོར་ཁྲི་ཉི་ཤུ་ལྷག་ལ་འཕར་འདུག ད་དུང་མི་གཞན་པ་འགའ་འང་འདུག ཁྱོད་ཚོ་དགེ་རྒན་མ་གཏོགས་དངུལ་ཁང་དུ་བར་འདུག་བྱེད་མཁན་ཞིག་གང་ན་ཡོད།”ཁྲིམས་འཛིན་མི་སྣ་ཞིག་གིས་དེ་ལྟར་བཤད་ཞོར་དུ་ཟིན་དེབ་ཅིག་བླངས་ཏེ་ཁོར་འདྲི་རྩད་བྱེད་མགོ་བརྩམས་བྱུང་།

“མིང་ལ་ཅི་ཟེར།ལོ་དུ།ལས་རིགས་ཅི་ཡིན།”

“རྡོ་རྗེ།ལོ་སོ་གཉིས།དགེ་རྒན་ཡིན།”

“དོན་གྲུབ་དང་ཁྱོད་གཉིས་ཀྱི་འབྲེལ་བ་ཅི།ཇི་ལྟར་ངོ་ཤེས་པ་ཡིན།”

“ཅུང་ཐག་རིང་བའི་ཤ་ཉེ་ཡིན།”

“ཁོས་སྒོར་བསྐྱི་དགོས་པའི་རྒྱུ་མཚན་ཅི་ཡིན།ཁྱོད་ཀྱིས‘བར་འདུག’བྱེད་དུས་རྗེས་ཕྱོགས་ཀྱི་མཇུག་འབྲས་ལ་བསམ་བློ་བཏང་མ་མྱོང་ངམ།”

“ཁོ་ནི་ཞིང་པ་ཞིག་ཡིན་པས་ཁྱིམ་གྱི་ཡོང་སྒོ་ཚང་མ་སྒོ་ཕྱི་རུ་སོང་སྟེ་གླ་རྒྱག་པ་སོགས་བྱས་ཏེ་བཙལ་བ་ཡིན་པ་དང་ཐེངས་དེར་དབྱར་རྩྭ་དགུན་འབུ་བརྐོ་བའི་ས་ཉོ་དགོས་པར་མ་རྩ་ཅི་ཡང་མི་འདུག་པས་ང་ལ་ཡང་ནས་ཡང་དུ་ཞུ་བ་བྱས་པར་གཅིག་ནས་ཤ་ཉེ་ཡིན་པའི་ངོ་མ་ཆོད་པ་དང་གཉིས་ནས་ཚང་མ་གཞུང་རྒྱུད་དྲང་བའི་བོད་པ་ཞིག་ཡིན་པས་ཁྲེལམེད་བྱ་མི་སྲིད་སྙམ་པ་བཅས་རྒྱུ་མཚན་དུ་བྱས་ནས་ཁས་བླངས་པ་ཡིན།”

“འོ་ན།སྒོར་བསྐྱིས་རྗེས་ཀྱི་ལོ་འདི་འགའི་རིང་ལ་ཁྱོད་ཀྱིས་ཁོ་མཐོང་མྱོང་ངམ།ཁོའི་ཚུགས་ཀར་བལྟས་ན་ག་འདྲ་འདུག”

“ཐེངས་འགར་མཐོང་མྱོང་ལ་མཉམ་དུ་བསྡད་ནས་ཁ་བརྡ་ཡང་བྱས་མྱོང་བར་མ་ཟད།ཁོས་བཤད་པ་ལྟར་ན་དངུལ་བུན་དེ་སྔ་ས་ནས་ཡོངས་སུ་སྤྲད་ཚར་བ་ཡིན་ཟེར།”

……

གྱོད་དོན་ཡིག་ཟིན་དུ་ཕབ་པའི་གོ་རིམ་བརྒྱུད་ཚར་རྗེས་རྡོ་རྗེས་སྔར་དོན་གྲུབ་ཀྱིས་སྒོར་བསྐྱི་དུས་བར་འདུག་བྱེད་པར་ཞུ་བ་བྱེད་པའི་རྣམ་པ་དང་སློབ་གྲྭ་ནས་ཁྲིམས་འཛིན་མི་སྣས་དོན་མེད་ངང་མི་གཞན་གྱི་དོན་དུ་ཁྲིད་ཡོང་དུས་ཀྱི་ངོ་ཚ་སོགས་བསམས་ནས་ཁོང་ཁྲོ་སྐྱེ་བཞིན་ཕྱིར་སློབ་གྲྭར་ལོག་ལ།ར་སྐོར་དུ་དགེ་སློབ་དག་གི་ཡ་མཚན་གྱི་མིག་ཟུང་གིས་ཁོར་ཅེར་འདུག

“རྡོ་རྗེ།ཁྱོད་ངའི་གཞུང་ལས་ཁང་དུ་ཤོག་དང”སློབ་གཙོ་བསམ་གྲུབ་ཀྱིས་དེ་ལྟར་བཤད་རྗེས་སྔོན་དུ་བུད་སོང་།

“ཁྱོད་ཀྱིས་ཅི་བྱས་ཡོད་ཀྱང་སྔ་ས་ནས་ཐག་གིས་བཅད་ན་འགྲིག ལྟོས་དང་།ཁྲིམས་འཛིན་མི་སྣ་འདི་ལྟར་ལས་ཁུངས་སུ་ཡོང་ན་དགེ་སློབ་ཚོར་ཤུགས་རྐྱེན་ངན་པ་ཐེབས་འགྲོ།”

“སློབ་གཙོ།ངས……”

“ད་ཆོག་གི མྱུར་མོར་ཐག་གིས་ཆོད།”སློབ་གཙོས་ཁོའི་ཚིག་མཚམས་བཅད་དེ་གཟབ་ནན་གྱིས་སྐད་ཆ་དེ་བཤད་རྗེས་སོང་ཆོག་པའི་བརྡ་བཏང་།

རྡོ་རྗེ་འདང་རྒྱག་གི་ནང་དུ་ལྷུང་སོང་།རང་ཉིད་ལ་ཁྲེལ་མེད་བྱས་པའི་ཤ་ཉེའམ་གྲོགས་པོ་དེའི་བྱ་སྤྱོད་ལ་ཁོང་ཁྲོ་སྐྱེས་ཤིང་།རང་ཉིད་མི་གཞི་དྲང་བ་དང་ཡིད་ཆེས་པར་སླ་བའི་གཤིས་ཀ་དེར་འཁང་ར་ཞིག་བྱེད་བཞིན་ཇི་ལྟར་ཐག་གཅོད་པར་བསམ་བློ་བཏང་། རང་ཉིད་ཀྱི་ཟླ་ཕོགས་ལས་ཕྱེད་ཀ་ཟླ་རེར་སྐྱིན་ཚབ་ཏུ་བྱིན་ཚེ་རྫོང་མཁར་འདིར་ཉོས་པའི་ཁང་རིན་གྱི་བསྐྱིས་དངུལ་སྤྲོད་ཐབས་བྲལ་ལ་ལྷག་པར་རང་ཉིད་ལ་མཚོན་ན་བྱིས་པ་སློབ་ཆེན་དུའང་འགྲོ་དགོས་པས་ཟླ་རེ་རེར་ཟླ་ཕོགས་ཀྱི་ཕྱེད་ཀ་འཚོ་བའི་ཁ་གསབ་ཏུ་བསྐུར་རྗེས་ཁང་རིན་སྤྲོད་ཐུབ་པ་ཏག་ཏག་ཡིན་པས་ད་འདི་ལྟར་གཞན་གྱི་ཚབ་ཏུ་དངུལ་བུན་སྤྲད་ན་དངོས་ནས་དཀའ་ཁག་ཆེན་པོ་ཞིག་ལ་འཕྲད་འདུག་པས་ཁོར་གཞི་ནས་དངངས་འཚབ་ཅིག་སྐྱེས་བྱུང་།

“རེད།ཁོའི་ཁྱིམ་མིར་ཁ་པར་གཏོང་དང་ངས་སྤྲོད་དགོས་པའི་ཚད་ལ་ལྷུང་མི་སྲིད།”ཁོས་དེ་ལྟར་བསམ་བཞིན་ཁ་པར་གཏོང་མགོ་བརྩམས།

“བདེ་མོ།ཁྱོད་དོན་གྲུབ་ཀྱི་ཆུང་མ་ཡིན་ནམ།ཁྱེད་ཚང་གི་དོན་གྲུབ་ཀྱིས་དངུལ་ཁང་ལ་དངུལ་བུན་བསྐྱིས་པ་དེ་ད་རུང་སྤྲད་མི་འདུག་པས།ཁྱེད་ཚང་གིས་མྱུར་བར་ཐབས་ཤིག་འཐེན་ཏེ་སྤྲོད་དགོ་རྒྱུ་རེད།དེ་མིན་ཚེ་ངའི་ཟླ་ཕོགས་ལས་འཐེན་འགྲོ།དེ་དུས་དངུལ་བསྐྱི་དུས་ཁྱོད་ཀྱང་ཡོད་པས་ངས་ཁྱོད་ལ་ཁ་པར་འདི་བཏང་བ་ཡིན།”

“འོ། ང་ཡིན།ཡིན་ཡང་ཁོ་གར་སོང་མི་ཤེས་པས་ང་ལའང་ཐབས་བཀོད་གཞན་མེད།དེ་བས་ང་ལ་དངུལ་བུན་སྤྲོད་པའི་ནུས་པ་མི་འདུག”

“དེ་ལྟར་བཤད་ག་ལ་རུང་།རང་གི་ཁྱོ་གས་སྒོར་བསྐྱིས་ན་ཁྱེད་ཚང་གིས་མི་སྤྲོད་པར་ངས་སྤྲོད་དགོས་པ་ཡིན་ནམ།དང་ཐོག་བཟང་སེམས་དྲན་ན་རྗེས་ནས་འདི་ལྟར་བྱེད་ག་ལ་རུང་།”

“ང་ལ་དངོས་ནས་ཐབས་བཀོད་མི་འདུག”ཁ་པར་གྱི་སྒོ་གཏན་བྱུང་།

“བདེ་མོ།ཁྱོད་དོན་གྲུབ་ཀྱི་ཨ་ཕ་ཡིན་ནམ།ཁྱེད་ཚང་གི་དོན་གྲུབ་ཀྱིས་དངུལ་ཁང་དུ་དངུལ་བུན་བསྐྱིས་པ་དེ་ད་རུང་སྤྲད་མི་འདུག་པས།ཁྱེད་ཚང་གི་ཐབས་བཀོད་ཅིག་འཐེན་ན་འགྲིག”

“དེར་ངེད་རྒན་རྒོན་གཉིས་ལ་ཐབས་བཀོད་མེད།”

“འོ་ན་ངས་སྐྱིན་ཚབ་འཇལ་དགོས་པ་ཨེ་རེད།”

“དེ་མི་ཤེས”ཡང་ཁ་པར་གྱི་སྒོ་ཁྲོག་གེར་གཏན་བྱུང་།

“ཝེ།བདེ་མོ།ཁྱོད་དོན་གྲུབ་ཀྱི་ཨ་ཅེ་ཡིན་ནམ། ཁྱེད་ཚང་གི་དོན་གྲུབ་ཀྱིས་དངུལ་ཁང་དུ་དངུལ་བུན་བསྐྱིས་པ་དེ་ད་རུང་སྤྲད་མི་འདུག་པས།ཁྱེད་ཚང་གི་བཟའ་མི་ཡོངས་ཀྱིས་ཐབས་བཀོད་ཅིག་འཐེན་ན་འགྲིག དེ་མིན་ཚེ་ངའི་ཟླ་ཕོགས་ལ་གནོད་པ་ཐེབས་ཏེ་ངའི་འཚོ་བར་བར་ཆད་བཟོས་འགྲོ།”

“འོ།རེད་རེད།དེ་ཁྱོད་ལའང་ཁག་མེད་མོད།ཡིན་ཡང་ང་ལའང་ཐབས་བཀོད་མེད་པས་དགོངས་པ་མ་ཚོམ”ཟེར་བཞིན་ཁ་པར་གྱི་སྒོ་གཏན་བྱུང་།

……

ལོ་གཅིག་འགོར་སོང་། ཁྲིམས་ཁང་གི་བཅད་ཁྲ་ཐོན་བྱུང་།རྡོ་རྗེས་འཚབ་འཚུབ་ངང་ལས་གྲོགས་རེ་རེར་སྒོར་སྐྱི་བཞིན་འདུག

མཚན་མོ་ཞིག་ལ་ཁ་པར་གྱི་འཕྲིན་ཕྲན་ལས་གྲོགས་པོ་ཞིག་གིས་འདྲ་པར་བསྐུར་བྱུང་།འདྲ་པར་དེ་ནི་ཁྱིམ་མི་ལྷན་འཛོམས་ཤིག་སྟེ་གཞི་རྒྱ་ཆེ་བའི་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་དོན་གྲུབ་བཟའ་ཚང་གང་པོས་བཟའ་བ་ཟས་ཀྱི་རི་རབ་བརྩིགས་ཤིང་བཏུང་བ་ཆུ་ཡི་མཚོ་མོ་བསྐྱིལ་ཏེ་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པ་ཞིག་རེད།ཚུལ་དེ་མཐོང་བས་གོ་རེ་དང་ཆུ་ཁོལ་དགོང་ཇའི་ཚབ་བྱེད་ཀྱིན་པའི་རྡོ་རྗེས་ཁ་པར་གྱི་དྲ་རྒྱ་ལས་ཁྲིམས་ལུགས་ཀྱི་ཤེས་བྱ་བཙལ་མགོ་བརྩམས་སོང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།