ཀྲུང་གོ་བོད་ཀྱི་དྲ་བ།

བཀྲ་ཤིས་ཟླ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་དེའི་དབྱར་ཁར་བཀྲ་ཤིས་ཟླ་བའི་ཨ་མ་མི་འདོད་ནད་གདོན་གྱིས་དྲག་སྐྱེད་མ་བྱུང་བས་འཇིག་རྟེན་དཀར་ངོགས་འདི་དང་བྲལ། དེའི་རྗེས་སུ་ལོ་ན་དགུར་སོན་པའི་བཀྲ་ཤིས་ཟླ་བ་ཨ་མའི་ཡུལ་ཕྱོགས་དང་ཁ་བྲལ་ཏེ་ཨ་ཕའི་གམ་དུ་འཚོ་བ་མི་རོལ་ག་མེད་བྱུང་། བཀྲ་ཤིས་ཟླ་བའི་ལྟེ་ཕྲག་འཕོ་ས་བློན་ཆོས་སྡེ་བ་ཡིན་ལ། ལོ་ངོ་བརྒྱད་ཀྱི་རིང་དུ་སྡེ་བའི་ཕོ་མོ་རྒན་གཞོན་དང་ས་ཆུ་ནགས་གསུམ་ལ་འདྲིས་ལོབས་སུ་སོང་བས། རྒྱུན་པར་ན་མཉམ་བྱིས་པ་ཚོ་དང་ལྷན་དུ་སྡེ་མཐའི་སྡོང་ར་དང་གྲམ་པ། རི་སྒང་སོགས་སུ་རྩེད་དགོད་ཀྱི་ཡོ་ལང་རྒྱུན་མ་ཆད། འོན་ཏེ་ཁྱུང་མཁའ་ལྡིང་རྙི་ལ་འཛིན་ཐབས་མེད་པ་དང་། སྟག་དམར་ཡག་ཐག་པས་འདོགས་ཐབས་མེད་པའི་བློན་ཆོས་སྡེ་བར་མག་པར་ཡོང་བའི་བཀྲ་ཤིས་ཟླ་བའི་ཨ་ཕ་ཕྱིར་རང་ཡུལ་དུ་ལོག་སྟེ་ཡང་བསྐྱར་ཁྱིམ་ཐབ་ཞིག་འཚོལ་འདོད་སྐྱེས། ཟླ་ངོ་འགའི་རྗེས་སུ་བཀྲ་ཤིས་ཟླ་བའི་ཨ་ཕ་ཨ་སྐོང་སློབ་ཆུང་གི་དགེ་རྒན་དཔའ་མོ་འཚོ་དང་ལྐོག་འབྲེལ་གྱི་བརྩེ་དུང་ཆགས་པས། བཀྲ་ཤིས་ཟླ་བའི་ཨ་ཕྱིས་ཁོ་ལ་ཐེངས་མང་པོར་བུ་ཆུང་གི་མ་འོངས་འབྱུང་འགྱུར་བསམ་ན་ཆེས་མ་མཐའ་ཡང་སློབ་འབྲིང་མཐར་ཕྱིན་རག་བར་ངོ་ཚ་ཁྲེལ་མེད་ཀྱི་སྤྱོད་ངན་སྤངས་ཏེ་གཉེན་བསྐྱར་སྒྲིག་མི་བྱེད་པའི་ཁ་ཏ་སློབ་གསོ་ཐེངས་མང་བཏང་ཡང་སྤྱང་ཀིའི་རྣ་བར་ཆོས་བཤད་དང་རྒྱ་མཚོའི་ནང་དུ་རྡེའུ་འཕངས་པ་བཞིན་ངལ་བ་འབྲས་མེད་དུ་གྱུར།

ལོ་ན་དྲུག་བདུན་ཙམ་ཡིན་དུས་ཁོ་རང་རྒྱུན་པར་རང་གི་བརྩེ་བའི་ཨ་མ་དང་མཉམ་དུ་ལུས་དང་གྲིབ་མ་བཞིན། ཆུ་དང་ཉ་མོ་ལྟར་མཉམ་འགྲོགས་མཉམ་འདུག་བྱས་ཏེ་ཨ་མ་ས་གོམ་པ་གང་ལ་འགྲོ་ན་བུ་ཆུང་བཀྲ་ཤིས་ཟླ་བའང་ཨ་མའི་རྗེས་དེད་དེ་སྒོའི་ཕྱི་ནང་གི་ཙག་ཙིག་ལས་ཀ་སྒྲུབ་པའི་བར་གསེང་དུ་མཚར་སྣང་གི་བློས་ཡིད་ལ་དྲན་དྲན་དང་མིག་གིས་རིག་རིག་ཐམས་ཅད་རྒྱུ་མཚན་དུ་དྲངས་ནས་ཅིའི་ཕྱིར་ཞེས་ཨ་མ་ལ་དོགས་འདྲི་དང་གཏིང་འདྲི་བྱེད་རྒྱུར་དགའ་བོ་ཡོད། ཨ་མས་ཀྱང་སུན་སྣང་དང་ཚེགས་སྣང་གི་བློ་ཏིལ་ཙམ་ཡང་མ་སྐྱེས་པར་རང་གི་ནུས་ཚོད་ཀྱིས་བུ་ཆུང་ལ་གསལ་བཤད་དང་གནས་ལུགས་ཞིབ་བུར་བརྗོད། ད་ལྟ་ཁོ་རང་ལོ་དགུ་ལས་སོན་མེད་ན་ཡང་། དཀར་གསལ་ཟླ་བའི་གྲིབ་རིས་ཨ་སྔོན་དབྱིངས་སུ་གསལ་གྱི་ལེར་སྐར་ཚོགས་ཀྱི་བཀྲག་མདངས་འཚོ་བའི་མཚན་མོ་སླེབས་ཐེངས་རེར། ཁོ་རང་སྒེའུ་ཁུང་གྲུ་བཞིའི་འཁྲིས་སུ་གན་རྐྱལ་དུ་ཉལ་ཏེ་སྨྲ་བཅད་ངག་བསྡམས་ངང་སྟོང་འདང་དང་དྲན་སྣང་འདྲེས་མས་མཚན་མོའི་སྐར་ཚོགས་དབུས་ཀྱི་འོད་གོར་ཟླ་བར་ཅེར་བ་ན། མཚམས་རེར་ཨ་མའི་ཞལ་གཟུགས་དུང་ཟླ་ལས་གསལ་པོར་འཆར་བའི་འཕྲུལ་སྣང་བྱུང་ཞིང་། ལན་རེར་ཟླུམ་གཟུགས་དུང་ཟླ་ལས་ཨ་མའི་ཞལ་རས་རབ་རིབ་མག་མོག་ལས་ཅི་ཡང་མི་སྣང་བའི་ཚོར་བ་སྟེར། ཁོང་གིས་ཅི་མི་སྙམ་པར་གློ་བུར་ཡར་འགྲེང་སྟེ་ལག་པས་མིག་ཟུང་ཕུར་ཕུར་འགའ་བྱས་རྗེས་ཡང་བསྐྱར་མཁའ་དབྱིངས་སུ་བཏེགས་པའི་ཟླ་བའི་ཞལ་ཁྱིམ་ལ་ཡང་ཡང་ཅེར་བར་སྤྲིན་པ་གཡས་འཁྱིལ་མ་ལྟ་བུ་ཞིག་ལས་ཅི་ཡང་མ་མཐོང་། དེ་མུར་ཨ་ཐང་ཆད་པའི་ངང་མགོ་བོ་སྔས་ཐོག་ཏུ་ཅལ་སེར་འཕངས་ནས་དངན་པ་རིང་མོ་ཞིག་འཐེན་རྗེས་གཉིད་མི་ཡོང་ན་ཡང་མིག་ཟུང་བཙན་གྱིས་བཙུམ་ནས་གཉིད་ཀྱི་བདེ་བ་སྒུམ།

རྒྱ་ལོའི་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཕྱིར་ཨ་མའི་ཡུལ་ལ་ལོག་སྟེ་ཨ་ཕྱི་དང་ལྷན་དུ་ཕྱི་ཉིན་ཐིས་བ་དགོན་པའི་གྲྭ་འཆམ་ལ་ལྟ་རུ་འགྲོ་འདོད་སྐྱེས་ནས། ཁོས་སེམས་ཆུང་དང་བློ་ཕམ་གྱི་ཚུལ་གྱིས་ཨ་ཕ་ལ་བཀྲ་ཤིས་ཟླ་བ་ལྟེ་ཁྲག་འཕོ་སའི་རང་གི་དྲིན་ཆེན་མ་ལོའི་ཕ་ཡུལ་དུ་ཐེངས་ཤིག་ལོག་རྒྱུར་རེ་ཞུ་བྱས་པར། ཁོང་གི་ཨ་ཕས་ཁྱོད་ད་ལྟ་བློན་ཆོས་སྡེ་བར་སོང་ན་ངན་པ་འདྲེར་མི་དགོས། གོར་གྱོང་ཁྱིར་མི་དགོས་ཞེས་པ་ལྟར་གཉེན་ཉེ་འབྲེལ་སུ་ཡང་མེད་པས་འགྲོ་དགོས་དོན་ཅི་ཡོད། སང་ཉིན་ཨ་ཕ་དང་ལྷན་དུ་རྫོང་ཐོག་ལ་ལྟད་མོ་ལྟ་རུ་འགྲོ་དང་། རྫོང་མཁར་དུ་སྡེ་བ་སོ་སོའི་སྣ་ཚོགས་པའི་རྩེད་མོ་འགྲན་སྡུར་བྱེད་བཞིན་ཡོད་སྟབས་ངོ་མཚར་ལྟད་མོ་གྱ་ནོམ་པ་ཞིག་ཡོད་པ་ཐེ་མི་ཚོམ་ཞེས་ཐ་ཚིག་བསྒྲགས་ཏེ་བུ་ཆུང་བཀྲ་ཤིས་ཟླ་བའི་རེ་བའི་མེ་དཔུང་སྟེང་དུ་ཆུ་འཁྱག་ཟོ་གང་བླུགས་ཏེ་ཁ་མལ་དེ་ནས་བཅིལ་བ་རེད། ཁོའི་བརྩེ་ཞིང་དུང་བའི་དྲིན་ཆེན་མ་ལོ་འཇིག་རྟེན་དཀར་ངོགས་འདི་རུ་གནས་དུས། ལོ་རེའི་རྒྱ་ལོའི་ཚེས་བཅུ་བཞི་ཉིན་གྱི་ཐིས་བ་དགོན་པའི་གྲྭ་འཆམ་དང་ཕྱི་ཉིན་གྱི་ཚེས་པ་བཅོ་ལྔའི་རྟ་རྒྱུག་འགྲན་སྡུར་གྱི་ལྟད་མོ་དེ་གཉིས་ལ་བཀྲ་ཤིས་ཟླ་བའི་དྲན་ངོགས་སུ་ཐེངས་གཅིག་ཀྱང་ཆད་མ་མྱོང་བ་འདྲ་ཞིང་། ལྟད་མོར་འགྲོ་དུས་སུའང་རྒྱ་ལོའི་ལོ་སར་སྐབས་ཀྱི་ལོ་སར་ལེགས་སྐྱེས་ཏེ་ཀ་ར་དང་སིལ་ཏོག བ་དམ། ཉི་འབྲས་སོགས་མོད་པོ་ཞིག་ཆུ་ཁུག་ཆེན་པོ་ཞིག་ཏུ་བསྡུས་ཏེ་ཨ་མ་དང་ལྷན་དུ་དགའ་བའི་འཛུམ་ཆུང་བཏེགས་ཤིང་སྐྱིད་པའི་སྣང་བ་ཁྱེར་ནས་ངོ་མཚར་ཡིད་འཕྲོག་གི་ལྟད་མོར་ཆས་པ་ཨ་ན་མ་ན་ཁ་སང་བྱུང་བའི་དོན་དག་བཞིན་ཁོའི་སེམས་དབུས་སུ་གསལ་གྱི་ལེར་མངོན། ཡིན་ན་ཡང་། ད་ལྟ་ཨ་མའི་ཡུལ་ཕྱོགས་སུ་འགྲོ་འདོད་སྐྱེས་པའི་བུ་ཆུང་གི་སེམས་ཀྱི་རྦ་རླབས་ཇེ་མཐོ་དང་འགྲོ་འདོད་ཀྱི་འདུན་པའི་མེ་ལྕེ་ཇེ་ཆེར་སོང་སྟེ་ཨུ་ཚུགས་མཐར་སྐྱེལ།

ཚེས་པ་བཅུ་གསུམ་གྱི་མཚན་མོ་དེར་བཀྲ་ཤིས་ཟླ་བ་མལ་དུ་ཉལ་ན་ཡང་རྒྱུན་ལྡན་ལྟར་གཉིད་ཞིམ་པོ་ཞིག་གཏན་ནས་མ་ཁུག

ཆུང་འདྲིས་བག་ཆགས་ཀྱི་རྐྱེན་པས་རི་མོ་འབྲི་ལ་མོས་པའི་བཀྲ་ཤིས་ཟླ་བས་ལྷོད་གཡེང་བྱེད་སའི་སྒེའུ་ཁུང་གམ་གྱི་ཅོག་ཙེ་གཅིག་དང་རྐུབ་སྟེགས་ཤིག་བཞག་ཡོད་པ་དེ་སྤྱད་ནས་དེའི་དུས་ཨ་མས་ཉོས་པའི་ཞ་སྨྱུག་དང་རི་མོ་འབྲི་བྱེད་ཀྱི་དེབ་རྙིང་ཧྲུལ་དེ་གཉིས་ཡར་བསྒྲུགས་ཏེ། ལྟེབས་ཆགས་ཤོར་བའི་ཤོག་བུ་སྙོམ་པོར་བཏིང་ནས་རི་མོ་འབྲི་མགོ་བརྩམས།

རི་མོ་མ་བྲིས་པའི་ཡར་སྔོན་ལ། ཁོས་རང་གི་ལོབས་ཕྱོགས་ལྟར་དུ་སྒེའུ་ཁུང་ལས་ཐུར་དུ་དཔྱངས་པའི་དཀར་གསལ་གྱི་དུང་ཟླར་ཐེངས་ཤིག་བལྟས་ནས་ཡང་བསྐྱར་རང་གི་ཡུམ་ཆེན་གྱི་ཞལ་རས་ཨེ་མངོན་དུ་མིག་གིས་ཕུར་ཚུགས་སུ་བལྟས་ནས་ཡུན་རིང་དུ་བསྡད་ཀྱང་། རེ་འབྲས་མ་སྨིན་པས་ཁོས་སྔམ་པ་ཡང་མོ་ཞིག་ཕྱུང་རྗེས་སྟེགས་བུའི་མདུན་དུ་ཙོག་པུར་བསྡད་དེ་ཐོག་མར་ཤོག་བུའི་ངོས་སུ་གོར་ཞིང་ཟླུམ་པའི་ཟླ་གཟུགས་ཀྱི་དབྱིབས་ཤིག་བྲིས་ཤིང་། དེ་ནས་རིམ་བཞིན་སྐར་ཆེན་ལྟ་བུའི་མིག་ཟུང་དང་བྱ་རྒོད་ཀྱི་གཤོག་རུ་བརྐྱངས་འདྲའི་སྨིན་མ། གཟེངས་མཐོ་བའི་སྣ། བིམ་པའི་མཆུ་སྒྲོས། རྒྱ་ལྕང་ལྟ་བུའི་སྐྲ་ལོ་བཅས་བསམ་གཞིག་ཞིབ་མོ་དང་མཉམ་དུ་ཐོགས་རྡུགས་མེད་པར་བྲིས་ཚར། བུ་ཆུང་བཀྲ་ཤིས་ཟླ་བས་བྲིས་ཚར་བའི་རི་མོའི་ཤོག་ལྷེ་དེ་ལག་པ་གཉིས་ཀྱིས་མིག་མདུན་དུ་ཡར་བཀྱགས་ནས་ཡང་བསྐྱར་དངན་པ་ཡང་མོ་ཞིག་བཏོན་ཏེ། སྙིང་གི་འཕར་སྒྲའང་རྒྱུན་ལྡན་མིན་པ་ལྟར་སྣང་ཞིང་ལྷག་པར་རེ་ཆད་དང་སྡུག་ཡུས་མངོན་པའི་སྐྱོ་ཉམས་ཀྱི་མིག་མདངས་ལས་མྱུར་བ་མྱུར་བར་ཨ་མར་མཇལ་རྒྱུ་བྱུང་ན་སྙམ་པའི་རེ་ལྟོས་དང་སང་ཉིན་ཨ་མའི་ཚབ་ཏུ་ཨ་ཕྱི་དང་མཉམ་དུ་ཐིས་བ་དགོན་པའི་གྲྭ་འཆམ་ལ་ལྟ་རུ་འགྲོ་འདོད་ཀྱི་སེམས་ཤུགས་དྲག་ཏུ་འཕྱུར་བའང་ཚོར་ཐུབ། ཁོས་དཀར་སིང་ངེར་མངོན་པའི་སྒེའུ་ཁུང་ལ་བལྟས་པར། སྒེའུ་ཁུང་གི་ཤེལ་སྒོའི་ཟླ་འོད་ལས་གསལ་ལ་མི་གསལ་བའི་གྲིབ་གཟུགས་ཤིག་མངོན་ལ། ཁོས་དེ་ནི་རང་གི་ཨ་མ་ཡིན་པར་འཆར་སྣང་བྱས་པ་ན། ཨ་མ་རང་གི་མིག་མདུན་དུ་ཡོད་པ་ལྟར་སྣང་། བཀྲ་ཤིས་ཟླ་བའི་ཨ་མ་ནི་ཤ་རིད་ཅིང་གཟུགས་ཐུང་བའི་ཨ་མ་སྡུག་རུས་ཅན་ཞིག་ཡིན་ཞིང་། རྒྱུན་དུ་བྱ་ལས་གང་སྒྲུབ་ཀྱང་འཛུམ་དམུལ་དམུལ་གྱིས་གདོང་གཏོད་མཁན་ཞིག་ཡིན། ཉིན་མོར་རྟག་ཏུ་སྒོ་ཁ་ཕྱི་ནང་དང་ཟོག་ར། ཐབ་ཚང་བཅས་སུ་ཡར་འདུར་མར་འདུར་སྒོས་ལས་ཀའི་གསེང་དུ་ཁོམ་ལོང་ཨེན་ཙམ་ཡང་མེད་ཅིང་། དགོང་མོར་སླེབས་པ་ན། མོས་དགོང་བསང་གཏོང་བ་དང་མཆོད་མེའི་ཞལ་ཕྱེ་བ། ཁྱི་ལ་ལྟོ་ལྡུད་པ། དགོང་རྩྭ་འཕེན་པ། དཀར་ཅ་བཀྲུ་བ་སོགས་རྫོགས་རྒྱུ་མེད་པའི་ཙག་ཙིག་གི་ལས་ཀའི་ཁྲོད་ནས་གོམ་པ་མཚམས་མེད་དུ་བསྒྱུར་བ་ཨ་མ་མཛངས་མ་ཞིག་གི་ཁྱད་ཆོས་རང་བཞིན་དུ་གྲུབ་ཡོད།

ད་ལྟ། ཨ་མ་རྒྱ་སྒོ་ཁ་རུ་ལངས་ནས་མིག་ཟིམ་མེར་སྡེ་བའི་དཀྱིལ་གྱི་སྡོང་རྒན་རྩེར་འོད་ལམ་མེར་འཕྲོ་བའི་ཕྱོགས་ལ་བལྟས་འདུག་པ་ཁོ་ཐག་ཡིན། ཁོས་ལན་གཉིས་བསླས་པའི་སྐྲ་ལོ་སྐེད་ལ་བཏགས་ཤིང་། ཕྲེང་གོག་ཟད་པོ་མཐེ་བོང་དང་གོང་མཛུབ་བར་ནས་གཏོང་ལེན་བྱེད་ཞོར་མ་ཎི་ཡིག་དྲུག་ཆད་མེད་དུ་ཟློ་བཞིན་ཕྱི་རོལ་ནས་གྲང་ངར་ཅི་འདྲའི་ཆེ་ཡང་ལུས་འཁུམ་པའི་ཉམས་སྣང་མེད་པར་ཕྲག་པ་གྱེན་དུ་བསླངས་ཤིང་བརྟན་བརླིང་བཀན་ཀྱིག་གེར་འགྲེང་ཡོད་པ་ཁོ་ཐག་ཡིན།

གྲང་ངར་ཤིན་ཏུ་ཆེ་ལ། རླུང་བུ་ཕྲན་ཙམ་དལ་མེད་དུ་གཡུག་བཞིན་པའི་ནམ་ཟླ་དེ་ལྟ་བུ་ཞིག་གི་འོག་ཏུ། ནམ་མཁའི་དབྱིངས་སུ་སྤྲོ་སྣང་གི་མིག་ཟུང་བར་མེད་དུ་རྡེབ་པའི་སྐར་མ་ཐང་མར་བརྡལ་ཞིང་། དགུ་ཚིགས་མངོན་པར་གསལ་བ་དེ་ནི་རྒྱ་ལོའི་ལོ་སར་དུས་ཆེན་ལ་ཆེད་དུ་བསྒྲོན་པའི་དྭངས་གཙང་གི་ཡུལ་ལྗོངས་ཤིག་ཏུ་གྲུབ་ཡོད།

བཀྲ་ཤིས་ཟླ་བས་དབུགས་རིང་ཞིག་ཕྱུང་རྗེས། ལག་པས་སྨྱུ་གུ་དམ་པོར་བཟུང་ནས་མུ་མཐུད་དུ་ཨ་མ་ཡིན་ཡིན་འདྲ་བའི་རི་མོ་དེའི་མཐའ་རྒྱན་དུ་ཡུལ་ལྗོངས་ཤིག་འབྲི་བར་བརྩམས་པ་ན། ཁོའི་ཡིད་ལ་གློ་བུར་དུ་འདས་དོན་འདི་འདྲ་ཞིག་འཆར་བྱུང་བ་སྟེ། རྒྱུན་པར་སླེ་བོ་ཁུར་ནས་ཨ་མ་དང་ལྷན་དུ་བདེ་སྐྱིད་ཐང་ལ་ཨོང་བ་འཐུ་རུ་འགྲོ་བའི་སྣང་ཚུལ་དེ་ཤར་ཞིང་། འཁྱགས་ཧྲེང་དུ་གྱུར་པའི་ནགས་ཀླུང་གིས་ཙག་སྒྲ་འབྱིན་པ་དང་། ཤང་ཤང་བཞུར་བའི་གྲམ་གཞུང་གི་ཆུ་བོས་གླུ་ཆུང་ལེན་པ། སྔ་མོར་ལངས་པའི་སྐྱ་ཀ་ཁྲ་མོས་ཅག་ཅག་གི་སློང་བརྡ་གཏོང་བའི་སྐབས་གླགས་དེར་མ་བུ་གཉིས་ཀ་སྡེ་བའི་རྐང་ལམ་ཕྲ་མོར་ཞུགས་ཏེ་ཤར་རེར་བསྐྱོད་ཅིང་། ལམ་སྐེད་དུ་མོས་བཀྲ་ཤིས་ཟླ་བར་དམངས་གླུ་ལེན་སྲོལ་ཁྲིད་པ་དང་། ལྷག་པར་གླུ་ཚིག་སྟབས་བདེ་ཞིག་གླུ་བ་རྡོ་རྗེ་ཚེ་བརྟན་གྱི་མདོ་བའི་ཞང་ཆུང་གི་འགུག་ལུགས་རྙིང་བ་དེའི་ནང་དུ་ཇིལྟར་འཇོག་སྲོལ་ལ་ཡང་ཡང་བསྐྱར་ཟློས་བྱས་ནས་བྱང་ཆུབ་རག་བར་དུ་ཁྲིད་སྟོན་བྱེད་པ་རེད། ལན་རེར་གླུ་ལེན་སྟངས་མ་འགྲིག་ཚེ་བཀྲ་ཤིས་ཟླ་བ་ལ་ཀུ་རེ་བརྩེས་ནས་དགོད་ཁའང་སློང་བ་རེད། གོམ་ཆུང་ཕྲ་མོས་ཡུན་རིང་པོ་ཞིག་བརྟོལ་ནས་བདེ་སྐྱིད་ཐང་གི་ཐང་སྨད་དུ་སླེབས་ཁར་བྱིའུ་ཆུང་མང་པོ་མཁའ་དབྱིངས་སུ་འཕུར་ནས་ཀྱུར་ཀྱུར་གྱི་སྐད་སྙན་སྒྲོག་ཅིང་། རྒྱུས་མེད་མགྲོན་པོ་ཞིག་གི་རྣ་བའི་ཐོས་ཚོད་དུ་བྱིའུ་ཆུང་གི་གསུང་སྐད་སྙན་མོས་ཨ་མ་དང་ཁོ་གཉིས་ཀྱི་སང་སིང་གི་གླུ་སྐད་ལ་ཅོ་འདྲི་བ་ལྟ་བུའི་ངེས་ཤེས་གསལ་པོར་འདྲོངས་པ་རེད། ཕྱིར་འདང་རེ་བརྒྱབ་ན་དེ་ནི་ཅི་འདྲའི་སྤྲོ་སྐྱིད་ལྡན་པ་ཞིག་རེད་ཨང་།

བཀྲ་ཤིས་ཟླ་བས་དྲི་ཞིམ་ཞིང་བྲོ་བ་ལྡན་པའི་འདས་དོན་དེར་རོལ་མྱོང་བྱེད་ཞོར་མིག་མཐར་མཆི་མ་འཁོར་ནས་མཆི་མའི་དོག་པ་རེ་འགའ་མཁུར་མགོ་ནས་ཚམ་ཚོམ་བྲལ་བར་ས་རུ་ཟགས་པ་ན། བཀྲ་ཤིས་ཟླ་བར་གྲོགས་མེད་ཁེར་རྐྱང་ཡིན་པའི་སྨྲ་མི་ཤེས་པའི་ཚོར་བ་སྐྱེས་ཤིང་བརྗོད་ཐབས་བྲལ་བའི་སྡུག་བསྔལ་ཞིག་གིས་རབ་ཏུ་མནན་པའི་སྣང་བའང་ཞོར་དུ་སྦྱིན།

དྲན་གདུང་དང་ཕྱི་མིག་འཕེན་པའི་སྐྱོ་ཡུས་ཀྱི་བར་གསེང་དེ་ནས་ཁོས་བདེ་ཞིང་སྐྱིད་པའི་རེ་སྨོན་ཞིག་སེམས་སུ་བསྒོམས་ནས་རང་དབང་མེད་པར་མགོ་བོ་ཅོག་ཙེའི་སྟེང་དུ་བཞག་ནས་གཉིད་དུ་ཡུར་སོང་། ཁོས་རྨི་ལམ་དུ་དྲོད་ལམ་ལམ་གྱི་ཨ་མའི་ཕྱག་ཟུང་ལ་དམ་དུ་སྦྲེལ་ཏེ་འཛུམ་མདངས་མེ་ཏོག་འདྲ་བ་ཞིག་བཞད་ནས་ཐིས་བ་དགོན་པའི་ཕྱོགས་སུ་སྐྱོད་ཀྱིན་ཡོད་ལ། བཀྲ་ཤིས་ཟླ་བས་བྲིས་པའི་རི་མོ་མཛེས་པོ་དེ་ཨ་མས་ཕྱག་ཟུང་གིས་ཡར་ལ་བཏེགས་ནས་མིག་མདུན་དུ་གཏད་དེ་དགའ་བའི་ཁོང་འཛུམ་ཤོར་ཞོར་བཀྲ་ཤིས་ཟླ་བའི་མགོ་ལ་བྱམས་བརྩེའི་བྱིལ་བྱིལ་བགྱིད་པ་རྨིས་སོང་།

ཁོ་རང་གཉིད་ལས་སད་དུས། ཉི་མ་གཞོན་ནུ་དབང་ཕྱོགས་རི་རྩེ་ནས་ཐག་ཚད་ཅིག་ཤར་འདུག བཀྲ་ཤིས་ཟླ་བས་གློ་བུར་དུ་ལོབས་ཕྱོགས་ལྟར་མགོ་བོ་འཕྲེད་དུ་འཁོར་བ་ན། མལ་ཁྲིའི་མཐའ་རུ་ཨ་ཕས་རྩུབ་ཅིང་གཟན་པའི་སྔུར་བ་མཚམས་མེད་དུ་འཐེན་བཞིན་པ་རིག་ཅིང་། རྒྱུས་ཟབ་མོ་མེད་འདྲའི་ཁང་པའི་ནང་གི་ཅ་ཀ་རྣམས་ཀྱི་སྟེང་དུ་ས་རྡུལ་རིམ་པ་ཞིག་ཆགས་ནས་བག་འཁུམ་མེར་སྡོད་པའི་སྣང་བ་ཞིག་ཀྱང་འཆར་རོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།