སྔོན་ བྲག་ སྐྱ་ སེང་ གེ་ ཕུག་ ཅེས་ པ་ ན་ སྒོམ་ ཆེན་ ཞིག་ ཡོད། ནམ་ སྲོད་ ཙམ་ ན་ སྤྱིལ་ བུའི་ ནང་ དུ་ ཚེག་ ཆོམ་ གྱི་ སྒྲ་ མང་ པོ་ གྲགས་ པས་ ཕྱི་ ཉིན་ མཆོད་ འབྲུ་ མཎྜལ་ རྩམ་ པ་ སོགས་ སྐྱ་ ཐེ་ རེ་ བཏང་ འདུག དེའི་ ནུབ་ ཕོར་ རྙི་ ཞིག་ བཙུགས་ ཏེ་ བཞག་ པས་ སྐབས་ ཤིག་ ལ་ ཁོབ་ ཁྲོབ་ སྡིག་ ཆོམ་ ཟེར་ བས་ སྒོམ་ ཆེན་ བལྟར་ ཕྱིན་ པ་ ན་ རྫ་ ར་ སེར་ སྐྱ་ དང་ བྱི་ བ་ སྨུག་ ཆུང་ གཉིས་ མིག་ ནག་ སེང་ ངེ་ འདུག སྒོམ་ ཆེན་ གྱིས་ “ང་ ཡི་ མཆོད་ གཏོར་ རྐུ་ མཁན་ སུ ”ཞེས་ དྲིས་ ཚེ། ཁོ་ གཉིས་ ནས་ གྲུ་ མོ་ སུག་ སུག་ མགོ་ ཆུང་ སིག་ སིག་ བྱེད་ བཞིན་ “ངེད་ གཉིས་ རྒྱུ་ ནོར་ འཛོམས་ པའི་ ཨ་ ཕོ་ ཡིན། སྒོམ་ ཆེན་ ནོར་ ལ་ འགྲམ་ ཆུ་ སྐྱེ་ དགོས་ མེད ”ཅེས་ པས་ སྒོམ་ ཆེན་ གྱིས་ བདེན་ ཡང་ སྲིད་ སྙམ་ སྐབས། ཁྱིམ་ མཚེས་ རྗ་ ར་ བློ་ ལྡན་ ན་ རེ། “སྒོམ་ ཆེན་ ལགས། བྱ་ བ་ ཐམས་ ཅད་ བརྟགས་ ནས་ བྱེད། བརྟགས་ པའི་ བྱ་ བར་ ཕུགས་ མི་ འགྱོད ”ཅེས་ པས་ སྒོམ་ ཆེན་ གྱིས་ བདེན་ ཟེར་ བཞིན་ སླར་ ཡང་ མཆོད་ གཏོར་ གསར་ པ་ བཞེངས། ཕོར་ རྙི་ བཙུགས་ ཏེ་ བཞག་ ཡང་ ཐོ་ རེངས་ སྐབས་ ཚེག་ ཆོམ་ ཙིག་ ཙིག་ ཟེར་ བཞིན་ འདུག སྒོམ་ ཆེན་ གྱིས་ རྩིད་ སྐུད་ དང་ སྤུ་ གྲི། བཞུས་ མར་ བཅས་ ཁྱེར་ ཏེ་ བལྟས་ པས་ སྤགས་ ཕོར་ གྱི་ འོག་ ན་ སེར་ སྐྱ་ སྨུག་ ཆུང་ གཉིས་ ངོ་ སྤས་ ཏེ་ མིག་ ནག་ སེང་ ངེ་། ཁ་ རྩམ་ རལ་ ཛ་ རེ་ འདུག སྒོམ་ ཆེན་ གྱིས་ རྩིད་ སྐུད་ ཀྱིས་ ཡན་ ལག་ བཀྱིགས། རྣ་ བ་ དང་ མཇུག་ མའི་ རྩེ་ ནས་ རྡོག་ ཙམ་ བཅད། བཞུས་ མར་ གྱིས་ ཁ་ སྤུ་ དང་ སྨིན་ མ་ བསྲེགས་ ཏེ་ བཏང་ བས་ ཙིག་ ཙིག་ ཟེར་ བཞིན་ རང་ གི་ ཁུང་ བུ་ ལ་ འཛུལ་ སོང་ ངོ་།
ཕྱི་ ཉིན་ ཁོ་ གཉིས་ གྱིས་ གྲོས་ བྱས་ ཏེ་ སྒོམ་ ཆེན་ ལ་ དགྲ་ ཤ་ ལེན་ འོངས། སྒོམ་ ཆེན་ གྱིས་ “མཆོད་ གཏོར་ སུས་ བརྐུས་ མི་ བཤད་ ན་ རྐང་ ལག་ འབྲེག་ པའང་ ཐག་ མི་ རིང་ ”ཟེར་ ཡང་། ཁོ་ གཉིས་ སྔར་ ལས་ དམུ་ རྒོད་ དུ་ གྱུར་ ཏེ་ “སྒོམ་ ཆེན་ གྱིས་ ངེད་ གཉིས་ ལ་ ཆེ་ འདོན་ མི་ བྱེད་ ན། རྫ་ ར་ དང་ བྱི་ བའི་ དམག་ བཀུག་ སྟེ་ སུ་ ཕམ་ རྗེས་ ནས་ ལྟད་ མོ་ བལྟ་ ”ཟེར་ ཞིང་ ལོགས་ དེར་ བསྡད། དེའི་ ཚེ་ སེར་ སྐྱ་ སྨུག་ ཆུང་ གཉིས་ ཀྱིས་ ཚང་ ལ་ གནོད་ པ་ བཟོས་ པའི་ སྲེག་ པ་ མ་ བུ་ གཉིས་ འདུག་ པས་ བུ་ དེས་ མ་ ལ་ “ཨ་ མ་ རྫ་ ཙིག་ གཅིག་ གི་ མཇུག་ མ་ བཅད་ འདུག ”ཅེས་ པས་ ཁོ་ གཉིས་ སེར་ སྐྱ་ སྨུག་ ཆུང་ གི་ མདུན་ དུ་ འོངས། རྫ་ ཙིག་ གཉིས་ ལ་ ངོ་ མཚང་ བྲུས་ རྗེས་ འཕུར་ སོང་། ཡང་ དེའི་ ཚེ་ ཤིང་ སྤེན་ མ་ ཞིག་ གི་ གསེབ་ ནས་ བྱེའུ་ མཆུ་ རིང་ ཏིང་ ཏིང་ གཉིས་ ཡོད་ པས་ ཁོ་ གཉིས་ ཀྱིས་ རྫ་ ཙིག་ གིས་ སྒོམ་ ཆེན་ ལ་ དྲིན་ ལན་ ལོག་ འཇལ་ བྱས་ པའི་ གཏམ་ ལབ་ པ་ དང་། ཁོ་ གཉིས་ སྒོམ་ ཆེན་ གྱི་ དྲུང་ དུ་ ཕྱིན་ ཏེ་ སྒོམ་ ཆེན་ ལ་ སེམས་ གསོ་ ཞུས་ སོ། །ཡང་ སྤང་ ཁ་ ཞིག་ ན་ རྫ་ ཙིག་ བཀྲ་ ཤིས་ དང་ དོན་ གྲུབ་ ཟེར་ བ་ གཉིས་ འདུག་ པས་ ཁོ་ གཉིས་ ཀྱིས་ མེ་ ཆུང་ དུས་ ནས་ བསད་ ན་ བཟང་ བ་ ལྟར་ འདི་ ལྟར་ གྱོད་ གཞི་ ཇེ་ ཆེར་ གྱུར་ ན་ ཡུལ་ ཁམས་ མི་ བདེ་ བར་ འགྱུར་ བས་ རང་ རེས་ སྡུམ་ བྱས་ ན་ དྲག་ ཟེར་ བ་ བཞིན་ རྫ་ ཙིག་ གཉིས་ ལ་ འདུམ་ བྱེད་ དུ་ སོང་ ཡང་ ཁོ་ གཉིས་ ཀྱིས་ ཕྱིར་ ངོ་ མཚང་ དེ་ འདྲ་ བྲུས་ པས་ ཁོ་ གཉིས་ ཕྱིར་ མི་ ལོག་ ཀ་ མེད་ བྱུང་།
སྐབས་ དེར་ སྒོམ་ ཆེན་ ཐུགས་ སྐྱོ་ བ་ ཞིག་ བྱུང་། ནམ་ མཁར་ བལྟས་ པས་ ནམ་ མཁའ་ ན་ རྒོད་ པོ་ ཞིག་ འཕུར་ འགྲོ་ བ་ མཐོང་ སྟེ་ ཁོ་ གཉིས་ གཏམ་ འཕྲོས་ མཛད་ པ་ དང་། རྒོད་ པོས་ སྒོམ་ ཆེན་ ལ་ སེམས་ གསོ་ ཡང་ ཡང་ མཛད་ རྗེས་ གཞན་ ཞིག་ ཏུ་ འཕུར་ སོང་ ངོ་། །ཡང་ སྤྱིལ་ བུའི་ ལྟག་ རྒྱབ་ ཏུ་ སྡོད་ པའི་ གོང་ མོ་ གཉིས་ ཀྱིས་ མ་ བཟོད་ པར་ ཕུང་ དཀྲུག་ སྡེ་ བཤིགས་ གི་ ལས་ འདི་ སྤངས་ ན་ བཟང་ བའི་ བསླབ་ བྱ་ རྫ་ ཙིག་ གཉིས་ ལ་ བྱས་ ཀྱང་ ཁོ་ གཉིས་ ནས་ མུ་ མཐུད་ དུ་ ལྟ་ བ་ མཁྲེགས་ འཛིན་ བྱས་ པས་ གནས་ དེར་ འདུག་ པའི་ བྱེའུ་ ཅོ་ ཀ་ གཉིས་ ཀྱིས་ གོང་ མོ་ གཉིས་ ལ་ བསླབ་ བྱ་ གནང་ སྟེ། “མི་ ཉན་ པ་ ལ་ ཁ་ ཏ་ བྱེད་ པ་ ནི། གྱོང་ པོའི་ ཤིང་ ལ་ མདུད་ པ་ རྒྱག་ པ་ འདྲ ”ཟེར་ ཞིང་ འཕུར་ སོང་།
སྐབས་ དེར་ ཡང་ རྫ་ ཙིག་ གཉིས་ ཀྱིས་ གྲོས་ བྱས་ པ་ ལ། ད་ རེབ་ ཀྱི་ བྱ་ བ་ འདི་ རྒྱུ་ ཆུང་ ལ་ རྐྱེན་ ཆེ་ བས་ རང་ རེས་ གྲོགས་ པོ་ དཀར་ ཆུང་ དང་ བསམ་ གཏན་ གཉིས་ ལ་ གྲོས་ བྱས་ ན་ ཨ་ ཅང་ དྲག་ ཟེར་ བཞིན་ དཀར་ ཆུང་ དང་ བསམ་ གཏན་ གཉིས་ འབྲིད་ ཐབས་ བྱས་ ཀྱང་ དེ་ གཉིས་ ཀྱིས་ མ་ ཉན་ པར་ ལ་ ཆུང་ ཞིག་ བརྒལ་ ཏེ་ སོང་། ཡང་ སྨུག་ ཆུང་ གི་ བསམ་ པ་ ལ། ཞང་ པོ་ སྤོ་ ཐང་ དཔུང་ དུ་ བཅོལ་ དྲག་ སྙམ་ སྟེ་ རྫ་ གསེབ་ ཅིག་ ན་ སྤོ་ ཐང་ ཟེར་ བའི་ ཙི་ གུ་ རྒད་ པོ་ ཞིག་ ཡོད་ པ་ དེ་ ལ་ དཔུང་ རོགས་ བྱེད་ དགོས་ པར་ བཅོལ་ ཡང་ སྤོ་ ཐང་ གིས་ མ་ ཉན། སྐབས་ དེར་ རྡོ་ གསེར་ ཅིག་ ན་ སྲེ་ མོང་ ཞིག་ འདུག་ པ་ དེ་ ཁོང་ ཁྲོ་ ལངས་ ཏེ་ “སྒོམ་ ཆེན་ ལ་ བརྙས་ དམོད་ བྱེད་ མི་ ཆོག ”ཅེ་ མཇུག་ མ་ གཟེང་ གཟེང་ བྱས་ པ་ ན། ཁོ་ གཉིས་ ཅུང་ འཇིགས་ ཏེ་ སྲེ་ མོང་ གི་ བཀའ་ ལ་ གྱེན་ ལྡོག་ མི་ བྱེད་ ཀྱང་། ལྐོག་ ཏུ་ གྲོས་ བྱས་ ཏེ་ ཕུ་ ཞིག་ ན་ ཙི་ གུ་ སྲེག་ ཤོར་ ཟེར་ བ། མེ་ ལས་ དབལ་ ཚ་ བ། ཆུ་ ལས་ རྦ་ དྲག་ པ་ ཞིག་ འདུག་ པ་ དེའི་ སྐྱེས་ སུ་ གྲོ་ མའི་ ཐུམ་ གཅིག ཟན་ དང་ འབྲུ་ སྣ་ འདྲེས་ མའི་ ཐུམ་ གཅིག ཇ་ མར་ འདྲེས་ པའི་ ཐུམ་ མཐེ་ བོང་ ཙམ། རང་ དར་ གྱི་ ཚན་ གྲངས་ བཅས་ ཕུལ་ ཏེ། པུས་ མོ་ ས་ ལ་ བཙུགས། ཐལ་ མ་ ཀྲོང་ ཀྲོང་ བྱས་ ནས་ དཔུང་ རོགས་ ཞུས་ པ་ ན། ཙི་ གུ་ སྲེག་ ཤོར་ དེ་ ཧ་ ལས་ པ་ ལྟར་ བྱས་ ཏེ་ རྐང་ པས་ ས་ བུན་ བུན་ དུ་ གཏོར། ཁ་ སྤུ་ དང་ སྨིན་ མ་ གྱེན་ ལ་ གཟེངས། འདུར་ འདུར་ རྒྱུག་ སྟེ་ སྒོམ་ ཆེན་ གྱི་ མདུན་ དུ་ སླེབས་ པའི་ ཚེ། བྲག་ གི་ ལོགས་ སུ་ ཨོག་ དཀར་ འཇིགས་ སུ་ རུང་ བ་ ཞིག་ བབས་ ཏེ་ སྡེར་ བཞི་ ས་ ལ་ བགྲད། མཆེ་ བ་ གཙིགས་ ཤིང་ ཁྲོ་ གཉེར་ བསྡུས་ ཏེ་ སྒོམ་ ཆེན་ རྒྱབ་ རྩ་ མནན་ པ་ ན་ སྲེག་ ཤོར་ སྐྲག་ སྟེ་ རྡོ་ གསེབ་ ཅིག་ ལ་ བྲོས་ ཤིང་། འདར་ ཁུལ་ ཁུམ། བྲུན་ འཛར་ འཛར་ དུ་ བསྡད། དེའི་ ཚེ་ བྲག་ འོག་ ཅིག་ ན་ ཕུག་ རོན་ དགེ་ བརྙེན་ ཟེར་ བ་ ཞིག་ འདུག་ པ་ དེས་ སྲེག་ ཤོར་ བྲོས་ པ་ ལ་ ངོ་ མཚང་ བྲུས་ ན། རྫ་ ཙིག་ གཉིས་ སྐྲག་ སྟེ་ སྒོམ་ ཆེན་ ལ་ ཕྱག་ བྱས། རྐུན་ མ་ བྱས་ པ་ ངོས་ ལེན་ བྱས། ཕྱིན་ ཆད་ མི་ བརྐུ་ བའི་ དམ་ བཅའ་ བཞག་ ཅིང་། སྒོམ་ ཆེན་ གྱིས་ རྫ་ ཙིག་ རྣམས་ བསྡུས་ ཏེ་ ཆོས་ ཀྱི་ གླེང་ མོ་ བྱས་ པ་ དེ་ ནས་ བཟུང་ རྫ་ ཙིག་ གིས་ སྒོམ་ ཆེན་ ལ་ གནོད་ པ་ མེད་ ཅིང་ དགེ་ སྦྱོར་ འཕེལ་ ཅིང་། ཐམས་ ཅད་ མཛའ་ ཞིང་ མཐུན་ པའི་ བསྐལ་ བ་ བཟང་ པོ་ ཞིག་ ཤར་ རོ། །ཞེས་ པའོ། །