ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་འོད་འོག་གི་ཟློས་གར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་ཚང་ཞོགས་རྩེན།   སྤེལ་དུས། : 2018-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་རིང་རྣམ་རྒྱལ་དང་ཚེ་རིང་སྒྲོལ་མ་གཉིས་ནི་ཚོ་བ་གཅིག་གི་ཁ་ཡ་ན་ཟླ་དང་རྩེད་ར་གཅིག་གི་རྩེད་གྲོགས་ཡིན་པས། ཆུང་དུས་ཀྱི་བྱིས་པའི་ལང་ཚོ་ཡངས་པའི་སྤང་ཐང་ནས་མཉམ་དུ་འབུས་ཤིང་།ལོ་ན་ཆུང་བའི་དབང་གིས་ཕོ་མོའི་བར་གྱི་འབྲེལ་བ་མི་རྟོགས་ཤིང་འཇིག་རྟེན་གྱི་སྣང་བ་ཟེར་བ་དེ་བས་ཀྱང་ཆ་མེད་རྒྱུས་མེད་ཡིན། ཡིན་ནའང་། སྐབས་ལན་རེར། ཚེ་རིང་རྣམ་རྒྱལ་གྱི་ཁ་ལ་ཉན་ན་ཁོས་བཤད་པའི་སྐད་ཆ་དག་གསར་བུ་རྐྱལ་སྟོང་ཞིག་གིས་ལབ་པ་དང་ཨ་ན་མ་ན་ཡིན།ཐ་ན་ཁ་ཆུ་སྣ་ཆུ་དྲུད་རུང་ཁ་ན་གསར་བུ་སྣང་མཐོ་ཞིག་གི་འདོད་གཏམ་ཡོད། དེ་ལྟར་ཆུང་དུས་ནས་བརྩེ་བ་ཟབ་མོ་ཞིག་གི་བག་ཆགས་ཀྱིས་ལུས་དང་གྲིབ་མ་བཞིན་འགྲོགས་ནས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་བྱས།དུས་ཚོད་ཀྱི་མགྱོགས་འགྲོས་དང་བསྟུན་ཁོ་གཉིས་ཀྱི་ལང་ཚོ་དར་ལ་བབས་པའི་སྐབས་དེ་ནས་བཟུང་བྱིས་པའི་དུས་དང་འདྲ་བར་ཕན་ཚུན་མཉམ་དུ་སྡོད་པའི་སྐབས་ཧ་ཅང་ཉུང་བས་བྱིས་དུས་ཀྱི་འཚོ་བ་ལ་རྫོགས་ཚིག་མི་འབྲི་ཀ་མེད་བྱུང་། དེ་ནས་བཟུང་ཚེ་རིང་རྣམ་རྒྱལ་འཇིག་རྟེན་གཞན་ཞིག་ལ་བསྙེགས་པ་ལྟར་སློབ་གྲྭར་འགྲིམས་པའི་སྐལ་བ་ལྡན། ཁོ་མུ་མཐུད་དུ་སློབ་གྲྭར་འགྲིམས་ནས་སློབ་ཆུང་དང་སློབ་འབྲིང་སོགས་རིམ་པར་འགྲིམས།ད་ལྟ་མཐོ་འབྲིང་མཐར་ཕྱིན་པའི་བར་དུ་ལོ་གཅིག་མ་གཏོགས་མེད་ན་ཡང་། ཁོའི་སེམས་ན་རྒྱུན་དུ་ཚེ་རིང་སྒྲོལ་མ་ལས་གཞན་གང་ཡང་མི་འདུག ཨ་ཁུ་ཚེ་ལོས་ཁོང་ཚང་གི་ཚེ་རིང་སྒྲོལ་མ་འདི་དཔྲལ་བའི་མིག་དང་སེམས་ཀྱི་སྙིང་ཡིན་སྟབས་སློབ་གྲྭར་འགྲོ་རྒྱུ་དཔེ་མི་སྲིད།ངེད་ཚང་ལ་གནའ་ནས་ད་བར་དུ་འུར་ཆ་བཟུང་བའི་ཕྱུགས་རྫི་མ་གཏོགས་དཔེ་ཆ་བཟུང་བའི་ལས་བྱེད་པ་ཞིག་སྐྱེས་མ་མྱོང་ལ། ད་རུང་ཡིན་ནའང་དེ་ཡིན།ཞེས་མིག་རྒྱང་མེད་པའི་སྐད་ཆ་ཞིག་གི་ཁྲོད་ནས་ཉི་མ་འཁྱོལ་ཐབས་བྱས་པར་མ་ཟད། ད་དུང་ཁ་ན་རྒྱུན་དུ་ཞི་མོ་ལ་མག་པ་ཞིག་འཇོག་རྒྱུ་ཡིན་ཞེས་བཤད་ཀྱིན་འདུག

དེ་རིང་ནི་ཚེ་རིང་རྣམ་རྒྱལ་ལ་དགུན་གནང་གཏོང་བའི་ཉིན་དང་པོ་ཡིན། སློབ་གྲྭས་གནང་བ་བཏང་རྗེས།ཁོས་ཟི་ལིང་གི་སྣ་འཛོམས་ཚོང་ཁང་ཞིག་ནས་ཚེ་རིང་སྒྲོལ་མ་ལ་ལེགས་སྐྱེས་ཤིག་ཉོས་ནས་མྱུར་དུ་རླངས་འཁོར་ས་ཚིགས་ལ་སོང་། དུས་དེར། ཚེ་རིང་སྒྲོལ་མས་ཁ་པར་འོངས་ནས་ལམ་སྐབས་སུ་བདེ་བར་ཡོང་བའི་སྨོན་འདུན་དང་སེམས་གཏམ་སོགས་མང་པོ་ཞིག་བཤད་རྗེས།ད་གཟོད་ཁ་པར་གྱི་སྒོ་མོ་དལ་གྱིས་བརྒྱབ། སྐབས་དེར་ཚེ་རིང་རྣམ་རྒྱལ་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་འདུག་སྟེགས་སྟེང་ཁེན་ནས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་ཞོར་ཕ་ཡུལ་དུ་ཇི་ལྟར་ཐོན་པའང་མ་ཤེས།

ས་སྲོད་ཀྱི་རྟ་བདུན་དབང་པོ་རྒྱང་རིང་གི་རི་བོའི་མགུལ་ནས་འདར་སིག་སིག་གིས་སྐྱོ་ཉམས་ཤིག་ཁུར་ཏེ་རི་བོ་དེའི་ཕར་རྒྱབ་ལ་དལ་གྱིས་ཡལ་དུས། འདོད་སྲེད་ཀྱིས་ཁེངས་པའི་དབྱིག་འཛིན་བུ་མོས་མུན་ནག་གི་ངོ་གདོང་རུམ་ཞིང་མཐའ་ཡས་པའི་རྩྭ་ཐང་ལ་ལྷིང་འཇགས་ཀྱི་ཁོར་ཡུག་བསྐྲུན། སྐབས་དེར། ཚེ་རིང་རྣམ་རྒྱལ་གྱི་ཕ་ཚེ་བྷ་དང་མ་སྒྲོལ་མ་གཉིས་ཀྱིས་རང་གི་བུས་སློབ་སྦྱོང་བྱས་པའི་གོ་རིམ་ཁྲོད་དུ་སྡུག་ཀྱང་མྱངས་ཡོད་ཟེར་ནས་ཤ་མར་ཐུད་གསུམ་གྱི་ཟས་རིགས་མང་པོ་ཞིག་བཤམས་ནས་གང་ལ་གང་ཞིམ་ཟོ་ཟེར་ཞོར་དགའ་སྤྲོ་དང་བཅས་དགོང་ཟས་ལ་རོལ། ཚེ་རིང་རྣམ་རྒྱལ་ལ་བྲེལ་འཚུབ་ཅིག་ལངས་ཞོར་ཟ་མ་ཉུང་ཙམ་ཞིག་ཁ་རེག་སྣ་རེག་ཅིག་བྱས་ནས་ཁོ་ཕུ་བོ་རིག་བྷོ་ཚང་ལ་འཚམས་འདྲི་རུ་འགྲོ་རྒྱུ་ཟེར་བཞིན། ལག་ཏུ་ལག་སྒྲོན་ཞིག་བཟུང་ཞིང་ལྐོག་ཏུ་ལེགས་སྐྱེས་དེ་བསྣམས་ནས་ཨ་ཁུ་ཚེ་ལོ་ཚང་གི་ཕྱོགས་སུ་སྣ་གླུ་ཞིག་ལེན་ཞོར་ཇི་ལྟར་ཐོན་པའང་མ་ཤེས་མོད། སྐབས་དེར། ཨ་ཁུ་ཚེ་ལོ་རྒན་རྒོན་གཉིས་ཀྱིས་ཞི་མོ་ལ། མག་པ་འཇོག་རྩིས་ཡོད་ཁར་སྦྲ་ནང་དུ་གསལ་ལ་མི་གསལ་བའི་ཞག་སྒྲོན་ཞིག་བཀར་ནས་སྐད་ཆ་ལྡབ་ལྡིབ་ཅིག་སྨྲ་བཞིན་ཡོད་པས། ཁོ་ཐག་ཉེ་ས་ཞིག་ཏུ་བསྐུངས་ནས་མི་འདུག་ཐབས་མེད་བྱུང་།

ཨ་ཁུ་ཚེ་ལོས་རྒན་མོ་གཡུ་སྒྲོན་ལ་འུ་ཚང་གི་ཞི་མོ་འདིར་མཚོན་ན་ལ་རིང་བོར་འགོ་བྱེད་ཀྱི་ལག་རྟེན་དང་ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་ཡིན་སྟབས། ད་མག་པ་ཞིག་བཞག་ན་བཟང་གི་མོད། འོན་ཀྱང་། སུ་ཚང་གི་ཞི་ལུའི་གཤིས་ཀ་བཟང་བ་དང་ཡ་རབས་ཡིན་མིན། རུས་རྒྱུད་གཙང་མིན་སོགས་དེད་ནས་ནམ་ཕྱེད་བར་དུ་གྲོས་ཁ་བྱས་ཤིང་གྲོས་ཐོག་ཏུ་སྡེ་དཔོན་བཀྲ་ཤིས་ཚང་གི་བུ་རྟ་མགྲིན་བསླང་རྒྱུ་ཐག་གིས་བཅད།

ཚེ་རིང་སྒྲོལ་མས་སྐད་ཆ་དེ་གོ་སྐབས། མོའི་སྙིང་ལ་གྲི་རྩེས་བཙུགས་པ་འདྲ་བའི་ཟུག་རྔུ་སྐྱེས་ནས་མིག་ཟུང་ལས་མཆི་མ་ཕྲོམ་ཕྲོམ་དུ་བཞུར་ནས་དབུགས་རིང་འཐེན་ཞོར་མགོ་བོ་རུམ་དུ་བཅུག་ནས་མིག་སྐྱིབས་ཟིམ་ཟིམ་བྱས་ཤིང་ཡིད་ཚིམས་པའི་གཉིད་སྐྱིད་པོ་ཞིག་གཏན་ནས་ཡོང་མ་ཐུབ། དེར་མ་ཟད། རང་ཉིད་ལ་ཨུ་ཚུགས་ཀྱིས་ལེ་བདའ་བྱེད་ཀྱིན་སླར་ཡང་མལ་ས་ནས་འགྲེ་ལྡོག་བརྒྱབ་སྟེ་འཇིག་རྟེན་གཞན་ཞིག་ན་བདེ་སྐྱིད་ཡོད་མེད་ལ་བསམ་གཞིག་བྱས་ཤིང་འདང་རྒྱག་གི་རྒྱ་མཚོར་ཉུལ། མཐོན་མཐིང་གི་མཁའ་དབྱིངས་ནས་ཟླ་བ་ལྷ་མོ་འཛུམ་དམུལ་དམུལ་གྱིས་སྦྲ་གར་གྱི་ཁ་འཚུབ་ལས་འཕྲོས་ཤིང་ཚེ་རིང་སྒྲོལ་མའི་ངོ་གདོང་ལ་ཕོག་ནས་སྟོང་འདང་ལས་སད་དུ་བཅུག དེ་དུས། མོ་ནམ་རྒྱུན་དང་མི་འདྲ་བར་དྲན་པ་ཐོར་ནས་དངན་པ་འཐེན་ཞོར་གདུང་སེམས་ཀྱི་མནར་གཅོད་འོག་ནས་ལྷད་མེད་ཀྱི་བརྕེ་དུང་ལ་རེ་སྒུག་བྱས་ཤིང་ཚེ་རིང་རྣམ་རྒྱལ་ལ་ཐུག་འདོད་ཀྱི་འདུན་པ་དྲག་པོས་ལོ་ཟླ་དང་ཉིན་ཞག་གི་དུས་ཚོད་རེ་རེ་སོར་རྩེ་ནས་བགྲང་གིན་འདུག

ཚེ་རིང་རྣམ་རྒྱལ་ལ་མངོན་འགྱུར་དཀའ་ཞིང་མཇུག་འབྲས་ཀྱི་རྒྱལ་ཁ་ཕྲ་ཞིང་ཁྱིམ་གཅིག་ལ་འཛོམས་རྒྱུ་ཧ་ཅང་དཀའ་མོ་ཡིན་པས། ཁོས་དོ་ནུབ་ཡང་ཚེ་རིང་སྒྲོལ་མ་ངེད་གཉིས་ལ་གོ་སྐབས་ཤིག་ཡོད་དམ་མེད་ཅེས་ཡུན་རིང་ཞིག་ལ་བསམ་གཞིག་བཏང་ནས་བསྡད། ཅུང་ཙམ་ཞིག་འགོར་རྗེས། ཁོས་མགོ་བོ་ཡར་དགྱེས་ནས་ཕར་ལྟ་ཚུར་ལྟ་བྱེད་སྐབས་ཨ་ཁུ་ཚེ་ལོ་ཚང་གི་ཞག་སྒྲོན་ཡང་གཟིམས་ནས་འདུག དེ་མ་ཐག་ཁོ་ཡར་ལངས་ནས་མྱུར་དུ་ཨ་ཁུ་ཚེ་ལོ་ཚང་གི་ཕྱོགས་སུ་བརྒྱུགས་པ་ན། ད་སོ་མར་གཉིད་ཀྱི་ཞིང་ཁམས་སུ་ཞུགས་མ་ཐག་ཡིན་པས། ཁྱི་རྒྱ་ལིས་སྒོ་ཁ་ན་རྔ་མ་གཡུག་གཡུག་བྱེད་ཀྱིན་ཕར་འགྲོ་ཚུར་འགྲོ་བྱེད་པ་མ་མཐོང་བར་གདོང་ཐུག་བརྒྱབ་པས་ཁྱིའི་ཟུག་སྐད་དང་ཁོའི་ཨག་སྐད་བཅས་ཀྱིས་ཨ་ཁུ་ཚེ་ལོ་ཚང་གི་ཁུ་སིམ་མེར་གནས་པའི་མཚན་མོའི་ལྷིང་འཇགས་དཀྲོགས་སོང་ལ། ཁྱི་རྒྱ་ལིའི་ཟུག་སྐད་དང་ལྕགས་ཐག་གི་སིལ་སྒྲའི་ཁྲོད་ནས་ཨ་ཁུ་ཚེ་ལོ་རྒན་རྒོན་གཉིས་སྦྲ་སྒོར་བུད་དེ་སུ་ཡིན་སུ་ཡིན་ཞེས་དཔའ་སྐད་རྒྱག་གིན་ཡོད་པར་མ་ཟད་ལག་སྒྲོན་ལ་ལུང་ལ་བཀར་བཞིན་ཡོད་པས་ཚེ་རིང་རྣམ་རྒྱལ་སེམས་འཚབ་འཚུབ་ངང་ནས་ཁ་ཕྱིར་འཁོར་ནས་མི་འབྲོ་ཐབས་མེད་བྱུང་། ཁོ་ཉེན་ཁ་ལས་ཐར་ནས་སེམས་ཅུང་ལྷོད་ལ་བབས་སྐབས་ཁ་པར་འདར་བཞིན་པའང་ཚོར་བྱུང་། ད་གཟོད། ཁོས་དབུགས་འཚང་གི་ཀློང་ནས་ཁ་པར་ཡར་ལེན་དུས་དེ་ནི་ཚེ་རིང་སྒྲོལ་མའི་ཁ་པར་རེད། ཁོས་ཁ་པར་སྒོ་ཕྱེས་ནས ཧིན……ཧིན……ཟེར་དུས། མོས། འོ། ཁྱོད་ཅི་རེད། ཨུ་ཚུགས་ཀྱིས་ངང་ནས་ཡོང་སྲོལ་ཡོད་ནས།ངེད་ཚང་ད་སོ་མར་ཉལ་རུང་ཡིན། ཨོ་ཨོ། ཨ་མ་ཐོན་ཐལ། ཅུང་ཙམ་སྒུགས་དང་ང་སྒོ་ཁར་ཡོང་ཟེར་བ་ཙམ་མ་གཏོགས་ཟེར་དབང་མེད་པར་ཁ་པར་གྱི་སྒོ་མོ་ཁྲོག་སེ་བརྒྱབ།

དེ་ནས་ཚེ་རིང་རྣམ་རྒྱལ་ཡང་ཁོ་མོ་ཚང་གི་ཉེ་སའི་དེའུ་འབུར་ཞིག་གི་རྩིབ་ཏུ་བསྒུགས་ནས་བསྡད། དེ་དུས་ནམ་མཁའི་དབྱིངས་སུ་ཟླ་བ་གཞོན་ནུས་དཀར་གསལ་གྱི་འོད་མདངས་རབ་ཏུ་སྤྲོ། ཚེ་རིང་སྒྲོལ་མ་ཁ་རོག་གེར་ཡར་ལངས་ཤིང་སྒོར་བུད་དེ་ནོར་གྱི་མཐའ་ནས་ངག་དམའ་མོས་ཁ་པར་ཞིག་བཏང་སྟེ་ཚེ་རིང་རྣམ་རྒྱལ་ལ་ཁྱོད་གང་ན་ཡོད་ཟེར་སྐབས་ཁོས་ང་འདི་རུ་ཡོད་ཅེས་བརྡ་ཞིག་བསྟན། མོས་གོམ་འགྲོས་འཁྱར་འཁྱོར་གྱིས་ཁོའི་ཉེ་སར་བཅར་དུས། ཚེ་རིང་རྣམ་རྒྱལ་བརྒྱུགས་འོངས་ནས་མོའི་དཔུང་བར་འཇུས་བྱུང་། མོས་མིག་ནས་མཆི་མ་བཞུར་བ་ལས་སྐད་ཆ་ཚིག་གཅིག་ཀྱང་མི་བཤད། མོས་རང་གི་མགོ་བོ་ཚེ་རིང་རྣམ་རྒྱལ་གྱི་བྲང་ཁར་གླན་ནས་འདས་དོན་གང་མང་ཞིག་གི་གཏམ་རྒྱུད་དྲན་བཞིན་མིག་ནས་མཆི་མ་ཤུར་ཤུར་དུ་བརྡོལ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།