ཨ་ཁུ་ཐོད་པ་དང་ཁོའི་ཉིན་དེ་དག

གཅིག

ཨ་ཁུ་ཐོད་པ་ཟི་ལིང་མཁར་གྱི་སྨན་ཁང་ཞིག་གི་སྒོ་མདུན་ནས་དུས་ཚོད་གཉིས་གསུམ་ཙམ་ལ་ཙོག་རྗེས།ཁོས་མགོ་བོ་འཕྲེད་དུ་གཡུག་བཞིན“ཨ་ཨ།ཟི་ལིང་མཁར་ན་མི་མང་བ་ལ།དེའི་ནང་ནས་ཀྱང་སྨན་ཁང་ན་མི་མང་བ་ལ།དེའི་ནང་ནས་ཀྱང་ལྷག་ཏུ་བོད་པ་མང་བ་ལ།དཀོན་མཆོག་གསུམ་པོས་མཁྱེན།བལྟས་ཀྱིན་བལྟས་ཀྱིན་བོད་དག་གིས་ནད་པའི་སྐྱེ་བ་བླངས་པ་འདྲ།བོད་རྟེན་འབྲེལ་གྱི་བདག་པོ་ཡིན་ཟེར་ནི་རེད།ཕྱོགས་གཞན་ཞིག་གིས་འདང་བརྒྱབ་ན།ང་རང་གི་མིང་དང་འདྲ་བར་འདི་དག་ཀྱང་མི་རང་རང་གི་ལས་ཐོད་པ་ཡིན་ན་ཐང”ཟེར།

གཉིས།

ཨ་ཁུ་ཐོད་པ་སྨན་ཁང་དེར་ཁོ་ཚང་གི་ནད་པའི་ནད་གཡོག་བྱས་པར་ཡོང་ནས་ཉིན་ག་ཚོད་ཅིག་སོང་བ་ད་ལྟ་ཁོ་ལའང་གསལ་ཆ་མེད་དེ།སྨན་པས་བཤད་ན་ཁོ་ཚང་གི་ནད་པའི་ནད་ནི་ནད་གཞི་རྙིང་པ་ཞིག་རེད་ལ། ཅུང་ཙམ་ལྗིད་མོའི་གྲས་ཀྱང་རེད།ནད་པ་དང་ཁྱིམ་བདག་གང་ལ་ཡང་སེམས་ཤུགས་དང་རྒྱུ་ཤུགས་གང་ཐད་ནས་ཀྱང་གྲ་སྒྲིག་འཛོམས་པོ་ཞིག་དགོས་ཟེར་བ་ཡང་།མི་གཞན་ཞིག་གིས་རོགས་རམ་གྱི་ལོ་ཙཱ་དང་བསྟེན་ནས་ཨ་ཁུ་ཐོད་པས་ཤེས་པ་ཡིན་ལ།ཨ་ཁུ་ཐོད་པས་ངོ་གདོང་སྐྱ་ཞིང་རིད་ཅིང་ལག་གི་ཕྲེང་བ་ཟད་པོ་དེ་འདྲེན་བཞིན།“དཀོན་མཆོག་གསུམ་པོས་མཁྱེན།ད་རག་བར་དུ་ན་རྒྱུ་ཚ་རྒྱུ་ཅང་ཆེན་པོ་ཞིག་མེད།ད་ལོ་ཡང་གོད་ཆག་ཆེ་བའི་ལོ་ཞིག་རེད་འདུག ད་ནད་པས་དཀའ་གི་གདའ།ནད་གཡོག་གིས་ཀྱང་དཀའ་གི་ཡ”ཞེས་ནད་ཁང་གི་སྒོ་ཕྱི་ནས་རང་གིས་རང་ལ་ཁེར་བཤད་བྱས།

གསུམ།

ཉི་མ་རེ་རེར་ཨ་ཁུ་ཐོད་པས་སྨན་པ།ནད་གཡོག་མ་བཅས་ལ་གོ་བརྡ་འཕྲོད་མི་འཕྲོད་ཀྱི་བརྡ་ཞིག་སྤྲད་རྗེས།ནད་པའི་རྩ་ལམ་ནས་ཐིགས་པ་རེ་རེ་བཞིན་ལུས་ཡོངས་ལ་མཆེད་པའི་སྨན་ཁབ་དམ་བེ་རེ་རེར་ལྟ་བཞིན། ཨ་ཁུ་ཐོད་པས“སྨན་པ་གན་དང་ནད་གཡོག་མ་གན་བོད་ཅིག་ཡིན་པ་འདྲ།གན་ཚོས་བོད་སྐད་ཅིག་བཤད་བཏང་རྒྱུ་ན་ཆོག་ག ངས་ཀྱང་གོ་བརྡ་མི་འཕྲོད་པའི་སྡུག་འདི་རིག་དགོས་རྒྱུ་མ་རེད།ད་སྨན་ཁང་གི་སྒྲིག་ལམ་ཡིན་ན་ཡང་ཐང་།སྨན་ཁང་གི་སྒྲིག་ལམ་ལ་བོད་པ་སྨན་པའི་བོད་སྐད་བཤད་མི་ཆོག་ནའང་ཐང”ཞེས་དྲན་བཞིན།ཨག་སྒྲ་དང་ལག་བརྡ་འདྲེས་མས་སྨན་གཡོག་མར་སྨན་ཁབ་ཚར་བའི་བརྡ་བསྟན།

བཞི།

བོད་གླུ་སིང་སིང་ཞིག་སྨན་ཁང་གི་བར་ཁྱམས་ནས་གྲགས་བྱུང་ལ།དེའི་འཕྲོར“ཝེ།འུན་འུན།ནད་པ་ཇེ་དགའ་རེད།ངོ་མདངས་ཀྱང་ཕྱིར་སོས་འདུག སེམས་ཁུར་མ་བྱེད། སྨན་པས་བཤད་ན་ད་རུང་ཉིནའགའ་ལ་འདུག་དགོས་འདུག་ཟེར་གི ད་དྲག་ནི་རེད། ཁྱིམ་ལ་བདག་བྱོས། ཐབ་མདོ་དང་གློག་ལ་བདག་བྱོས། ཡ་ཡ་དེ་ན་དེ་བྱོས”ཞེས་པའི་སྐད་མགོ་ཅུང་མཐོ་ལ་འདར་བའི་ཁ་པར་གཏོང་བའི་སྐད་སྒྲ་ཞིག་གིས་སྨན་ཁང་གི་བར་ཁྱམས་ཡོངས་སུ་དར་ཅིག་ལ་ཁྱབ་སོང་ལ། ཁ་པར་བཏང་ཚར་རྗེས།ཨ་ཁུ་ཐོད་པས་གོམ་པ་ཁོ་ཚང་གི་ནད་པའི་ནད་ཁང་དུ་བསྒྱུར་ལ། ནད་པ་ད་དུང་ནད་ཁྲི་རུ་མིག་ཟུང་བཙུམས་ནས་གཉིད་ཡོད་པ་རིག་རྗེས། ཇ་ཕོར་ནང་ཆུ་ཁོལ་ག་ལེར་ལྡུག་བཞིན“ད་སྨན་ཁང་ལ་སྤྲད་པའི་དངུལ་སྒོར་ཡང་ཅི་ཙམ་སོང་བར་བལྟ་རན་འདུག་ལ། མདང་དགོང་དང་ད་ནངས་གཉིས་ཀར་དངུལ་སྒོར་ཅི་ཙམ་སོང་ཡོད་དམ”ཞེས་སེམས་ལ་འཚུབ་ཆ་ལངས་ཤིང་། སྨན་ཡིག་དང་ཁྱིམ་ཐོ། དངུལ་སྤྲད་འཛིན་ཡིག་སོགས་ཤོག་ལེབ་མང་པོ་བཅུག་ཡོད་པའི་ཁུག་མ་དེ་ཁ་ཕྱེས་ཏེ་སྨན་ཁང་དུ་མིང་ཐོ་འགོད་བྱེད་ཀྱི་བྱང་བུ་དེ་བཙལ།

ལྔ།

ཨ་ཁུ་ཐོད་པས་ཁ་ནས་མ་ཎི་འདོན་བཞིན་སེམས་ལ་ཕྱོགས་ཡར་མར་གང་མང་དྲན་བཞིན།སྐབས་ཤིག་ལ་ཁོས“རྒྱ་སོག་གིས་ཟླ་རེ་རེ་བཞིན་དང་ལོ་རེ་རེ་བཞིན་སྨན་ཁང་དུ་བརྒྱུགས་ནས་ལུས་པོར་བརྟག་དཔྱད་བྱས་པ་ལ་ཡང་རྒྱུ་མཚན་མེད་པ་མ་རེད། གལ་སྲིད་རང་ཅག་ལ་ཡང་དེ་ལྟ་བུའི་གོམས་གཤིས་ཤིག་ཡོད་རྒྱུ་ན། ཟི་ལིང་མཁར་གྱི་ནད་པ་མང་པོ་ཞིག་ཀྱང་བོད་པ་ཡིན་དགོས་རྒྱུ་མ་རེད།དེའི་ཐོག་བོད་པ་ཚོར་བྱུང་བའི་ནད་གཞི་དག་ཀྱང་ལྟོས་བཅས་ཀྱི་དེ་འདྲ་ལྗིད་མོ་ཞིག་ཀྱང་ཡིན་དགོས་རྒྱུ་མ་རེད།འུ་ཚོས་དུས་རྒྱུན་མི་ན་གི་མི་ཚ་གི་ཟེར་ནི་རེད། ནམ་ཞིག་ན་བཏང་དུས་ཚ་བཏང་དུས་ད་ཚད་ངེས་ཅན་ཞིག་ལ་སླེབས་འདུག”ཅེས་རང་གིས་རང་ལ་སེམས་ཀྱིས་སྡོམ་ཚིག་ཅིག་འགོད་བཞིན་རང་སེམས་ཀྱི་དྲན་ཚུལ་དེ་དག་སུ་ཞིག་ལ་བཤད་ས་ཡོད་རྒྱུ་ན་ཨང་སྙམ།

དྲུག

ཨ་ཁུ་ཐོད་པ་སྔར་བཞིན་སྨན་ཁང་གི་སྒོ་མདུན་དུ་ཙོག་ནས་ཡར་འགྲོ་མར་འགྲོ་ཡི་ནད་པ་དང་ནད་པའི་བདག་པོ་དག་ལ་བལྟས། མཚམས་རེར་མགོ་ལོག་གི་རེད་འདོད་པ་དང་མཚམས་རེར་ཡུལ་ཤུལ་ནས་རེད་འདོད་པའི་ནད་པ་དང་ནད་པའི་བདག་པོ་སོགས་མཐོང་དུས། ཁོའི་སྣང་བ་ཞིག་ལ་སྨན་ཁང་དེར་ཡོང་ཡོང་ཐམས་ཅད་བོད་པ་ཡིན་པ་ལྟ་བུའི་ཚོར་སྣང་ཞིག་གིས་ཡོངས་སུ་ཁེངས་ཏེ། སྐབས་སྐབས་སུ་ཧ་ཅང་རྒྱུས་ཡོད་རྒྱུས་ཡོད་འདྲ་བའི་དྲོད་ཁོལ་ཅིག་གིས་ཁོའི་སེམས་ལ་བྱིལ་བྱིལ་གནང་བྱུང་ལ། སྐབས་སྐབས་སུ་ཁོའི་སེམས་ཀྱི་གཏིང་རིམ་ལ་རང་གིས་ཀྱང་ཚོད་འཛིན་དཀའ་བའི་སྨྲེང་རྒྱུ་ཞིག་གིས་མིག་ཟུང་རབ་རིབ་ཏུ་འགྱུར་དགོས་བྱུང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།