ཞྭ་མོ།

ཞྭ་མོ་ལ་ཕྱིང་ཞྭ་དང་ཝ་ཞྭ། རྨོག་ཞྭ། རྩྭ་ཞྭ། ཀོ་ཞྭ་སོགས་རིགས་མང་པོ་ཡོད་པ་ལས“དབུལ་ཐར་གྱི་ཞྭ་མོ”ནི་ཉེ་བའི་ལོ་འདི་འགའི་དམིགས་བསལ་གྱི་གླེང་གཞིར་གྱུར་པའི་བརྗོད་དོན་གསར་པ་ཞིག་རེད། མིག་གིས་མཐོང་རྒྱུ་དང་ལག་པས་རེག་རྒྱུ་མེད་པའི་གཟུགས་འདས་ཀྱི་ཞྭ་མོ་འདིའི་དབྱིབས་དང་ཁ་དོག་སོགས་ཀྱང་བརྗོད་ཐབས་བྲལ། གང་ལྟར་དབུལ་ཐར་གྱི་ཞྭ་མོ་འཕུད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་སྟབས་རྒྱ་ཆེའི་མང་ཚོགས་ཀྱིས་ཡུན་རིང་ལ་རེ་སྒུག་བྱས་པའི་ལྗང་མདོག་གི་རྨི་ལམ་ཡིན།

ཁེ་ཉིན་སྔ་དྲོ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་ཕྱི་སྒོའི་སྒོ་སམ་གྱི་ངོས་སུ“རྒྱ་ཆེ་བའི་མང་ཚོགས་རྣམ་པ། ཟླ3པའི་ཚེས21ཉིན་གྱི་སྔ་དྲོའི་དུས་ཚོད8:30སྟེང་སྟག་ལུང་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་དབུལ་ཐར་དང་དམངས་ཕན་སྲིད་ཇུས་ཀྱི་ཚོགས་འདུ་ཚོགས་རྒྱུ་ཡིན་པས་དུས་ལྟར་ཞུགས་པར་བཀའ་དྲིན་ཆེ”ཞེས་པའི་བརྡ་སྦྱོར་དེ་སྡེ་བའི་སྐད་འཕྲིན་གྱི་ཚོགས་པ་ནས་བརྒྱུད་སྐུར་བྱས་ཏེ་སྡེ་མི་ཕན་ཚུན་བར་བརྡ་གསལ་པོོ་འཕྲོད་ཡོད་ཀྱང་། ཁ་སང་ཉིན་གུང་གོང་དཀར་ཞང་གི་ཞང་ཀྲང་མཆོག་ལྡན་གྱིས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་སྡེ་སྡོད་ལས་བྱེད་པ་དོན་གྲུབ་དང་སྡེ་དཔོན་ཀུན་བཟང་གཉིས་ལ་ཁ་པར་བཏང་སྟེ། སང་ཉིན་གྱི་ཚོགས་འདུའི་སྟེང་དུ་མི་གཅིག་ཀྱང་ཆད་ལྷག་མེད་པར་ཐོན་དགོས་ཚུལ་གྱི་སྐོར་ནས་ནན་བཤད་བྱས་ཡོད་པས། ད་ནངས་ཞོགས་པར་ཉི་ཟེར་གྱི་འདབ་སྟོང་དྲོན་མོ་སྟག་ལུང་རི་བོའི་དབུ་རྩེ་ནས་གྲོལ་དུས། སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་ཕྱོགས་སུ་རླངས་འཁོར་དང་འཕྲུལ་རྟའི་ལྡིར་སྒྲ་དང་རྡུལ་འཚུབ་ཀྱིས་བར་སྣང་བཀང་འདུག སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་ཉི་ཤུའི་ཐོག་མང་ཚོགས་ཕལ་ཆེར་ཚོགས་འདུ་ཁང་དུ་འདུ་འཛོམས་བྱུང་སྟེ་ད་ལོའི་ཆུ་གློག་ལམ་གསུམ་གྱི་ལས་གཞི་དང་རྩྭ་སའི་ཁ་གསབ། དབྱར་རྩྭ་དགུན་འབུའི་རིན་གོང་། བཟའ་གྱོད་སོགས་ཁ་བརྡ་སྣ་ཚོགས་གློད་ཀྱིན་འདུག

དུས་ཚོད་བརྒྱད་དང་སྐར་མ་སུམ་བཅུའི་སྟེང་ཞང་ཀྲང་མཆོག་ལྡན་དང་སྡེ་བའི་ཧྲུའུ་ཅི་དང་པོ་ཚེ་རིང་སོགས་འབྲེལ་ཡོད་མགོ་ཁྲིད་རྣམ་པ་མང་ཚོགས་ཀྱི་གོང་ནས་མར་འཁོར་ཏེ་རྐུབ་སྟེགས་ལ་བསྡད་རྗེས། ཞང་ཀྲང་མཆོག་ལྡན་གྱིས་ཚོགས་རའི་ནང་དུ་ཡར་ལྟ་མར་ལྟ་འགའ་བྱས་རྗེས“ཡ། ཚང་མ་ཁ་རོག་གེར་སྡོད། ཚོགས་འདུ་མགོ་རྩོམ་རྒྱུ་ཡིན། གོང་ནས་གཏམ་བཤད་གནང་དུས་ཞོལ་ནས་ཁ་བརྡ་མི་བཤད་པ་དང་ཁ་པར་གྱི་སྒོ་བརྒྱབ་སྟེ་ནན་ཏན་གྱིས་ཉན་རྒྱུ་བཀའ་དྲིན་ཆེ”ཞེས་ཚོགས་འདུའི་སྒྲིག་ལམ་གཟབ་ནན་གྱིས་བཤད།

དེ་ལྟར་ཞང་ཀྲང་གིས་རེའུ་མིག་ཏུ་བཀོད་པའི་མིང་ཐོའི་གོ་རིམ་ལྟར་ཚོགས་མི་རེ་རེའི་མིང་ནས་བོས་རྗེས“བཟང་གི། དེ་རིང་མི་གཅིག་ཀྱང་མ་ཆད་པར་ཚོགས་འདུར་ཐོན་འདུག བསྡོམས་པས་མི་བརྒྱ་དང་དྲུག་ཅུ་འདུས”ཞེས་དགའ་སྤྲོས་ཁེངས་འདུག

ཞང་མི་དམངས་སྲིད་གཞུང་གི་དྲུང་ཡིག་གིས་ཚོགས་འདིའི་གོ་རིམ་ནི། དང་པོ། ཞང་ཀྲང་གིས་འབྲེལ་ཡོད་མགོ་ཁྲིད་ངོ་སྤྲོད་དང་། གཉིས་པ། སྡེ་བའི་ཧྲུའུ་ཅི་དང་པོའི་གཏམ་བཤད། གསུམ་པ། སྡེ་སྡོད་ལས་བྱེད་པའི་གཏམ་བཤད། བཞི་པ། སྡེ་བའི་ཏང་ཡོན་གྱིས་རང་སྐྱོན་རང་བརྗོད་དང་ཕན་ཚུན་སྐྱོན་བརྗོད་བྱེད་རྒྱུ། ལྔ་པ། ཞང་ཀྲང་གིས་ཚོགས་འདུར་སྤྱི་སྡོམ་བྱེད་རྒྱུ་བཅས་བྲིས་ཡོད་པར་ཞང་ཀྲང་གིས་འཁྱུག་ཙམ་བལྟས་རྗེས།

“ཡ། ཞོལ་ནས། ངས་འདིར་བཞུགས་ཀྱི་མགོ་ཁྲིད་རྣམ་པ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད། ངའི་གཡས་ཕྱོགས་ཀྱི་ཁོང་ནི་གོང་རིམ་པས་ང་ཚོ་གོང་དཀར་ཞང་སྟག་ལུང་སྡེ་བར་གསར་དུ་མངགས་པའི་ཧྲུའུ་ཅི་དང་པོ་ཚེ་རིང་རེད། གཡོན་ཕྱོགས་ཀྱི་ཁོང་ནི་ཚང་མའི་ཤེས་གསལ་ལྟར་སྡེ་སྡོད་ལས་བྱེད་པ་དོན་གྲུབ་རེད། ཐོག་མར་རང་སྡེ་བའི་ཧྲུའུ་ཅི་དང་པོ་ཚེ་རིང་གིས་གསུང་བཤད་གནང་རྒྱུ་ཡིན་པས་ཚང་མས་དགའ་བསུ་གནང་རོགས” ཞེས་བཤད་མ་ཐག་མང་ཚོགས་ཀྱིས་མིག་ཟུང་རིག་རིག་དང་རྣ་བ་ཅོར་ཅོར་གྱིས་ཐལ་མོ་ཡུན་རིང་ལ་བརྡབས་པ་དེས་ཧྲུའུ་ཅི་དང་པོར་ཡིད་ཆེས་དང་རེ་བ་བཅངས་པའི་ལྷག་བསམ་མཚོན་ཐུབ།

“ཡ། བཀའ་དྲིན་ཆེ། ངའི་མིང་ལ་ཚེ་རིང་ཟེར། ང་ནི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྟག་ལུང་སྡེ་བར་ཆེད་དུ་མངགས་པའི་སྡེ་བའི་ཧྲུའུ་ཅི་དང་པོ་ཡིན་པས། ངའི་འགན་ཁུར་རི་བོ་ལས་ཀྱང་ལྕི་བ་རེད། ཡིན་ཡང་ངས་ཐབས་བརྒྱ་ཇུས་སྟོང་གིས་སྣེ་ཁྲིད་དང་བཀོད་འདོམས་བྱས་ཏེ་ངེད་སྟག་ལུང་སྡེ་བའི་དབུལ་ཐར་གྱི་ཞྭ་མོ་འཕུད་པར་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཤུགས་རྒྱག་དགོས། དབུལ་ཐར་ནི་ཡིག་ཚགས་སྒྲིག་པ་དང་ཕྱིའི་རྣམ་པ་ཙམ་གཏན་ནས་མིན་པས་ང་ཚོས་ཕན་ཚུན་ལ་ཡིད་ཆེས་བྱས་ཆོག གལ་ཏེ་སང་ལོ་དབུལ་ཐར་གྱི་ཞྭ་མོ་འཕུད་མ་ཐུབ་ཚེ་ང་ཚོ་གཅིག་ཀྱང་ཐར་ས་མེད་པ་ཁྱེད་ཚོས་ལོས་ཤེས”ཞེས་ཀུ་རེ་དང་བདེན་གཏམ་འདྲེས་མའི་སྐད་ཆ་དེ་བཤད་མ་ཐག ཡང་བསྐྱར་དགོད་སྒྲ་དང་ཐལ་སྒྲས་ཚོགས་རའི་ཕྱི་ནང་གཉིས་ཀྱི་ལྷིང་འཇགས་དཀྲོགས་ཏེ་བྱ་འདབ་ཀྱི་ཁང་བྱིའུ་རྣམས་ཀྱང་འདྲོགས་ནས་འཕུར་སོང་།

ཧྲུའུ་ཅི་དང་པོས་བྲང་ཁུག་ལས་དབུ་ཤོག་དམར་པོ་ཅན་གྱི་ཡིག་ཆ་ཞིག་བླངས་ཏེ། “ངས་འདི་ནས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་དབུལ་པོ་རྣམས་ཕྱུག་སྒྱུར་གྱི་ལམ་དུ་ཇི་ལྟར་བསྐྱོད་དགོས་པའི་སྲིད་ཇུས་ཀྱི་དགོངས་དོན་སྐོར་ཁ་བརྡ་རང་བཞིན་གྱིས་མདོར་ཙམ་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པས་ཚང་མས་གཟབ་ནན་གྱིས་ཉན་པར་ཞུ”ཟེར་དུས་མང་ཚོགས་ཀྱིས་ཡིག་ཆའི་ཁྲོད་ཅི་ཞིག་བཤད་ཡོད་པར་སྐོམ་པའི་ཆུ་ལྟར་རེ་འདུག

“མི་དམངས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་པས་ཏང་དང་རྒྱལ་ཁབ་ཀྱིས་ཀྱང་དམངས་ཀྱི་བདེ་སྡུག་སེམས་ཀྱིས་རྟོགས་ཡོད། དབུལ་ཐར་གྱི་ཞྭ་མོ་ཕུད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་གོང་འོག་བར་གསུམ་ནས་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། དེ་བས་དབུལ་ཐར་གྱི་ཞྭ་མོ་འཕུད་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པའང་ཤེས་དགོས། འོན་ཀྱང་། དབུལ་ཐར་གྱི་ཞྭ་མོ་ནི་འཕུད་འདོད་ཚེ་ཕུད་ཆོག་པ་ཞིག་དང་གོན་འདོད་ཚེ་གོན་ཆོག་པ་ཞིག་ཀྱང་གཏན་ནས་མིན། དེ་ལ་དཔལ་འབྱོར་དང་འཚོ་བའི་ཆ་རྐྱེན་འཛོམས་པོ་ཞིག་བྱུང་ཚེ་ད་གཟོད་ངེས་པར་འཕུད་དགོས་པ་ཞིག་རེད། སྤྱིར་དབུལ་པོོ་ལས་ཐར་བར་མི་འདོད་པའི་མི་གཅིག་ཀྱང་ཡོད་མི་སྲིད་དེ། མིའི་རིགས་ཐུན་མོང་གིས་མི་རབས་ནས་མི་རབས་བར་འབད་བརྩོན་བྱེད་པ་ནི་དབུལ་པོོ་ལས་ཐར་ཏེ་བདེ་སྐྱིད་ཀྱི་འཚོ་བའི་ལམ་ཁར་བསྐྱོད་འདོད་པའི་ཕུགས་འདུན་ཡིན། དེ་བས་མི་གཅིག་ལས་ཀར་ཞུགས་པ་ནི་ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པའི་དབུ་ཁྱུད་ཡིན་ལ། ཁྱིམ་ཚང་གཅིག་དབུལ་ཐར་བྱེད་པ་ནི་སྡེ་བ་གཅིག་དབུལ་ཐར་གྱི་རྨང་གཞི་ཡིན། སྡེ་བ་གཅིག་དབུལ་ཐར་བྱེད་པ་ནི་ཞང་གྲོང་ཞིག་དབུལ་ཐར་བྱེད་པའི་སྟ་གོན་ཡིན། རིམ་བཞིན་ཆུང་ས་ནས་ཆེ་ས་དང་གཞི་རིམ་ནས་གྲོང་ཁྱེར་བར་མི་གཅིག་གམ་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་དབུལ་ཐར་བྱེད་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཕུགས་འདུན་ཡིན”ཞེས་དབུལ་ཐར་སྐོར་གྱི་སྲིད་ཇུས་དྲིལ་སྒྲོག་བྱས་རྗེས། ཡང་བསྐྱར་མང་ཚོགས་ཀྱི་རེ་བ་དང་སྤོབས་པས་ཁེངས་པའི་ལགས་སོ་དང་ཐལ་སྒྲ་ཡིས་ཚོགས་རར་སྔར་ལས་ལྷག་པའི་སྤྲོ་སྣང་བསྐྱིལ།

ཞང་ཀྲང་གིས“ཧྲུའུ་ཅི་དང་པོའི་གསུང་བཤད་ལ་མང་ཚོགས་ཀྱིས་གོ་སླའི་ཁ་བརྡ་རང་བཞིན་གྱི་ཁྱད་ཆོས་འདུག་པར་མ་ཟད། ཁོང་གི་སྤོབས་པ་དང་ཡིད་ཆེས་ཀྱིས་ང་ཚོ་ལ་སྐུལ་སློང་ཆེན་པོ་ཐེབས་སོང་། ངོ་མ། བཀའ་དྲིན་ཆེ། ཞོལ་ནས་སྡེ་སྡོད་ལས་བྱེད་པ་དོན་གྲུབ་ཀྱིས་གསུང་བཤད་གནང་རྒྱུ་རེད།” སྡེ་སྡོད་ལས་བྱེད་པ་དོན་གྲུབ་ཀྱིས“ཚང་མས་ཤེས་གསལ་རེད། ང་སྟག་ལུང་སྡེ་བར་ཡོང་ནས་ལོ་གཉིས་ལྷག་འགོར་འདུག དེའི་རིང་ལ་ངས་འཕྲུལ་རྟ་བཞོན་ནས་རི་མཐོ་ལུང་གཟར་དུ་ཡོད་པའི་ཁྱིམ་ཚང་རེ་རེར་སྒོ་ཉུལ་བྱས་ཏེ་སྡེ་བའི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། རང་སྡེ་བར་ཁྱིམ་ཚང་སུམ་བརྒྱ་ལྔ་བཅུ་ང་གཅིག་ཡོད་པ་དང་མི་གྲངས་སྟོང་གཅིག་དང་བརྒྱ་དང་སོ་ལྔ་ཡོད། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་དྲུག་སྟོང་ལྷག་ཡིན། དེའི་ཁྲོད་དུ་དབུལ་ཕོངས་ཁྱིམ་ཚང་དྲུག་ཅུ་རེ་གཉིས་ཡོད་པ་དང་མི་གྲངས་ཉིས་བརྒྱ་ལྔ་བཅུ་ཡོད། མཉམ་ལས་ཁང་དུ་ཞུགས་པའི་དབུལ་ཁྱིམ་བཅུ་གཅིག་ཡོད” ཅེེས་སྡེ་བ་སྤྱིའི་ཁྱིམ་གྲངས་དང་མི་གྲངས། ཟོག་གྲངས།

ཡོང་འབབ་དང་རྩྭ་སའི་རྒྱ་ཁྱོན་སོགས་ཞིབ་ཕྲའི་གནས་ཚུལ་ཆ་ཚང་བ་རེ་རེ་བཞིན་ངོ་སྤྲོད་གསལ་པོ་བྱེད་དུས། ཚང་མའི་སེམས་སུ་མང་ཚོགས་ཀྱི་སྡུག་གི་ཁུར་པོ་མཉམ་ཁུར་དང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་བྱེད་པའི་ལས་བྱེད་པ་དོན་གྲུབ་ཀྱི་བྱས་རྗེས་དང་དཀའ་སྤྱད་ཀྱི་མཛད་པ་དག་རེ་རེ་བཞིན་ཡིད་ལ་དྲན་དུས་སེམས་འགུལ་ཐེབས་ངེས།

ད་ནི་ཏང་ཡོན་གྱིས་རང་སྐྱོན་རང་བརྗོད་དང་ཕན་ཚུན་སྐྱོན་བརྗོད་བྱེད་པའི་དུས་ལ་བབས་ཡོད་པས། ཏང་ཡོན་ཚེ་བྱམས་ཀྱིས“ང་རང་གུང་ཁྲན་ཏང་ཡོན་བྱས་ནས་ལོ་ངོ་ཉི་ཤུ་འགོར་འདུག རང་ཉིན་ལ་མཚོན་ནའང་མི་སྐྱོན་མེད་འཛམ་བུ་གླིང་ན་མེད། ཤིང་འཛེར་མེད་རྒྱ་རྫོང་ནགས་ལ་མེད་ཟེར་བ་ལྟར། སྡེ་དམངས་ལ་ཞབས་ཞུ་དང་སྣེ་ཁྲིད་བཟང་པོ་བྱེད་མ་ཐུབ་པ་ནི་རང་ཉིད་ཀྱི་སྐྱོན་ཆ་ཡིན། ཡིན་ཡང་གནའ་ནས་ད་ལྟའི་བར་བློ་མཐུན་ཕག་གྲོལ་གྱི་བྱ་སྤྱོད་ལྟར་སྡེ་བར་ནང་དཀྲུགས་དང་རུལ་སུངས་ཀྱི་བྱ་བ་ངན་པ་གཅིག་ཀྱང་བསྒྲུབས་མ་མྱོང་བ་ནི་རང་ཉིད་ཀྱི་བཟང་ཆ་ཞིག་ཡིན་པར་འདོད་ཡོད”ཅེས་སྐད་གསང་མཐོན་པོས་མུ་མཐུད་ནས་བཤད་རྩིས་བྱེད་དུས།

ཏང་ཡོན་ཕག་གྲོལ་གྱིས་བཤད་མཚམས་བཅད་དེ“ཁྱོད་སྡོད། ཁྱོད་སྡོད། རང་སྐྱོན་རི་འདྲ་བ་བསྐྱུར་ཏེ། གཞན་སྐྱོན་ཤིག་འདྲ་བ་མ་བཤད། འོ་ན། ད་ལོ་ཁྱེད་རང་སྡེ་དཔོན་ལ་འདེམ་དུས་ཤ་ཉེ་རིང་དང་ཕྱོགས་ཁག་བསྒྲིགས་ཏེ་ཁྱེད་ལ་འདེམ་ཤོག་འཕེན་དགོས་པར་སྐད་འཕྲིན་གྱི་ཚོགས་པར་སྐུལ་སློང་བྱེད་པ་དང་། སྡེ་དཔོན་ལ་བདམས་རྗེས་དབུལ་སྐྱོར་དང་ལས་གཞིའི་སྐོར་ནས་མང་ཚོགས་ལ་འཐེན་འཁྱེར་ཡོད་པ་དེར་བཟང་ཆ་ཟེར་དགོས་སམ་སྐྱོན་ཆ་ཟེར་དགོས”ཞེས་ཁྲེལ་རྒོད་དང་བཅས་ཏེ་ཐད་ཀར་ཚ་འདྲི་བྱས།

“ཧིན། ང་སྡེ་དཔོན་དུ་ཇི་ལྟར་བདམས་པ་དེ་ཁྱོད་ཀྱིས་བཤད་དགོས་པ་ཞིག་མ་རེད། དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞང་མི་དམངས་སྲིད་གཞུང་གིས་ཁྲིམས་མཐུན་གྱི་སྒོ་ནས་འདེམ་ཤོག་འཕངས་ནས་བདམས་པ་ཡིན།”

མི་དམངས་ཀྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར་བ་ལྟར། ཀན་བཤད་པ་དང་འདི་མི་བཤད་ཟེར་བ་ཞིག་མེད་དེ། ཀན་ཚང་ལ་རླངས་འཁོར་དང་འཕྲུལ་རྟ་ཡོད་བཞིན་དུ་དབུལ་ཁྱིམ་དུ་བདམས་དོན་ཅི་ཡིན། ཀན་ཚང་ལ་ངལ་རྩོལ་པ་གསུམ་ཡོད་བཞིན་དུ་དབུལ་ཕོངས་ཁྱིམ་ཚང་དུ་བདམས་དོན་ཅི་ཡིན། ངེད་ཚང་ལ་ནད་པ་དང་རྒན་པ་ལས་ངལ་རྩོལ་པ་གཅིག་ཀྱང་མེད་པ་མིག་མཐོང་ལག་ཟིན་ཡིན་མོད་དབུལ་ཕོངས་ཀྱི་གྲས་སུ་མི་འཇོག་དོན་ཅི་ཡིན། ངེད་ཚང་གི་འཚོ་བའི་ཆ་རྐྱེན་ཞན་པ་ནི་ཞང་དང་སྡེ་བའི་མགོ་ཁྲིད་ཀྱིས་ཀྱང་རིག་མྱོང་མོད་དམིགས་བསལ་གྱི་རོགས་སྐྱོར་གཅིག་ཀྱང་མེད་དོན་ཅི་རེད། ཀན་ཚང་གི་མི་ཚང་མའི་ལུས་ཁམས་བདེ་ཐང་ཡིན་ཡང་དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ཡོད་དོན་ཅི་ཡིན། འདི་ཚང་ལ་ནོར་ལུག་དང་སྨན་རྩྭའི་ཐོན་ཁུངས་མོད་པོ་ཡོད་ཀྱང་མ་མཐའི་འཚོ་བའི་འགན་སྲུང་དུ་འཇོག་དོན་ཅི་ཡིན། ཀན་ཚང་ལ་ནགས་སྲུང་དང་རྩྭ་སྲུང་གཉིས་ཀྱི་སྒོར་མོ་འབབ་དོན་ཅི་རེད། སྟག་ལུང་སྡེ་བའི་དྲིན་ཆེན་པོ་ཡིན་ནམ་ཅི། འདི་ལྟར་བྱས་ན་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་ཐུབ་བམ། ཞེས་རང་རང་སོ་སོ་ནས་བསམ་འཆར་དང་གྲོས་གཞི། འཁང་ར་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་འཕྲོག་རྩོད་བྱས་ཏེ་བཤད་ནས་དུས་ཚོད་ཡུན་རིང་སོང་།

ལས་འཁྱུར་ངལ་གསོ་བྱས་ཟིན་པའི་སྡེ་དཔོན་དར་སྐྱབས་ཀྱིས་ཉན་གྱིན་ཉན་གྱིན་ཁོང་ཁྲོའི་མེ་ལྕེ་ཤུགས་ཀྱིས་འབར་ཏེ་འགོག་ཐབས་མེད་པས་ན“ང་ཚོ་སྡེ་བའི་ཁྱིམ་ཚང་རེ་འགའ་ཞིག་སྔོན་ནས་ད་ལྟའི་བར་རྒྱལ་ཁབ་ཀྱི་རོགས་སྐྱོར་དང་མུག་སྐྱོབ་ལ་ཁེན་ནས་འོངས་པ་རེད། ད་དུང་འདི་ལྟར་མི་རབས་ནས་མི་རབས་བར་དབུལ་པོའི་མེད་མུག་ལས་ཐར་ཐབས་མེད་པའི་རྒྱུ་མཚན་ནི་རང་ཉིད་ཀྱིས་འབད་བརྩོན་མ་བྱས་པའི་ངན་འབྲས་རེད། སྤྱིར་དབུལ་ཕྱུག་གི་ཁྱད་པར་ནི་མི་རང་ཉིད་ལ་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཡོད་མེད་ལ་རག་ལས་པ་ལས། གཞན་གྱིས་ཁྱེད་ཀྱི་སྐལ་འཕྲོག་སོང་བ་མ་རེད། ངོ་མི་ཚའམ། ནད་པ་དང་ལོ་ལོན་མ་རེད། ཕོ་གསར་མོ་གསར་དག་གིས་ཟ་འཐུང་ཁོ་ན་ལས་གཞན་ཅི་ཡང་བསྒྲུབ་མི་ཐུབ་པས་རྒྱུ་མཚན་ཅི་རེད” ཅེེས་ཚོགས་རའི་ཉོག་དྲ་དེ་རེ་ཞིག་ལྷང་འཇགས་སུ་བཏང་།

ཏང་ཡོན་རྒན་པ་ཚེ་གཟུངས་ཡང་སྔུན་ལ་ནུར་ཙམ་བྱས་ཏེ“དར་སྐྱབས་ཀྱིས་བཤད་པ་ཀན་ངོ་མ་བདེན་གི། ཁ་སང་དེ་རིང་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ཏེ་ཆུ་གློག་ལམ་གསུམ་སྟབས་བདེ་ཡིན་པ་དང་། ནད་པར་སྨན་རིན་མི་དགོས་ཤིང་སློབ་མར་སློབ་རིན་མི་དགོས་པ། འདུག་ས་མེད་ཚེ་སྡོད་ཁང་ཡོད་པ། དྭ་ཕྲུག་དང་རྒན་པ་ཡིན་ཚེ་རྒྱལ་ཁབ་ཀྱིས་སྙོར་སྐྱོང་བྱེད་པ། ཐ་ན། ལྟོ་རྒྱབ་ཀྱང་རིན་མེད་དུ་སྦྱིན་པའི་སྲིད་ཇུས་ཉི་མ་འདྲ་བོ་འདིའི་བཀའ་དྲིན་ཤེས་ན་རེད། དབུལ་པོ་ཚོས་ཀྱང་རྐང་ལག་ཙམ་ཡང་འགུལ་མི་འདོད་པར་ནམ་རྒྱུན་གནམ་ཁོ་ནར་ཁ་གདངས་པ་དང་གཞན་ཁོ་ནར་ལག་པ་སྲིང་བའི་གོམས་སྲོལ་ནི་སྒྱིད་ལུག་དང་རྗེས་ལུས་ཀྱི་བསམ་བློ་ཡིན་པར་མ་ཟད། ཆོས་སྲིད་གཉིས་ཀྱི་གང་ལའང་མི་མཐུན་པའི་རུལ་སུངས་ཀྱི་བྱ་སྤྱོད་ཅིག་མིན་པའི་ངེས་པའང་མི་འདུག གཟབ་གཟབ་བྱེད་རན་རེད”ཟེར་དུས་ཚང་མ་དལ་ཅག་གེར་གྱུར།

སྔོན་ཆད་མུག་སྐྱོབ་དང་རྒུད་སྐྱོབ་བྱེད་དགོས་པའི་ཁྱིམ་ཚང་མེད་པོའི་གྲས་སུ་ཡོད་ཚེ་མི་སུ་ཡིན་ཡང་ཁོག་དཔུང་དང་ལ་རྒྱའི་མགོ་བོ་འགྱོག་ཐབས་མེད་པས་ཚང་མས་འཛེམ་དོགས་བྱེད་མོད། ད་ལྟའི་དུས་སུ་དབུལ་ཁྱིམ་གྱི་མིང་ལེན་པའི་ཆེད་དུ་སྡེ་བའི་ནང་དམར་འཛིང་བྱེད་པ་དང་ཕ་བུའི་བར་འཁོན་འཛིང་བྱེད་པ། དབུལ་པོའི་ཁྱིམ་ཚང་གི་མིང་ལོན་ཚེ་དེ་ནི་དཔའ་རྟགས་ཤིག་དང་གཟི་བརྗིད་ཅིག་ཏུ་རྩི་བཞིན་འདུག དབུལ་པོོའི་ཁྱིམ་ཚང་གི་གྲས་སུ་ཞུགས་ཏེ་རྒྱལ་ཁབ་ཀྱི་གྲོན་དངུལ་དང་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་ཆེད་ཁྱིམ་ཚང་གཅིག་ཡིན་ཡང་ནད་པ་དང་རྒན་པ་ཡོད་ཚེ་ཁྱིམ་ཐོ་ལོགས་སུ་བཀར་ཏེ་མི་རེར་ཁྱིམ་ཐོ་རེ་ཡོད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དང་། གོང་རིམ་གྱི་མགོ་ཁྲིད་ལས་བྱེད་པ་ཐོན་དུས་ལྟོ་རྒྱབ་སྡུག་ཚུལ་གྱི་མེད་མུག་གིས་མིག་ཆུ་འདོན་པའི་བྱ་སྤྱོད་ངན་པ་དེ་འཇགས་ཐབས་མེད།

ད་ནི་ཉི་མའང་ནུབ་རིའི་རྩེ་མོ་ནས་སེར་ལམ་ལམ་གྱིས་ཚང་མལ་དུ་གཟིམ་ལ་ཉེ་ཞིང་། ཚོགས་ཞུགས་རྣམས་ཀྱང་ལྟོགས་སྐོམ་གྱིས་གྲོད་ཁོག་ཚ་ལམ་ལམ་བྱེད་བཞིན་ཡོད་པས་ཚོགས་འདུ་གྲོལ་བར་རེ་སྒུག་བྱས་ཡོད།

ཞང་ཀྲང་གིས“རེད། ངོ་མ་བཟང་གི། དེ་རིང་གི་ཚོགས་འདུར་དོན་སྙིང་ཆེན་པོ་འདུག རང་གཞན་གཉིས་ཀྱི་སྐྱོན་ཆ་འཛེམ་དོགས་མེད་པར་དམར་རྗེན་དུ་བཤད་ཕོད་པ་ནི། ཕན་ཚུན་བར་ཤ་འཁོན་དང་དགྲ་སེམས་ཡོད་པ་མ་རེད། འདི་ནི་ཏང་ཡོན་རྣལ་མ་ཞིག་གི་གསར་བརྗེའི་སྙིང་སྟོབས་དང་སྤྱོད་སྟངས་རེད། འདི་ནི་ངེད་སྟག་ལུང་སྡེ་བར་ཤ་ཚ་སྙིང་ཉེ་ཡོད་པའི་དན་རྟགས་རེད། ཡང་ན་སང་ལོ་དབུལ་ཐར་གྱི་ཞྭ་མོ་འཕུད་པའི་སྔོན་འགྲོའི་སྟ་གོན་རེད། ད་ནི་དུས་ཚོད་ཀྱང་མང་པོ་མི་འདུག ད་ཚོགས་འདུ་གྲོལ། ”

རླངས་འཁོར་དང་འཕྲུལ་རྟའི་ལྡིར་སྒྲ་རྣ་བར་གཟན་པ་དེས་སྟག་ལུང་སྡེ་བའི་རི་ལུང་གི་ལྷིང་འཇགས་དཀྲོགས་ཏེ་རང་རང་གི་ཁྱིམ་སོར་བསྙེགས་སོང་།

ཧྲུའུ་ཅི་དང་པོའི་སེམས་སུ། རྩོད་ཉོག་ཆེ་བའི་སྡེ་བ་ཞིག་གི་དབུལ་ཐར་གྱི་ཞྭ་མོ་འཕུད་རྒྱུ་ནི་ཤིན་ཏུ་ཁག་པོ་རེད་སྙམ་བཞིན་ངལ་དུབ་དང་འདང་རྒྱག་གི་ཁྲོད་ནས“དབུལ་ཐར་གྱི་ཞྭ་མོ”སེམས་སུ་ཉར་ནས་གཉིད་དུ་ཡུར། རྨི་ལམ་གྱི་ཁྲོད་དུ་སྟག་ལུང་སྡེ་བའི་དབུལ་ཐར་གྱི་ཞྭ་མོ་ཕུད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་ཧྲུའུ་ཅི་དང་པོ་རྫོང་དབུལ་ཐར་ཅུས་ཀྱི་ཅུས་ཀྲང་དང་པོར་བཞག་སྟེ་དགའ་བསུ་བྱེད་པའི་ཐལ་སྒྲ་ཡིས་ཁོ་རང་ནམ་གུང་གཉིད་ལས་དཀྲོགས་སོང་། ཁོས་ཐ་མག་རྐང་གཅིག་མེར་བསྒྲོན་ནས་ཡང་བསྐྱར་ཁ་སང་གི་ཚོགས་འདུའི་ཁྲོད་ཀྱི་ཕན་ཚུན་སྐྱོན་བརྗོད་བྱས་པའི་གནད་དོན་དག་ལ་བསམ་གཞིག་མི་གཏོང་ག་མེད་བྱུང་། །   

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།