ས་འོག་ཏུ་འཛུལ་བའི་མི་རབས།

དང་པོ།

ངས་ནང་ལོགས་སུ་བྱ་བ་སྒྲུབ་སྐབས་ཨ་རིའི་གསེར་མགོ་མ་ཞིག་དང་གཉེན་སྒྲིག་བྱས་པ་དེས་ཕ་མ་གཉིས་གཙོ་བྱས་ཏེ། ཡུལ་མི་ཉེ་འབྲེལ་རྣམས་ལ་ཕོག་ཐུག་ཆེན་པོ་བཏང་བར་མ་ཟད།ཕན་ཚུན་བར་གྱི་འབྲེལ་བའང་རྦད་དེ་ཆད་སོང་། ཡུལ་མི་ཉེ་འབྲེལ་ཚོས“ཁྱོད་ལ་མཚོན་ན་ཕ་བཟང་རུས་པ་གསེར་དང་མ་བཟང་རུས་པ་དུང་ཡིན”ཞེས་ཁ་ཏ་སློབ་གསོ་ཅི་འདྲ་བཏང་རུང་བརྩེ་དུང་ནི་ནམ་ཡང་བརྩེ་དུང་ཡིན་པས་ངས་ཁོ་ཚོར་དོགས་སྣང་ཙམ་ཡང་མ་བྱས་ལ་ཁོ་ཚོས་ཀྱང་ང་རང་སྡེ་གྲལ་ནས་ཕུད་དེ་ཁ་ཡ་མ་བྱས་པར་ཏག་ཏག་ལོ་ངོ་ཧྲིལ་པོ་བཅོ་ལྔ་ཙམ་འགོར་འདུག མི་ཞིག་གི་ཚེ་ཚད་ནི་དེ་འདྲའི་རིང་རྒྱུ་མེད་པས། མི་ལོ་བཅོ་ལྔའི་རིང་ལ་ང་ཚོ་ཕན་ཚུན་སུ་ལ་མཚོན་ནའང་འགྱུར་ལྡོག་རབ་དང་རིམ་པ་ཞིག་བྱུང་ཡོད་པ་ནི་སྨོས་མ་དགོས། ལྷག་པར་ལོ་རྒས་ཀྱིན་རྒས་ཀྱིན་མི་སེམས་འདི་སྔར་ནས་ཇེ་སྙི་ནས་ཇེ་སྙིར་འགྲོ་བཞིན་པའང་དུས་ཚོད་ཀྱིས་ང་ཚོར་བྱིན་པའི་གནོན་ཤུགས་ཤིག་ཅི་ལ་མིན།

ངས་དེ་ལྟར་སེམས་བཞིན་ཁོ་ཚོས་ཅི་བྱེད་ན་བྱེད་དུ་ཆུགས། ཁ་ཡ་མ་བྱས་ན་ཡང་མ་བྱས་སྙམ་ཞིང་། གང་ལྟར་ཕ་ཡུལ་ལ་ཐེངས་གཅིག་ལོག་པའི་སེམས་ཐག་བཅད། ངས་རང་གི་བསམ་ཚུལ་འདི་ཆུང་མ་གསེར་མགོ་མར་བཤད་པ་ན། མོ་ལའང་སྤྲོ་སྣང་ཆེན་པོ་རྒྱས་ཤིང“དེ་ཡག་པོ་འདུག དངོས་གནས་ཡག་པོ་འདུག བུ་ཆུང་ཁྲིད་དེ་འུ་གསུམ་པོ་མཉམ་དུ་འགྲོ”ཟེར།

ཞིབ་འདང་ཞིག་བརྒྱབ་ན་དེ་ཡང་ཅུང་ཙམ་འགྲིག་གི་མི་འདུག ཐོག་མར་རང་གཅིག་པུ་སོང་ནས་ཚོད་ལྟ་ཞིག་བྱས་ན་འགྲིག་གི་རེད་བསམས།

ངས་དེ་ལྟར་ཨུ་ཚུགས་ཀྱིས་ཐག་གཅོད་བྱས་ཏེ། གོ་སྐབས་ཤིག་བཙལ་ནས་ལམ་དུ་ཆས་པ་ཡིན།

ལོ་ངོ་བཅོ་ལྔ་འགོར་སོང་། ངའི་ཕ་ཡུལ་དེ་ད་ལྟ་ཅི་འདྲ་ཞིག་ཡིན་ནམ། སྔོན་ཆད་གཡུ་སྔོན་རྩྭ་ཐང་ཞེ་ན་ཕྱུགས་ཁྲ་ཁྲའི་རུ་མ་ཐང་ལ་བརྡལ་བའི་འབྲོག་སྡེ་ཆེན་པོ་ཞིག་ཡིན། གཡུ་མདོག་གི་གོས་ཆེན་ཐང་ལ་བཏིང་འདྲའི་གཡུ་སྔོན་རྩྭ་ཐང་དེ་ལྷ་ཡི་བཟོ་བོས་པིར་གྱིས་བྲིས་པ་དང་མཚུངས་པར་མུ་ནས་མུ་མེད་པར་སྤང་རྒྱན་དཀར་དམར་དང་ལུག་མིག་མེ་ཏོག་སོགས་ཁྲ་ཆིལ་ལེར་བཞད་ཅིང་། ཕྱེ་མ་ལེབ་དང་གཡུ་སྦྲང་། ད་དུང་བྱེའུ་ཆུང་ཅོ་ཀ་སོགས་བྱ་བྱེའུ་འབའ་འབུ་མང་པོ་རང་དབང་གར་གྱིས་རྩེན་པའི་འཇིག་རྟེན་འདིའི་ཆེས་མཛེས་པའི་མེ་ཏོག་གི་སྐྱེད་ཚལ་ཞིག་ཡིན། དཔག་ཚད་ཁྱོན་ལ་དྲི་ཞིམ་སྨན་གྱི་བསུང་ངད་ལྡང་ཞིང་། གཡུ་ཆུ་སྔོན་མོ་ནི་དར་དཀར་གྱི་ཁ་བཏགས་རིང་མོ་ཞིག་དང་འདྲ་བར་ཀྱ་ཀྱུའི་འགྲོས་དང་། ལྷང་ལྷུང་གི་སྒྲ་ཡིས་ནམ་ཡང་ས་ཆེན་འདིའི་ཕ་མཐའ་འཚོལ་བར་བྱེད། གཡུ་ཆུའི་འགྲམ་ངོགས་སུ་རྟ་ནོར་ལུག་གསུམ་ས་ཆེན་འདིའི་ཕུན་ཚོགས་ཀྱིས་བཟི་ནས་རང་རང་ས་ན་འཚོ་བཅུད་ཕུན་སུམ་ཚོགས་པའི་རྩྭ་གསེབ་ལ་ཟུག་ཡོད། དུ་བའི་ལྕང་ལོ་གཡོ་བའི་སྲིད་པའི་སྦྲ་རྒན་དག་ནི་བསྐལ་བ་སྟོང་ཕྲག་མང་པོར་གཡུ་སྔོན་རྩྭ་ཐང་ལ་བརྒྱབ་པའི་ལྷན་པ་དང་འདྲ་བར་གཡོ་མེད་དུ་གནས་ཤིང་། མདོ་གདུགས་སྒྲོལ་གསུམ་དང་རྒྱལ་མཚན་རྩེ་མོ་སོགས་སྒོ་དར་མང་པོ་དལ་བུའི་རླུང་གིས་བསྐྱོད་ཚེ་ཟབ་མོའི་ཆོས་སྒྲ་ལྷང་ལྷང་སྒྲོག་པར་བྱེད། ཨ་ཨ། ངའི་ཕ་ཡུལ་དེ་ངོ་མ་ལྷ་ཡུལ་དང་འདྲ་ཡ། གྲོང་ཁྱེར་ནས་བསྡད་ཀྱིན་བསྡད་ཀྱིན་ཕ་ཡུལ་དྲན་ཞིང་། ལོ་རྒས་ཀྱིན་རྒས་ཀྱིན་ལྷག་ཏུ་དྲན།

གཉིས་པ།

ངས་རེ་བ་རི་རབ་འདྲ་ཞིག་ཁུར་ཏེ་རང་གི་ལྟེ་ཁྲག་འཕོ་སའི་གཡུ་སྔོན་རྩྭ་ཐང་དུ་སླེབས་པ་ན། ངའི་མིག་ལམ་དུ་ཐོག་མར་མངོན་པ་ནི་ཚོད་ཚོད་ལ་རླུང་དམར་ལྡང་ཞིང་ས་རྡུལ་འཚུབ་ཡོང་བའི་མྱ་ངམ་ཐང་ཆེན་ཞིག་ལས་སྔོན་ཆད་ཀྱི་མཛེས་སྡུག་ཡིད་དུ་འོངས་པའི་གཡུ་སྔོན་རྩྭ་ཐང་དེ་རྨི་ལམ་ནང་བཞིན་གང་ཞིག་ཏུ་འཇའ་ལྟར་ཡལ་འདུག རྩྭ་ཐང་ཧྲིལ་པོ་ཕལ་ཆེར་བྱེ་སར་གྱུར་ནས་རང་ཚུགས་མེད་པའི་རྩྭ་རྐང་ཁ་ཤས་ལས་མཐོང་རྒྱུ་མི་འདུག་ལ། སྔོན་ཆད་ཀྱི་གཡུ་ཆུ་སྔོན་མོ་ནི་ཡུགས་ས་མ་ཞིག་གི་མིག་ཆུ་དང་འདྲ་བར་ཆད་མ་མཐུད་ཅིག་ལས་མཐོང་རྒྱུ་མི་འདུག ང་ཐོན་པ་མཐོང་རྗེས་ཨ་བྲ་དང་ཙི་གུ་ཆེ་ཆུང་མང་པོས་མགོ་བོ་མཐོན་པོར་བཏེགས་ཏེ། ཁོ་ཚོའི་མངའ་ཁོངས་སུ་མགྲོན་པོ་ཆ་མེད་ཅིག་སླེབས་པར་སོ་ལྟ་བྱེད་པའམ། ཡང་ན་མཚར་སྣང་སྐྱེས་འདུག དེ་ལས་ཀྱང་ཡ་མཚར་བ་ཞིག་ནི་ངའི་རུ་སྡེ་ཁྲ་མོ་གང་ཞིག་ལ་བུད་སོང་ངམ། སྦྲ་ནག་ལྕོང་མོ་འདྲ་ཞིག་ཕར་ཞོག ཐ་ན་སྒྱེད་པུ་ཡོད་པའི་མཚེར་ཤུལ་ཞིག་ཀྱང་བཙལ་ནས་མི་རྙེད། ངས་ཐང་སྟོང་གི་རླུང་བུའི་བསེར་སྒྲར་ཉན་བཞིན་དམིགས་ཡུལ་ཅི་ཡང་མེད་པར་གང་སར་སྐོར་ཉུལ་ཞིག་བྱས། ཁུང་བུ་ཞིག་གི་སྒོ་ན་ཨ་བྲའི་སྒོ་སྲུང་ངམ་ཐོན་མིའི་ཡིག་སྐད་དུ་ནེ་ལེ་ཟེར་བའི་འདབ་ཆགས་ཆུང་ཆུང་ཞིག་ཡོད་པ་དེས་ཁུང་བུ་ཞིག་གི་ནང་ལ་སྐེ་གཟུར་ནས་ལྟ་ཞིང་། ཡང་གཤོག་འགྱུར་དང་བཅས་གང་ཞིག་ཏུ་འཕུར་འགྲོ་ཞིང་། ཅུང་ཙམ་ནས་ཕྱིར་འཕུར་ཡོང་སྟེ་ཡང་བསྐྱར་སྐེ་གཟུར་ཏེ་ཁུང་བུ་དེའི་ནང་དུ་ལྟ་བར་བྱེད། ང་རང་ཡ་མཚན་སྐྱེས་ཏེ་དལ་བུར་ཁུང་སྒོ་དེར་བཅར་བ་ན། ཁུང་བུ་དེ་ལས་མི་སྐད་ལྟ་བུའི་སྐད་སྒྲ་ཡ་མཚན་ཞིག་གྲག་གིན་འདུག་ལ་བལྟས་ཚོད་ཀྱིས་འུར་ཟིང་གིས་ཁེངས་པའི་འདུ་ཚོགས་ཤིག་རེད་ཨང་སྙམ་པའི་ཚོར་བ་སྟེར། ངས་ཁུང་སྒོ་དེར་ལག་འཁྱེར་ཁ་པར་གྱིས་པར་ཞིག་བརྒྱབ་རྗེས་ཧ་ཅང་ཉམས་མྱོང་དང་འཇོན་ཐང་ཡོད་པའི་མྱུལ་ཞིབ་པ་ཞིག་དང་འདྲ་བར་སེམས་ཆུང་དང་དོགས་ཟོན་ངང་དལ་མོར་ཁུང་བུ་དེའི་ནང་དུ་འཛུལ།

གསུམ་པ།

ང་རང་ཁུང་བུ་དེའི་ནང་དུ་འཛུལ་བ་དང་ཆེས་ཐོག་མར་མཐོང་བ་ནི་ས་འོག་གི་གྲོང་ཁྱེར་ཆེན་པོ་ཞིག་ལགས། རྒྱུས་ལོན་རགས་ཙམ་བྱས་པར། མ་གཞི་ས་འོག་གི་གྲོང་ཁྱེར་ཆེན་པོ་འདི་ནི་སྔོན་ཆད་གཡུ་སྔོན་རྩྭ་ཐང་ན་སྟོབས་འབྱོར་དང་མངའ་ཐང་གིས་སྙེམས་པའི་ངའི་ཕ་ཡུལ་དེ་གཡུ་སྔོན་ཚོ་བ་རེད་འདུག

དུས་ནམ་ཞིག་ནས་བཟུང་གཡུ་སྔོན་རྩྭ་ཐང་དུ་ཨ་བྲ་དང་ཙི་གུ་ཁ་དར་བས་ཁོ་ཚོས་ཇི་ལྟར་འཐབ་རྩོད་བྱས་ཀྱང་ནུས་པ་མེད་པར་གྱུར། ལྷག་པར་སྡེ་བཤིག་མཁན་ནག་མོ་ཡིན། ས་བཤིག་མཁན་བྱི་ལོང་ཡིན་ཞེས་པ་ལྟར། ས་འོག་གི་བྱི་ལོང་མང་པོས་ཀྱང་ས་ཆེན་འདི་འབའ་འབུར་མང་པོའི་ས་ནག་གི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་བཏང་། ཁོ་ཚོས་ལོ་ནས་ལོ་དང་ཟླ་ནས་ཟླ་ལ་མཐུད་དེ་ས་འོག་གི་བྱི་ལོང་དང་ས་ཐོག་གི་ཨ་བྲ་གསོད་པའི་བྱ་འགུལ་ཐེངས་མང་སྤེལ་ན་ཡང་། དེ་དག་རེ་རེ་བཞིན་ཇུས་ཉེས་བྱུང་བའི་དམག་འཐབ་ཞིག་དང་འདྲ་བར་ཕམ་པར་གྱུར་པར་མ་ཟད། དེ་ལས་ལྡོག་སྟེ་ཨ་བྲ་དང་ཙི་གུ ད་དུང་བྱི་ལོང་སོགས་ཇེ་མང་དུ་གྱུར་ཏེ་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད་པའི་གཡུ་སྔོན་རྩྭ་ཐང་དེ་ས་ནག་དང་བྱེ་སར་བཏང་བར་མ་ཟད། སྐད་ཅིག་དེ་ཉིད་ལ་མི་རྟག་པའི་བརྟུལ་ཞུགས་དང་དུ་ལེན་དུ་བཅུག སྡེ་བ་ཡོངས་ནས་བླ་མ་དང་སེར་མོ་བ་མང་པོ་ཞུས་ཏེ་རི་ཁྲུས་དང་ཚ་བསུར་འཕུད་པ་སོགས་བཅའ་བ་རིམ་གྲོ་ཅི་འདྲ་བསྒྲུབས་རུང་མེ་ཐོག་ཏུ་སྣུམ་བླུགས་པ་ཇི་བཞིན་ཇེ་རྩོག་ཏུ་འགྲོ་བ་ལས་ཇེ་བཟང་དུ་མ་སོང་ལ། སྔགས་པ་དམ་ཆོས་ཀྱིས་བྲ་འཇོམས་དུང་ཕྱུར་གྱི་ཟློག་ཆེན་ཞིག་འཕངས་རུང་སེན་རྗེས་ཙམ་ཡང་མ་བབས། རིམ་བཞིན་ཟོག་ལུག་གི་ཤ་ཤེད་ལྷུང་ནས་ཤི་གྲངས་ཇེ་མང་དུ་གྱུར་པ་དང་ཁྱིམ་ཚང་མང་ཆེ་བ་སྒོ་སྟོང་དུ་གྱུར་ཅིང་། ཐ་ན་ཉིན་གང་གི་ཇ་ཐུན་གསུམ་ལའང་དཀའ་ངལ་ཡོད་པར་གྱུར།

“ད་འདི་ཅི་ཞིག་ཡིན་ནམ། དུས་ཀྱི་ལྟས་ངན་ཞེས་པ་འདི་འདྲ་ཞིག་ལ་བཤད་པ་ཨེ་ཡིན་ནམ། ངོ་མ་བྱ་ཅིག་རྩོག་གི”སྡེ་བའི་ཁ་རྒན་བསམ་ཤེས་རྣམས་ཀྱིས་བསམ་པ་ཡར་སེམས་དང་སྐུད་པ་ཡར་འཁེལ་ཇི་ལྟར་བྱས་རུང་། གཡུ་སྔོན་རྩྭ་ཐང་སྐྱོབ་པའི་ཐབས་བཀོད་ཅིག་ཡེ་ནས་མ་རྙེད། སྐབས་དེར་གང་ཞིག་ནས་ལྡོམ་ཡོང་བ་མ་ཤེས་མོད། གཅིག་གིས་གཅིག་ལ་བཤད་དེ་འུར་ལོང་ལོང་བྱེད་པ་ནི“ས་ཡུལ་བརྗེ་དགོས”ཟེར་བ་དེ་རེད།

“ཁ་སྟོང་ནང་གི་ཚིག་སྟོང་། ཕ་ས་མ་མོའི་བྲང་མགོ་འདི་བསྐྱུར་ནས་གང་ཞིག་ལ་འགྲོ་འམ། ”རྒན་པ་རྣམས་ལ་ཁོང་ཁྲོ་ཆེན་པོ་ལངས་བཞིན་འདུག ཡིན་ནའང་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་དང་སྐྱེ་ཁམས་ཀྱི་འགྱུར་བ་ཉིན་རེ་ལས་ཉིན་རེར་ཇེ་རྩོག་ཏུ་གྱུར། བསྡད་ཀྱིན་བསྡད་ཀྱིན་ཨ་བྲ་དང་བྱི་ལོང་གི་དོ་ཟླར་མ་ཕེར་བས་ཁོ་ཚོར་གཞི་ནས་རང་ཚུགས་ཀྱང་མེད་པར་གྱུར།

 “ཨ་ཤུ་རེ་ཁོ། འགྲོ་ས་ཞིག་ཡོད་རྒྱུ་ན་བུད་འགྲོ་མོ། ད་ས་ཟད་པོ་འདི་བསྲུངས་ནས་བསྡད་ན་ལྟོགས་ནས་འཆི་རྒྱུར་ཡང་ཐེ་ཚོམ་མི་འདུག ”གཡུ་སྔོན་ཚོ་བའི་རྒད་པོ་རྣམས་ཀྱི་སེམས་ལ་གཞི་ནས་གཡོ་འགུལ་བྱུང་སོང་།

“འགྲོ་ངོ་མ་ཡིན་ན་ཀླུ་ཡུལ་ལ་སོང་ན་བཟང་། དེ་ན་ཟས་རང་འགྲུབ་དང་གོས་རང་འགྲུབ་རེད་ཟེར།” སྔགས་པ་དམ་ཆོས་ཀྱིས་ཅི་ཞིག་ལ་གདེང་ཚོད་ཡོད་པ་ལྟར་དེ་ལྟ་བུའི་གྲོས་གཞི་ཞིག་བཏོན།

བཞི་པ།

གཡུ་སྔོན་ཚོ་བས་རྒན་གཞོན་ཆེ་ཆུང་མེད་པར་མི་རེས་ལག་ཏུ་ཁ་བཏགས་ཉིན་མོ་བདེ་ལེགས་རེ་བཟུང་སྟེ། ཨ་ཁུ་དམ་ཆོས་ཀྱིས་བཤད་པའི་ཀླུ་ཡུལ་ཏེ་ས་འོག་གི་ས་འབུ་ནག་ནར་ཚང་ལ་སོང་ནས་རེ་རེ་བཞིན་མགོ་བཏགས་པར་མ་ཟད། ས་སྟེང་ནས་ཁོ་ཚོར་ཨ་བྲ་དང་ཙི་གུ་སོགས་ཀྱིས་ཐུབ་ཚོད་དང་བརྙས་བཅོས་བྱས་ནས་སྡོད་དུ་མ་བཅུག་ཚུལ་དང་། དེ་ཚོས་ལས་དང་རྒྱུ་འབྲས་མི་རྩི་ཚུལ། ལྷག་པར་ཨ་བྲའི་དཔོན་པོ་མཛོ་སྔོན་པོ་ཞེས་པ་བྱུང་ནས་ཞྭ་སེར་མེ་ཏོག་གྱོན། རིལ་མའི་ཏོག་རྒྱག འཇག་མའི་གྲི་འཛིན། ཡུག་པོའི་མདུང་ཐོགས། ཨ་བྲ་ཞོན། རྫ་བྲ་རོལ་ཏུ་འཁྲིད་པ་སོགས་ལྟས་ངན་སྣ་ཚོགས་སྟོན་པ་སོགས་རེ་རེ་བཞིན་ཡར་ཞུ་བྱས་པ་དང་། ཉམ་ཆུང་གི་རུ་སྡེ་ཕྲ་མོ་འདི་ཐུགས་རྗེའི་སྐྱབས་འོག་ནས་མི་འདོར་བར་རྗེས་སུ་འཛིན་དགོས་པ་སོགས་མགོ་འབུལ་ལས་འབུལ་བྱས་པས་ས་འབུ་ནག་ནར་ཚང་གིས་ཀྱང་དཀའ་ཁག་ལ་ཐུག་དུས་ཚང་མ་གཅིག་འདྲ་རེད་ཟེར་ནས་ཁས་ལེན་བྱས།

ད་ལྟ་གཡུ་སྔོན་ཚོ་བ་ས་འོག་ཏུ་ཡོང་ནས་ས་འོག་གི་མི་རབས་གསར་པ་ཆགས་པར་མ་ཟད།དུས་ཀྱི་འགྲོས་དང་བསྟུན་ནས་ཁོ་ཚོའི་ཁོག་སྨད་ཀྱང་གཞི་ནས་འབུ་རུ་གྱུར་སོང་། འདི་ནི་ཕལ་ཆེར་སྔགས་པ་དམ་ཆོས་ཀྱིས་བཤད་པའི་ཀླུ་ཡུལ་ཟེར་བ་དེ་ཡིན་འདུག

དང་ཐོག་ས་འབུ་ནག་ནར་ཚང་དང་ཁོ་ཚོའི་བར་ཕན་ཚུན་བརྩེ་བ་དང་ཞི་བདེ་མཉམ་གནས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་མ་ཟད། གཞོན་སྐྱེས་ཕོ་མོ་འགའ་རེའི་བར་ཕན་ཚུན་གཉེན་འབྲེལ་ཡང་གསར་པ་ཆགས།

ཡིན་ནའང་།བསྡད་ཀྱིན་བསྡད་ཀྱིན་ཁོ་ཚོ་ས་འོག་གི་གཉུག་མའི་མི་རིགས་ཏེ། ས་འབུ་ནག་ནར་ཚང་དང་འཆམ་མཐུན་མེད་པར་ཁ་རྩོད་དང་རྡུང་རེས་རྒྱག་པ་སོགས་འཆམ་མཐུན་མིན་པའི་རྩོད་ཉོག་ཀྱང་ཇེ་མང་དུ་གྱུར། ཡིན་རྒྱུ་ནི་དང་ཐོག་སྔགས་པ་དམ་ཆོས་མཚམས་ལ་བསྡད་ནས་ཉིན་མཚན་མེད་པར་རྔ་བོ་ཆེ་སྐོར་རྡུང་བྱས་ཏེ་ས་འབུ་ནག་ནར་རྣམས་མཚན་མོ་གཉིད་དུ་མ་བཅུག་པས་རེད། ཁོ་ཚོའི་བར་གྱི་རྩོད་གཞི་འདི་རིམ་གྱིས་ཇེ་ཆེར་གྱུར་ལ་མཐའ་མར་ཕན་ཚུན་ལག་འདྲེས་བྱུང་། ཧ་ཅང་གཉོམ་ཆུང་གིས་ནམ་ཡང་ནུར་ནས་འགྲོ་བའི་ས་འབུ་ནག་ནར་དག་གློ་བུར་དུ་དོམ་ནག་ཁྲག་གིས་བཟི་འདྲའི་གཡག་རྒོད་ཤ་སྟག་ཏུ་གྱུར་ལ་གདུག་རྩུབ་ཀྱིས་ཁོ་ཚོར་རྭ་གཡུག་བྱས་བྱུང་།གཡུ་སྔོན་སྡེ་བའི་སྐྱེས་པ་རྣམས་ཀྱིས་ཁོག་སྟོད་ཕུད་ནས་དམར་ཧྲེང་ངེར་འདུག་ལ་མི་རེས་གྲི་ཐུང་རེ་ཁ་ནང་ལ་ཐད་ཀྱིས་བཟུང་ཞིང་ལག་ཏུ་ཕྲ་ལ་རྣོ་བའི་གསོར་འཕིག་རེ་བཟུང་སྟེ་གཡག་རྒོད་དེ་དག་དང་ཛ་དྲག་གི་གཡུལ་འགྱེལ་བྱེད། ཚུགས་ཀ་དེ་ཕལ་ཆེར་སི་ཕེན་རྒྱལ་ཁབ་ཀྱི་གླང་འཛིང་དང་འདྲ། གཡག་རྒོད་དེ་དག་ཀྱང་སྨྱོན་པ་ལྟར་ཁོ་ཚོའི་ཐོག་ཏུ་བརྒྱུགས་ནས་གང་སར་རྭ་གཡུག་བྱེད་ཅིང་སུ་ལ་ཐུག་ཚེ་དེ་ཨེ་སོད་སོད་ཅིག་བྱེད། ས་འོག་གི་གྲོང་ཚོ་དེ་འུར་ཟིང་དང་འཇིགས་སྐྲག་གི་འཐབ་ར་ཆུང་ཆུང་ཞིག་དང་གཉིས་སུ་མི་འདུག གློ་བུར་དུ་གང་ཞིག་ནས་གཡག་རྒོད་ཅིག་མདའ་ལྟར་ཤོར་ཡོང་སྟེ། རྭ་གཡུག་གཅིག་གིས་ཨ་ཁུ་ཐུབ་བསྟན་གྱི་རྒྱུ་མའང་ས་ལ་དྲུད་སོང་། མི་ཚོགས་ཀྱི་འུར་ཟིང་ཇེ་ཆེར་གྱུར་པ་དང་སྐྱེས་པ་མང་པོ་མཉམ་རུབ་ཀྱིས་གཡག་རྒོད་དེའི་ཀླད་པའི་གཙུག་ཏུ་གསོར་འཕིག་ཅིག་བརྡབས་ནས་བསད་པ་དང་། སུ་ཞིག་གིས“རེམ། རེམ། ཨ་ནེ་ལྕགས། ཁྱོད་ཀྱིས་མྱུར་དུ་རྨས་མ་སྨན་ཁང་དུ་སྐྱོལ”ཅེས་བཀའ་ཕབ་པ་ན། “མ་བཟང་ཐལ། མ་བཟང་ཐལ”ཟེར་བའི 112 རྟགས་ཅན་གྱི་མྱུར་སྐྱོབ་རླངས་འཁོར་ཞིག་སླེབས་པ་དང་མིག་ལྗང་ཁུ་དང་མགོ་སྐྲ་ཡོངས་རྫོགས་སེར་པོར་བཏང་བའི་རྒན་མོ་ཚགས་ཡང་ཞིག་ཡོང་ནས་ཨ་ཁུ་ཐུབ་བསྟན་ཟེར་བའི་རྨས་མ་དེ་རྡུལ་དྲངས་ངེར་གང་ཞིག་ཏུ་དྲུད་སོང་ལ། ནང་ཁྲོལ་དང་བཅས་པའི་རྒྱུ་མ་ད་དུང་དྲུད་ནས་འགྲོ་བཞིན་འདུག རང་རང་ས་ནས་གཡག་རྒོད་དག་དང་གཡུལ་བགྱེ་བའི་ཛ་དྲག་གི་འཐབ་མོའི་ཁྲོད་ནས་གློ་བུར་དུ་གཡག་རྒོད་ཁྱུ་ཞིག་ཤོར་ཡོང་བ་དང་མཉམ་དུ། འབའ་སྒྲ་དི་རེར་ལུག་ཁྱུ་ཞིག་ཀྱང་ཞོགས་སོང་།

“མ་བཟང་ཐལ། མ་བཟང་ཐལ”ཚེ་རིང་གཡོན་པས་དེ་ལྟར་སྐད་ཅོར་རྒྱག་བཞིན་ང་ལ་ཕྱོགས་ཏེ“མྱུར་དུ་བྱིས་པ་སྐྱོབ་ཏུ་སོང”ཞེས་སྐད་ཅོར་བརྒྱབ་པ་དང་། ང་རང་ཡང་བྲེལ་འཚུབ་ཀྱིས་ཁོས་མཛུབ་སྟོན་བྱས་པའི་ཕྱོགས་དེར་བརྒྱུགས་པ་ན་དེ་རུ་གསང་བའི་ས་ཁུང་ཆུང་ཆུང་ཞིག་གི་ནང་དུ་བྱིས་པ་སྐོར་ཞིག་བཅུག་འདུག ང་རང་ས་ཁུང་དེར་འཛུལ་ནས་ཁུང་སྒོ་དམ་པོར་བཅད་རྗེས་ཞིབ་ཏུ་བལྟས་པ་ན། བྱིས་པ་དེ་ཚོས་ང་རང་ཡོང་བར་ཁ་ཡ་ཙམ་ཡང་མི་བྱེད་པར་སུས་ཀྱང་མི་ཤེས་པའི་ཡི་གེ་ཡ་མཚན་ཞིག་སྦྱོང་གིན་འདུག

“ཚང་མ་བདེ་མོ”ངས་དེ་ལྟར་ཁམས་འདྲི་ཙམ་བྱས་མོད་སུས་ཀྱང་ཧ་གོ་མ་སོང་།

“ཁྱོད་ཀྱི་མིང་ལ་ཅི་ཟེར”ངས་བྱིས་པ་གདོང་ཡོངས་ལ་རི་མོ་བྲིས་ཏེ་ཡོད་པ་ཞིག་ལ་དེ་ལྟར་དྲིས་མོད། ཁོས་མགོ་བོ་ཐད་དུ་གཡུག་བཞིན་ཧ་མི་གོ་བའི་རྣམ་འགྱུར་བསྟན།

སྐབས་དེར་གཡུ་སྔོན་ཚོ་བ་དང་ས་འབུ་ནག་ནར་བར་གྱི་རྩོད་ཉོག་ཀྱང་མཚམས་བཞག་སོང་། ཡིན་རྒྱུ་ནི་གཡུ་སྔོན་ཚོ་བ་ཕམ་སོང་བས་རེད། ས་འབུ་ནག་ནར་རྣམས་ཀྱིས་གཡུ་སྔོན་ཚོ་བར་ཆད་པ་ནན་མོ་ཞིག་བཅད་པ་ནི“ས་འོག་ན་ས་འོག་གི་འཚོ་བ་རོལ་སྟངས་ཡོད། ནམ་ཡང་ང་ཚོ་ལྟར་རང་རང་ས་ནས་ས་ནག་ལ་མཆིན་པ་གླན་ཏེ་སྨྲ་བ་ཅི་ཡང་མེད་པར་ཁ་རོག་གེར་འདུག་པ་ལས་ཕན་ཚུན་འུར་ཟིང་དང་འགྲོ་འོང་བྱས་མི་ཆོག མི་འགྱངས་པར་ཁྱིམ་ཐོ་དང་ཐོབ་ཐང་ལག་འཁྱེར་བཅོ་རྒྱུ་ཡིན་ལ།དེའི་སྟེང་དུ་རིགས་རུས་ཀྱི་དབྱེ་བ་འབྱེད་རྒྱུ་མེད་པར་ཚང་མ་འབུ་ཡིན། ད་དུང་ས་འབུའི་རྒྱལ་པོ་བཀའ་འཛིན་གུམ་གུམ་ཚང་ལ་ཚང་མས་ཁྲལ་འཇལ་དགོས། ”གཡུ་སྔོན་སྡེ་བའི་ཁ་རྒན་བསམ་ཤེས་རྣམས་ཀྱིས་ཕན་ཚུན་རང་རང་གི་གདོང་ལ་བལྟས་ནས་འདུག་པ་ལས་ཐབས་བཀོད་གཞན་མ་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།