མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

མཚོ་སྲིད་གཞུང་ལས་ཐིང〔2018〕ཨང172པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཐིང་། ཅུས་སོ་སོ་བཅས་ལ།

རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》( རྒྱལ་གཞུང་སྤེལ〔2018〕ཨང27པ)ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་ནན་མོ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི(གཤམ་དུ་སློབ་གྲྭ་རིགས་གཉིས་ཞེས་བསྡུ་རྒྱུ)སློབ་སྒྲུབ་ཆ་རྐྱེན་སྔར་བས་ལེགས་སྒྱུར་དང་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་བར། སློབ་གྲྭའི་བར་གྱི་སློབ་སྒྲུབ་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། འོས་འགན་སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་ནས། འདྲ་མཉམ་སྤུས་ལེགས་ཀྱི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་འབད་བརྩོན་སྒོས་ལེགས་པོར་བསྒྲུབ་ཆེད། ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་བ་བརྒྱུད་དེ་གཤམ་གྱི་ལག་བསྟར་བསམ་འཆར་དག་བཏོན་པ་ཡིན།

གཅིག སྤྱིའི་བླང་བྱ།

(གཅིག) མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་སྒོས “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་དང་། མིའི་ཐད་ལ་མ་དངུལ་གཏོང་བའི་འཐབ་ཇུས་ལག་ཏུ་བསྟར་བར་དམ་པོར་དམིགས་ནས། ཁྲིམས་བཀོད་ཀྱི་འགན་འཁྲི་དངོས་གནས་ལག་བསྟར་དང་། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་གཙིགས་སུ་བཟུང་ཐོག མ་མཐའི་བསམ་བློ་རྒྱུན་འཁྱོངས་དང་རྨང་གི་འགག་གཏོར་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་བཅོས་སྒྱུར་གོང་སྤེལ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏང་དགོས་ཤིང་། སློབ་གྲྭ་རིགས་གཉིས་འཛུགས་སྐྲུན་དང་དོ་དམ་ཐད་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་མུ་མཐུད་དུ་ཇེ་མཐོར་བཏང་ནས། སློབ་གསོ་དེང་རབས་ཅན་མགྱོགས་མྱུར་ངང་མངོན་འགྱུར་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། སྔར་བས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་པར་རྨང་གཞི་བརྟན་པོ་གདིང་དགོས།

(གཉིས།) རྩ་བའི་རྩ་དོན།

གཅིག་གྱུར་གྱིས་འཆར་འགོད་དང་ཁྱབ་ཚུལ་ལུགས་མཐུན་དུ་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་དང་རོང་འབྲོག་ཁུལ་གྱི་སློབ་གྲྭ་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རོང་འབྲོག་ཁུལ་གྱི་སློབ་གསོའི་འཆར་འགོད་ཁྱབ་ཚུལ་ལེགས་སྒྱུར་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭ་རིགས་གཉིས་སྒྲིག་འཛུགས་བྱེད་པ། སློབ་མ་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བ་དང་འོས་འགན་སློབ་གསོ་ལེགས་པོ་མྱོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། རྒྱ་ཆེ་བའི་ཞིང་སྡེའི་སློབ་མས་འདྲ་མཉམ་སྒོས་སློབ་གསོ་མྱོང་པའི་དབང་ཆར་དངོས་གནས་འགན་སྲུང་བྱ་དགོས།

གཙོ་གནད་འགན་སྲུང་དང་མ་མཐའི་ཚད་ཐིག་བསྲུང་དགོས། ཞིང་སྡེའི་འོས་འགན་སློབ་གསོ་དམིགས་བསལ་གྱིས་སྔོན་ལ་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་བྱེད་དུས་སློབ་གྲྭ་རིགས་གཉིས་གཙོ་གནད་དུ་བཟུང་ནས་འགན་སྲུང་བྱ་དགོས། རིགས་དབྱེ་མཛུབ་སྟོན་དང་གནད་འཁེལ་ཇུས་བསྟར་ཤུགས་དྲག་ཏུ་གཏོང་བ་དང་། ཞིང་ཆེན་གྱི་གནས་ཚུལ་དང་རྫོང་གི་གནས་ཚུལ། སློབ་གྲྭའི་གནས་ཚུལ་དངོས་ལ་རྐང་བཙུགས་ཐོག ཁ་ཚ་དགོས་གཏུག་གི་དགོས་མཁོ་ནས་མགོ་བརྩམས་ཏེ། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སློབ་ཁྲིད་ཡོ་ཆས་སྒྲིག་སྦྱོར་ལ་སྐུལ་འདེད་སྒོས་སློབ་གྲྭ་རིགས་གཉིས་ཀྱི་སློབ་སྒྲུབ་ཆ་རྐྱེན་གྱི་ཞན་ཆ་ཁ་གསབ་དགོས། གྲོན་དངུལ་གཏོང་སྤྱོད་ལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། སློབ་གྲྭ་རིགས་གཉིས་རྒྱུན་ལྡན་བཞིན་འཁོར་སྐྱོད་ལ་དངོས་གནས་འགན་སྲུང་བྱ་དགོས།

ལམ་ལུགས་འཐུས་ཚང་དུ་བཏང་ནས་སྐྲུན་འདོམས་མཉམ་འཛིན་བྱ་དགོས། ཞིང་ཆེན་གྱི་གནས་ཚུལ་དང་འཚམ་པའི་སློབ་གྲྭ་རིགས་གཉིས་ཀྱི་སྲིད་ཇུས་འགན་སྲུང་མ་ལག་དང་སློབ་གྲྭ་འཛུགས་སྐྲུན་ཚད་གཞི་འཐུས་ཚང་དུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་ཀྱི་ཡོ་ཆས། དགེ་རྒན་གྱི་དཔུང་སྡེ། གྲོན་དངུལ་འགན་སྲུང་། སློབ་གསོ་སློབ་ཁྲིད། ནམ་རྒྱུན་གྱི་དོ་དམ་སོགས་ལམ་ལུགས་འཐུས་ཚང་དུ་གཏང་དགོས་ལ། སློབ་གྲྭ་རིགས་གཉིས་ཀྱི་སློབ་སྒྲུབ་བྱ་སྤྱོད་དང་སློབ་སྒྲུབ་སྤུས་ཚད་ལ་ནམ་རྒྱུན་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་སློབ་སྒྲུབ་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས།

ནང་གནས་གོང་སྤེལ་དང་སྤུས་ཚད་ཇེ་ལེགས་སུ་གཏང་དགོས། སློབ་གྲྭ་རིགས་གཉིས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལ་ཤུགས་བསྣན་ནས། མི་གསོ་སྐྱོང་བྱེད་སྟངས་ལ་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། སློབ་མ་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་མི་གཞི་ཀུན་སྤྱོད་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་ཅིང་། སྤུས་མཚག་སློབ་གསོ་གཏིང་ཟབ་ཏུ་ལག་བསྟར་བྱ་དགོས། གྲོང་གསེབ་ཀྱི་དགེ་རྒན་འདང་ཞིང་སྟོབས་ལྡན་དུ་བཀོད་སྒྲིག་བྱས་ནས་གྲོང་གསེབ་དགེ་རྒན་གྱི་སྤུས་ཚད་ཤུགས་ཆེན་པོས་ཇེ་ལེགས་སུ་གཏོང་བ་དང་། “སྦྲེལ་དྲ+སློབ་གསོའི”རྣམ་པ་སྤྱད་དེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏང་དགོས།

(གསུམ།) དམིགས་འབེན་གཙོ་བོ། 2020ལོར་སླེབས་དུས། སློབ་གྲྭ་རིགས་གཉིས་ཀྱི་ཞན་ཆ་ཕལ་ཆེ་བ་ཁ་གསབ་བྱ་དགོས་ལ། གྲོང་གསེབ་སློབ་གསོ་སྔར་བས་དར་སྤེལ་གཏོང་བ་དང་སློབ་གྲྭ་རིགས་གཉིས་ཀྱི་ཁྱབ་ཚུལ་སྔར་བས་ལུགས་དང་མཐུན་པ། སློབ་སྒྲུབ་ཆ་རྐྱེན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཚད་གཞིར་ཐོན་པ། གྲོན་དངུལ་གཏོང་སྤྱོད་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་བ། སློབ་གསོ་སློབ་ཁྲིད་ཀྱི་དོ་དམ་ལམ་ལུགས་སྔར་བས་འཐུས་ཚང་བ། གྲོང་ཁྱེར་དང་གྲོང་གསེབ་དགེ་རྒན་གྱི་དཔུང་སྡེ་བཀོད་སྒྲིག་བྱེད་ཚུལ་ཕལ་ཆེར་དོ་མཉམ་ཞིང་། སློབ་གྲྭ་རིགས་གཉིས་ཀྱི་སློབ་གསོ་སློབ་ཁྲིད་དང་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི་དངོས་ཡོད་དགོས་མཁོ་བསྐངས་ནས། གྲོང་གསེབ་ཀྱི་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་པ་མངོན་གསལ་ཡིན་པ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་ཕལ་ཆེར་དོ་མཉམ་ངང་འཕེལ་རྒྱས་སུ་འགྲོ་བ་ཁྱོན་ཡོངས་ནས་མངོན་འགྱུར་བྱུང་བར་དཔྱད་དཔོག་ཁས་ལེན་འཐོབ་པ་དང་། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་འགྲོ་བ་ཕལ་ཆེར་མངོན་འགྱུར་བྱས་ཏེ། གྲོང་གསེབ་ཀྱི་སློབ་མར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་ཞིག་མཁོ་སྤྲོད་བྱ་དགོས།

གཉིས་པ། ཚན་རིག་དང་མཐུན་པར་ཁྱབ་ཚུལ་བཀོད་སྒྲིག་བྱ་དགོས།

(བཞི།) ཁྱབ་ཚུལ་གྱི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་དགོས། རོང་འབྲོག་ཁུལ་གྱི་སློབ་གྲྭའི་ཁྱབ་ཚུལ་ཐད་ནས་སློབ་མའི་ལོ་ཚོད་ཀྱི་ཁྱད་ཆོས་དང་ལུས་སེམས་གོང་འཕེལ་གྱི་ཆོས་ཉིད་ལ་བསམ་གཞིགས་ལེགས་པོ་བཏང་ནས། སློབ་གསོའི་སྤུས་ཚད་མཐོར་འདེགས་དང་སློབ་མ་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བར་སྟབས་བདེ་བཟོ་བའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས་ཤིང་། རོང་འབྲོག་མང་ཚོགས་འབོར་ཆེན་གྲོང་རྡལ་དུ་སྤོ་སྒྱུར་བྱེད་པའི་དོན་དངོས་ལ་བསམ་གཞིགས་ལེགས་པོ་བཏང་ནས། འཚབ་འཚུབ་ངང་སློབ་གྲྭ་གཅིག་བསྡུ་བྱས་ཏེ་སློབ་མ་ཕྱོགས་བསྡུས་མང་དྲགས་པ་དང་འཛིན་གྲྭ་རེར་སློབ་མ་མང་དྲགས་པ། སློབ་གྲྭར་སློབ་མ་ཚད་ལས་བརྒལ་བ་འབྱུང་བ་སྔོན་འགོག་བྱ་དགོས་ལ། ཡང“སློབ་གྲྭ་སྟོང་པའི”རྣམ་པ་གསར་བ་འབྱུང་བར་ཡང་གཟབ་དགོས། ཞིང་ལས་ས་ཁུལ་དུ་རྩ་དོན་གྱི་ཐོག་ནས་སློབ་ཆུང་གི་ལོ་རིམ1---3པའི་སློབ་མ་བཅའ་སྡོད་མི་བྱེད་པར་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བ་དང་། ཐག་ཅུང་རིང་བའི་རི་ཁུལ་ལམ་འགྲིམ་འགྲུལ་གནས་བབ་ཅུང་རྙོག་འཛིང་ཡིན་པའི་ས་ཁུལ་དུ་སློབ་ཆུང་དང་སློབ་ཁྲིད་བྱེད་གནས་ཁག་ཅིག་སོར་འཇོག་བྱ་དགོས། ལོ་རིམ4---6པའི་སློབ་མ་འགྲོ་སྦྱོང་གཙོ་བོར་བྱེད་པ་དང་། དངོས་གནས་དགོས་མཁོ་བྱུང་ན་བཅའ་སྡོད་བྱས་ཆོག དམའ་འབྲིང་གི་སློབ་མར་དོན་དངོས་གཞིར་བཟུང་སྟེ་འགྲོ་སྦྱོང་ངམ་བཅའ་སྡོད་བྱས་ཆོག ཕྱུགས་ལས་ས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གིས་ཡུལ་བབ་དང་བསྟུན་པ་དང་སློབ་གྲྭ་དང་བསྟུན་ནས། མང་ཚོགས་ཀྱི་འདོད་བློ་གཞིར་བཟུང་སྟེ་འགྲོ་སྦྱོང་ངམ་བཅའ་སྡོད་ཀྱི་རྣམ་པའི་སློབ་གྲྭ་བསྒྲུབ་ཆོག བྱེ་བྲག་ཏུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ས་དེ་གའི་དོན་དངོས་གཞིར་བཟུང་སྟེ་གཏན་འཁེལ་བྱ་དགོས།

(ལྔ།) ཁྱབ་ཚུལ་གྱི་འཆར་འགོད་ཚན་རིག་དང་མཐུན་པར་གཏན་འབེབས་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རང་ས་གནས་ཀྱི་མི་གྲངས་ཁྱབ་ཚུལ་དང་ས་ཁམས་ཀྱི་ཁྱད་ཆོས། འགྲིམ་འགྲུལ་ཐོན་ཁུངས། གྲོང་རྡལ་ཅན་གྱི་འཕེལ་ཚད། དབུལ་སྐྱོར་གནས་སྤོ། སྐྱེ་ཁམས་ཀྱི་སྤོ་དམངས། ཕྱི་འགྲིམས་ལས་ཀ་བ། བུ་སྐྱེ་སྲིད་ཇུས་དང་སློབ་ལོ་རན་པའི་མི་གྲངས་འཁོར་རྒྱུག་གི་འགྱུར་ལྡོག་གནས་བབ་བཅས་དང་སྦྲེལ་ཏེ། རྫོང་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་རྡལ་གྱི་སློབ་གྲྭ་འཛུགས་སྐྲུན་ཐད་ལ་གོ་རིམ་ལྡན་པའི་སྒོ་ནས་ཤུགས་སྣོན་པ་དང་མཁར་གྲོང་གི་སློབ་གྲྭའི་འཛིན་གྲྭར་སློབ་མ་མང་བོའི་རྣམ་པ་ཧུར་ཐག་གིས་སེལ་དགོས། དེའི་རྨང་གཞིའི་སྟེང་དུ་རྫོང་ཁོངས་ཀྱི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ། གྲོང་གསེབ་ཀྱི་ཆ་ཚང་སློབ་ཆུང་གི་ཁྱབ་ཚུལ་ལུགས་མཐུན་སྒོས་གཏན་འཁེལ་བྱས་ཐོག རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཁྱབ་ཚུལ་ཆེད་དམིགས་འཆར་འགོད་འཐུས་ཚང་དུ་བཟོ་བཅོས་བྱ་དགོས་ལ། གོ་རིམ་ལྟར་མངོན་གསལ་དུ་བསམ་འཆར་བསྡུ་ལེན་བྱ་དགོས་པར་མ་ཟད། གོ་རིམ་ལྟར་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཐོ་འགོད་བྱ་དགོས། མི་གྲངས་ཅུང་ཕྱོགས་བསྡུས་ཡིན་པ་དང་སློབ་མའི་ཡོང་ཁུངས་ལ་འགན་སྲུང་ཡོད་པའི་སྡེ་བས་ཁེར་རྐྱང་གིས་སམ་དེའི་ཉེ་མཚེས་ཀྱི་སྡེ་བར་མཉམ་འབྲེལ་སྒོས་ཆ་ཚང་སློབ་ཆུང་སྒྲིག་འཛུགས་བྱས་ཆོག ས་ཐག་རིང་བ་དང་སློབ་མའི་ཡོང་ཁུངས་ཅུང་ཉུང་བའི་ས་ཁུལ་གྱིས་སྤྱིར་བཏང་དུ་སྡེ་བར་ལོ་རིམ་དམའ་བའི་གཞི་རྒྱ་ཆུང་བའི་སློབ་གྲྭ་སྒྲིག་འཛུགས་བྱེད་པ་དང་། ཤང་ངམ་གྲོང་རྡལ་དུ་བཅའ་སྡོད་ལམ་ལུགས་ཀྱི་དཀྱིལ་སྙིང་སློབ་གྲྭ་སྒྲིག་འཛུགས་བྱས་ཏེ། ས་གནས་དེ་གའི་སློབ་མ་བཅའ་སྡོད་བྱས་ཏེ་སློབ་སྦྱོང་བྱེད་པའི་དགོས་མཁོ་བསྐང་དགོས།

(དྲུག) སློབ་གྲྭ་གཏོར་ནས་ཟླ་སྒྲིལ་བྱེད་པར་དོ་དམ་ཤུགས་དྲག་ཏུ་གཏང་དགོས། ཁྱབ་ཚུལ་འཆར་འགོད་བྱེད་ཁྲོད་དུ་གཞི་རྒྱ་ཆུང་བའི་སློབ་གྲྭ་གཏོར་དགོས་པའི་དོན་དང་ཐུག་ཚེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས“ཚན་རིག་གིས་དཔྱད་དཔོག་དང་དགོས་ན་ངེས་པར་སོར་འཇོག སྔོན་ལ་བསྐྲུན་ནས་རྗེས་སུ་གཏོར་བ། དགེ་མཚན་ལྡན་ཞིང་བརྟན་འཇགས་ཡིན་པའི”རྩ་དོན་ལྟར་ཚོད་འཛིན་ནན་མོ་བྱ་དགོས་ལ། ཡུལ་བབ་དང་བསྟུན་ནས་ཐག་གཅད་དགོས། སློབ་གྲྭ་རིགས་གཉིས་གཏོར་ནས་ཟླ་སྒྲིལ་གྱི་གོ་རིམ་གཟབ་ནན་སྒོས་ཚད་ལྡན་དུ་གཏང་དགོས་ཤིང་། སློབ་མའི་ཡོང་ཁུངས་ཤིན་ཏུ་ཉུང་བའི་དབང་གིས་དངོས་གནས་གཏོར་ནས་ཟླ་སྒྲིལ་བྱ་དགོས་ཚེ། འོས་འཚམ་གྱི་བར་བརྒལ་དུས་ཚོད་དགོས་ལ། སློབ་གྲྭའི་དགེ་སློབ་དང་སློབ་མའི་ཁྱིམ་བདག སྡེ་དམངས་རང་སྐྱོང་གི་རྩ་འཛུགས། ཤང་ངམ་གྲོང་རྡལ་མི་དམངས་སྲིད་གཞུང་གི་བསམ་འཆར་ལ་རྒྱ་ཁྱབ་ཏུ་ཉན་པ་དང་། སློབ་མ་དང་ཁྱིམ་བདག་ལ་བསམ་བློའི་སློབ་གསོ་དངོས་གནས་ལེགས་པོར་གཏང་དགོས་ཤིང་། གཏོར་ནས་ཟླ་སྒྲིལ་གྱི་འཆར་གཞི་གཏན་འབེབས་དང་རིགས་པས་སྒྲུབ་པ། ཁྲོམ་བསྒྲགས། ཆོག་མཆན་ཞུ་བ་སོགས་ཀྱི་གོ་རིམ་ལག་བསྟར་ནན་མོ་བྱ་དགོས། རྫོང་རིམ་པའི་སློབ་གསོ་སྡེ་ཁག་གིས་སློབ་གྲྭ་གཏོར་ནས་ཟླ་སྒྲིལ་གྱི་འཆར་གཞི་གཏན་འབེབས་བྱས་ཏེ། རིམ་པ་འདྲ་བའི་མི་དམངས་སྲིད་གཞུང་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་བཀོད་རྗེས། རིམ་པ་བཞིན་དུ་རིམ་པ་གོང་མའི་སློབ་གསོ་སྡེ་ཁག་ལ་སྙན་སེང་ཐོ་འགོད་བྱ་དགོས། གཏོར་ནས་ཟླ་སྒྲིལ་བྱས་རྗེས་སྟོང་པར་ལུས་ཡོད་པའི་སློབ་གྲྭའི་རྒྱུ་ནོར“ཁྲིམས་ལྟར་ཚད་ལྡན་དང་ཐོན་དབང་གསལ་བོ། གཅིག་གྱུར་གྱིས་འཆར་འགོད། ནུས་ལྡན་གྱིས་བཀོལ་སྤྱོད”བྱེད་པའི་རྩ་དོན་གཞིར་བཟུང་ནས། གཙོ་བོ་གྲོང་གསེབ་ཀྱི་སྔོན་འགྲོ་སློབ་གསོ་དང་སློབ་ཕྱིའི་སློབ་གསོ། གཞིས་ལུས་བྱིས་པར་གཅེས་སྐྱོང་བྱེད་པ་སོགས་ཀྱི་གོང་སྤེལ་ཐད་དུ་སྤྱད་དགོས། གཏོར་ནས་ཟླ་སྒྲིལ་བྱས་ཟིན་པའི་གཞི་རྒྱ་ཆུང་བའི་སློབ་གྲྭར་སློབ་མའི་ཡོང་ཁུངས་ཇེ་མང་དུ་སོང་བ་སོགས་ཀྱི་དབང་གིས་དངོས་གནས་སླར་གསོ་བྱ་དགོས་ན། འབྲེལ་ཡོད་གོ་རིམ་ལྟར་སླར་གསོ་བྱ་དགོས། ས་གནས་སོ་སོས་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བའི་དགོས་མཁོ་བསྐངས་པ་དང་སློབ་གྲྭར་ཡར་འགྲོ་མར་འོང་གི་འགྲིམ་འགྲུལ་ཞབས་ཕྱི་ཐག་གཅོད། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་བྱེད་ཐབས་སྤྱད་པ་བརྒྱུད་ནས། སློབ་གྲྭའི་ཁྱབ་ཚུལ་འོས་འཚམ་མིན་པའི་དབང་གིས་སློབ་མ་སློབ་གྲྭར་འགྲོ་དཀའ་བར་བཟོས་པ་དང་ཐ་ན་སློབ་མཚམས་འཇོག་པའི་སྣང་ཚུལ་འབྱུང་བར་རྦད་དེ་སྔོན་འགོག་བྱ་དགོས།

གསུམ། སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱ་དགོས།

(བདུན།) སློབ་གྲྭའི་སློབ་སྒྲུབ་ཚད་གཞི་འཐུས་ཚང་དུ་གཏང་དགོས། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་དཀྱུས་མ་འཛུགས་སྐྲུན་ཚད་གཞིའི་འབྲེལ་ཡོད་བླང་བྱ་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། “སྤྱོད་གོ་ཆོད་པ་དང་སྤྱོད་པར་འདང་བ། བདེ་འཇགས་ཡིན་པ། གྲོན་ཆུང་ཐུབ་པ”དང“རྩ་བར་འགན་སྲུང་དང་མཐའ་ཐིག་སྲུང་བའི”རྩ་དོན་ལྟར། ས་གནས་ཀྱི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་སློབ་གྲྭ་རིགས་གཉིས་ཀྱི་ཁྱད་ཆོས་ལ་དམིགས་ནས། རང་རེའི་ཞིང་ཆེན་གྱི་སློབ་གྲྭ་རིགས་གཉིས་ཀྱི་སློབ་ཁང་དང་ཉལ་ཁང་འཛུགས་སྐྲུན་དང་། སྒྲིག་ཆས་སྒྲིག་སྦྱོར། ཆ་འཕྲིན་ཅན་དུ་སྒྱུར་བ། བདེ་འཇགས་འགོག་ཟོན་སོགས་ཀྱི་རྩ་བའི་སློབ་སྒྲུབ་ཀྱི་ཚད་གཞི་འོས་འཚམ་སྒོས་གཏན་འཁེལ་བྱ་དགོས། གཞི་རྒྱ་ཆུང་བའི་སློབ་གྲྭར་ཆ་འཕྲིན་ཅན་དང་རོལ་དབྱངས་དང་རྩལ་སྦྱོང་། མཛེས་རྩལ་བཅས་ཀྱི་སྒྲིག་ཆས་ཡོ་བྱད་དང་སློབ་ཁྲིད་དཔྱད་ཆས། དཔེ་ཁང་སྒྲིག་ཆས་བཅས་འགན་སྲུང་བྱ་དགོས་ལ། དགོས་ངེས་ཀྱི་རྩོལ་ནུས་ལྡན་པའི་སློབ་ཁང་བཀོད་སྒྲིག་དང་། འཚོ་བའི་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སྒྱུར། ཆ་རྐྱེན་ཡོད་པའི་སློབ་གྲྭ་དག་ཞིང་ཆེན་ཡོངས་ཀྱི་གྲོང་ཁོངས་དྲ་རྒྱའི་འཛུགས་སྐྲུན་ཁྱབ་ཁོངས་སུ་འཇུག་དགོས། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་རྩ་བའི་སློབ་གསོ་སློབ་ཁྲིད་ཀྱི་ཆ་རྐྱེན་འགན་སྲུང་བྱས་པའི་རྨང་གཞིའི་སྟེང་དུ། མལ་ཁྲི་དང་ཟ་ཁང་། འཐུང་ཆུ། སྤྱོད་ཁང་། འཁྲུད་ཁང་། དྲོད་ལེན་སོགས་གཞི་རྩའི་འཚོ་བའི་ཆ་རྐྱེན་གྱི་ཚད་གཞི་སྔར་བས་ངེས་གསལ་བྱས་ནས། གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རུ་མིའི་བྱ་འགུལ་སྤེལ་སའི་གནས་དང་སྒྲིག་ཆས་ཀྱི་ཆ་རྐྱེན་དངོས་གནས་འགན་སྲུང་བྱ་དགོས།

(བརྒྱད།) སློབ་གྲྭ་ཚད་ལོན་ཅན་དུ་བསྐྲུན་པར་སྐུལ་འདེད་གཏང་དགོས། ས་གནས་སོ་སོས་རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སློབ་གྲྭ་རིགས་གཉིས་ཡོད་སར་བགྲོད་ལམ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་དང་། འགྲིམ་འགྲུལ་དོ་དམ་དང་བདེ་འཇགས་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། སློབ་རའི་མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་སློབ་མ་སློབ་གྲྭར་འགྲོ་འོང་བྱེད་སྐབས་ཀྱི་བདེ་འཇགས་ཁག་ཐེག་བྱ་དགོས། སློབ་གྲྭ་གཅིག་བསྐྲུན་ན་གཅིག་ཚད་ལོན་པ་དང་། དེ་ཉིད་བཀོལ་སྤྱོད་ལེགས་པོ་བྱེད་པའི་བླང་བྱ་ལྟར། རིམ་པ་སོ་སོའི་སྲིད་གཞུང་གིས་སློབ་གྲྭ་བསྐྲུན་པའི་མ་དངུལ་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས། མཐིལ་གསལ་བོར་རྟོགས་པ་དང་ཚད་གཞི་ལ་བསྟུན་ནས། “གང་ཞིག་ཆད་ན་དེ་ཁ་གསབ་པའི”རྩ་དོན་གཞིར་བཟུང་ནས། སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་ཞབས་ཕྱི་འགན་སྲུང་ལས་གྲྭ་ལག་བསྟར་བྱས་ཏེ། སློབ་གྲྭ་རིགས་གཉིས་ཀྱི་ཆུ་དང་གློག་འདོན་སྤྲོད་དང་། བཙོག་འབུད། དྲོད་ལེན། སློབ་མའི་ལུས་རྩལ་བྱ་འགུལ་ཁང་སོགས་ཀྱི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་དང་། གཞིས་ལུས་བྱིས་པའི་སློབ་སྦྱོང་དང་བཅའ་སྡོད་དགོས་མཁོ་དམིགས་བསལ་གྱིས་སྔོན་ལ་འགན་སྲུང་བྱ་དགོས་པ་དང་། ཆ་རྐྱེན་ལྡན་པའི་ས་ཁུལ་དུ་ཆུ་བཤལ་སྤྱོད་ཁང་ངམ་གནོད་མེད་སྤྱོད་ཁང་། འཁྲུད་ཆས་སོགས་སྒྲིག་སྦྱོར་བྱ་དགོས། Dརིམ་པའི་ཉེན་ཁང་དང་འཛིན་གྲྭར་སློབ་མ་མང་བ་ཕྱོགས་ཡོངས་ནས་སེལ་དགོས་ལ། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི“ཉལ་ཁྲི་རིང་བོ”དང“མེ་ཐབ་ཀྱི་དྲོད་ལེན”ཕྱོགས་ཡོངས་ནས་སེལ་ཏེ། སློབ་མ་རེ་རེར་ཚད་ལྡན་གྱི་ཅོག་ཙེ་དང་བཅའ་སྡོད་སློབ་མ“མི་རེར་ཉལ་ཁྲི་རེ”ཡོད་ཅིང་། བཟའ་བཏུང་བདེ་འཇགས་ཡིན་པ་ཁག་ཐེག་བྱ་དགོས། དོན་དངོས་དང་སྦྲེལ་ནས་སློབ་གྲྭ་རིགས་གཉིས་ཀྱི་རྩལ་སྦྱོང་དང་སྒྱུ་རྩལ་སློབ་གསོའི་སྒྲིག་ཆས་དང་ཡོ་བྱད། སྤེལ་གནས་བཅས་ལེགས་སྒྱུར་བྱ་དགོས། དགོས་ངེས་ཀྱི་དགེ་བཟོ་བ་བཀོད་སྒྲིག་བྱས་ཏེ། ནུས་པ་ལྡན་པའི་སྒོ་ནས་འཚོ་བར་མཛུབ་སྟོན་དང་སེམས་ཁམས་བདེ་ཐང་། འཕྲོད་བསྟེན་བདེ་སྲུང་། མཁོ་སྒྲུབ་ཞབས་ཕྱི། བདེ་འཇགས་བདེ་སྲུང་སོགས་ཀྱི་བྱ་བ་བསྒྲུབ་དགོས། གྲོན་ཆུང་རྒྱུན་འཁྱོངས་དང་ཆུད་ཟོས་སྔོན་འགོག་བྱས་ཏེ། རྒྱས་སྤྲོས་ཀྱི་སློབ་གྲྭ་བསྐྲུན་པར་རྦད་དེ་གཏན་འགོག་བྱ་དགོས།

བཞི། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

(དགུ།) སྒྲིག་ལུགས་བཀོལ་སྤྱོད་དང་དོ་དམ་བྱེད་སྟངས་ལེགས་སྒྱུར་བྱ་དགོས། གྲོང་ཁྱེར(ཁུལ)སོ་སོས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དུས་རབས་གསར་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་སྤེལ་བའི་སྐོར་གྱི་ལག་བསྟར་བསམ་འཆར》ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། དོན་དངོས་དང་སྦྲེལ་ནས་བྱེ་བྲག་གི་དཔྱད་ཞིབ་ཚད་གཞི་དང་ལག་བསྟར་བྱེད་ཐབས་གཏན་འབེབས་བྱ་དགོས། དགེ་བཟོ་བའི་སྒྲིག་ལུགས་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་འཆར་འགོད་དང་གྲོང་ཁྱེར(ཁུལ)གྱིས་སྙོམ་སྒྲིག་དང་འགུལ་རྣམ་ལྟར་བཀོད་སྒྲིག་བྱེད་པ་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། ད་ཡོད་ཀྱི་སྒྲིག་ལུགས་གསོག་ཚད་ཧུར་པོ་དང་སྒྲིག་ལུགས་སྒྲིག་གཞི་ལེགས་སྒྱུར་བཏང་ནས། དགེ་རྒན་གྱི་སྒྲིག་ལུགས་སྤྱིའི་ཚད་ཇེ་མང་དང་སྔོན་ལ་སློབ་གསོ་གོང་སྤེལ་གྱི་དགོས་མཁོ་ཁག་ཐེག་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་ཐོན་ཁུངས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། སྒྲིག་ལུགས་བཀོལ་སྤྱོད་ཀྱི་ནུས་ཕྱོད་ཇེ་མཐོར་གཏང་དགོས། ཚད་ལྡན་གྱི་དགེ་རྒན་ཐོན་ཁུངས་ཡོད་པའི་གནས་ཚུལ་འོག“སྒྲིག་ལུགས་ཡོད་ཀྱང་ཁ་མི་གསབ་པའམ”སྒྲིག་ལུགས་བཙན་འཛིན་དང་གཞན་སྤྱོད། བཀག་ཉར་བྱེད་པ་གཏན་འགོག་བྱ་དགོས་ལ། ས་ཁུལ་ཁག་ཅིག་གིས་དུས་ཡུན་རིང་བོར་སྒྲིག་ལུགས་ཕྱིའི་དགེ་རྒན་གདན་ཞུ་བྱས་ཡོད་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱ་དགོས། རྫོང་ཁོངས་སུ་དགེ་རྒན་གྱི་སྒྲིག་ལུགས་འགུལ་རྣམ་ལྟར་སྙོམ་སྒྲིག་གི་རྐྱེན་སྲོལ་ལ་སྐུལ་འདེད་བཏང་ནས། ཆེད་འགན་འཁུར་བའི་དགེ་རྒན་དང་སློབ་མའི་བསྡུར་ཚད་དང་འཛིན་གྲྭའི་བསྡུར་ཚད་ཕན་ཚུན་ཟུང་འབྲེལ་གྱི་རྣམ་པ་གཞིར་བཟུང་ནས་དགེ་རྒན་གྱི་སྒྲིག་ལུགས་ཞིབ་དཔྱད་གཏན་འབེབས་བྱ་དགོས་ལ། གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭའི་དགེ་རྒན་གྱི་སྒྲིག་ལུགས་འགན་སྲུང་ཤུགས་དྲག་ཏུ་གཏང་དགོས། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སློབ་ཁྲིད་དང་དོ་དམ་གྱི་དགོས་མཁོ་དངོས་གཞིར་བཟུང་ནས། ད་ཡོད་ཀྱི་སྒྲིག་ལུགས་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་སྙོམ་སྒྲིག་ཤུགས་ཚད་ཆེ་རུ་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་ནས་སྟོབས་ཤུགས་ཇེ་ཆེར་གཏང་དགོས། གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་གྱི་འཆར་གཞི་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི“དམིགས་བཙུགས་ལས་རྐང་འཆར་གཞི”དེ་རང་ཞིང་གི་རོང་འབྲོག་ཁུལ་གྱི་གྲོང་གསེབ་སློབ་གྲྭའི་དགེ་རྒན་ཁ་གསབ་ཀྱི་ཐབས་ལམ་གལ་ཆེན་དུ་བཟུང་ནས། “ལོ་དེར་གདན་ཞུ་དང་ལོ་དེར་སྒྲིག་ཁུངས་སུ་འཇུག་པ”མངོན་འགྱུར་བྱས་ཏེ་རོང་འབྲོག་ཁུལ་གྱི་དགེ་རྒན་ཁ་གསབ་ཀྱི་དགོས་མཁོ་བསྐང་དགོས། གྲོང་ཁྱེར(ཁུལ)སོ་སོས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཉལ་ཁང་དང་ཟ་ཁང་། བདེ་སྲུང་སོགས་ལས་ཀའི་ཞབས་ཕྱི་མི་སྣ་དང་འཕྲོད་བསྟེན་མི་སྣའི་བཀོད་སྒྲིག་ཚད་གཞི་གཅིག་གྱུར་གྱིས་གཏན་འབེབས་བྱས་ཏེ། སློབ་གྲྭའི་འཚོ་བའི་ཞབས་ཕྱིའི་གཞི་རྩའི་དགོས་མཁོ་བསྐང་དགོས། གྲོང་གསེབ་ཀྱི་སློབ་གྲྭ་དང་ཆ་རྐྱེན་ཞན་པའི་སློབ་གྲྭའམ་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁུལ་གསུམ་དུ་དགེ་རྒན་བྱེད་ཡུན་ལོ་གཅིག་ཡན(ལོ་གཅིག་འདུ)གྱི་བྱ་བའི་བརྒྱུད་རིམ་དེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་མཐོ་རིམ་དགེ་རྒན་གྱི་ལས་ཐོབ་དང་ཁྱད་དམིགས་དགེ་རྒན་རེ་ཞུ་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་དུ་འཛིན་དགོས། དགེ་རྒན་གྱི་ལས་ཐོབ་དཔྱད་བསྐོའི་ཐད་ནས་གྲོང་གསེབ་སློབ་གྲྭའི་དགེ་རྒན་ལ་ཕྱོགས་པའི་སྲིད་ཇུས་དངོས་གནས་དོན་འཁྱོལ་བྱ་དགོས་པར་མ་ཟད། གཞི་རྒྱ་ཆུང་བའི་སློབ་གྲྭའི་དགོས་མཁོ་དམིགས་བསལ་གྱིས་སྔོན་ལ་བསྐངས་ནས། གྲོང་གསེབ་དགེ་རྒན་གྱི་ལས་ཐོབ་ཞིབ་དཔྱད་བྱས་མ་ཐག་གདན་བསྐོ་བྱེད་པར་འགན་སྲུང་བྱ་དགོས།

(བཅུ།) གྲོང་གསེབ་དགེ་རྒན་གྱི་ཐོབ་ཐང་ཇེ་མཐོར་གཏང་དགོས། གྲོང་གསེབ་དགེ་རྒན་གྱི་གླ་ཕོགས་ཐོབ་ཆའི་སྲིད་ཇུས་སྔར་བས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཆ་སྙོམས་ཀྱི་གླ་ཕོགས་ཡོང་སྒོའི་ཆུ་ཚད་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་ཀྱི་གླ་ཕོགས་ཡོང་སྒོའི་ཆུ་ཚད་ལས་མི་དམའ་བའམ་དེ་ལས་མཐོ་བར་ཁག་ཐེག་བྱ་དགོས། གྲོང་གསེབ་དགེ་རྒན་གྱིས་གྲོང་རྡལ་བྱ་བའི་ཁ་གསབ་དང་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ། ས་མཐའི་དཀའ་སྡུག་ཆེ་བའི་ཁ་གསབ་སོགས་ལོངས་སྤྱོད་པའི་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ཐོག ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བར་སྐུལ་མ་གཏང་དགོས། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་ལམ་ལུགས་འཐུས་ཚང་དུ་བཏང་ནས། ས་མཐའི་དཀའ་སྡུག་གི་ཚད་ལ་གཞིགས་ནས་བར་ཁྱད་ཡོད་པའི་ཁ་གསབ་ལག་བསྟར་བྱས་ཏེ། “གཞི་རིམ་དུ་ཇི་ལྟར་སོང་ན། དཀའ་སྡུག་ཇི་ལྟར་ཆེ་ན། ཐོབ་ཐང་ཀྱང་དེ་ལྟར་མཐོ་བའི”རྩ་དོན་མངོན་པར་བྱ་དགོས་ཤིང་། ས་མཐའི་དཀའ་སྡུག་ཆེ་བའི་ས་ཁུལ་གྱི་དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ཆུ་ཚད་རྒྱུན་མ་ཆད་པར་ཇེ་མཐོར་གཏང་དགོས། དགེ་རྒན་ལ་ལོ་རེར་ཕྱོགས་ཡོངས་ནས་ལུས་ཕུང་བརྟག་དཔྱད་ཐེངས་གཅིག་བྱེད་པའི་ལམ་ལུགས་དང་ནད་རིགས་ཆེན་པོ་རོགས་སྐྱོབ་ལམ་ལུགས། ཆེད་མཁས་པ་མིང་གྲགས་གྱིས་གྲོང་གསེབ་དགེ་རྒན་གྱི་ཆེད་དུ་གཞི་རིམ་དུ་སོང་ནས་བརྟག་བཅོས་ཀྱི་ལམ་ལུགས་བཅས་བཙུགས་ནས་དོན་འཁྱོལ་བྱ་དགོས། གཏན་འཁེལ་གཞིར་བཟུང་ནས་ཆ་རྐྱེན་དང་འཚམ་པའི་གྲོང་གསེབ་སློབ་གྲྭའི་དགེ་རྒན་དག་ས་གནས་སྲིད་གཞུང་གི་སྡོད་ཁང་འགན་སྲུང་གི་ཁྱབ་ཁོངས་སུ་འཇུག་དགོས། དོན་དངོས་གཞིར་བཟུང་ནས་བཀོད་སྒྲིག་ལུགས་མཐུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ས་མཐའི་དཀའ་སྡུག་ཆེ་བའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཁོར་སྐྱོད་ཉལ་ཁང་སྐྲུན་ཤུགས་ཇེ་ཆེར་བཏང་ནས། དགེ་རྒན་གྱི་གཞི་རྩའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལ་འགན་སྲུང་བྱ་དགོས། ས་མཐར་གནས་ཤིང་འགྲིམ་འགྲུལ་སྟབས་མི་བདེ་བའི་གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭར་དགེ་རྒན་གྱི་འཁོར་སྐྱོད་ཉལ་ཁང་བསྐྲུན་དགོས། འགྲིམ་འགྲུལ་ཅུང་སྟབས་བདེ་ཞིང་ལམ་ཐག་ལྟོས་བཅོས་ཀྱིས་ཅུང་ཉེ་བའི་ས་ཆར་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་སློབ་གྲྭའི་ནང་ངམ་དེའི་ཉེ་འཁོར་དུ་ཕྱོགས་བསྡུས་སྒོས་དགེ་རྒན་གྱི་འཁོར་སྐྱོད་ཉལ་ཁང་བསྐྲུན་དགོས། གྲོང་གསེབ་དགེ་རྒན་གྱི་འཚོ་བར་སེམས་ཁུར་དང་དགེ་རྒན་སློབ་ཁྲིད་དུ་འགྲོ་བར་འགྲིམ་འགྲུལ་ཐད་ནས་རོགས་རམ་དང་རྒྱབ་སྐྱོར་བྱ་དགོས།

(བཅུ་གཅིག) དགེ་རྒན་གསོ་སྐྱོང་གསོ་སྦྱོང་བྱེད་སྟངས་བཅོས་སྒྱུར་བྱ་དགོས། སློབ་ཆུང་གི་རིག་ཚན་ཀུན་འཇོན་དགེ་རྒན་གསོ་སྐྱོང་བྱེད་ཤུགས་ཚད་ཆེ་རུ་བཏང་ནས། སློབ་གྲྭ་ རིགས་གཉིས་ལ་ཚད་ལྡན་གྱི་དགེ་རྒན་ཁ་གསབ་བྱེད་པ་དང་། “ཁུལ་ནས་ཡོང་ན་ཁུལ་དུ་འགྲོ་བའི”རྩ་དོན་ལྟར་ཁུལ་དྲུག་གི་རོང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ལ་བོད་རྒྱ་སྐད་གཉིས་ཀྱི་རྩིས་ཚན་གྱི་རྐང་འཛིན་དགེ་རྒན་དང་སློབ་ཆུང་གི་རིག་ཚན་ཀུན་འཐུས་དང་གླུ་དབྱངས་དང་རྩལ་སྦྱོང་། མཛེས་རྩལ་སོགས་རིག་ཚན་ཆེད་ལས་ཀྱི་དགེ་རྒན་དཀོན་པོ་ཁ་ཕྱོགས་གཏན་འཁེལ་སྒོས་གསོ་སྐྱོང་བྱ་དགོས། “རྫོང་ནས་ཡོང་ན་རྫོང་དུ་འགྲོ་བའི”རྩ་དོན་ལྟར་ཤར་ཕྱོགས་ས་ཁུལ་གྱི་གྲོང་གསེབ་སློབ་གྲྭའི་སློབ་ཆུང་དང་རིག་ཚན་ཆེད་ལས་ཀྱི་དགེ་རྒན་དཀོན་པོ་གསོ་སྐྱོང་བྱ་དགོས། གཞི་རིམ་ལ་སློབ་ཁྲིད་དུ་འགྲོ་བ་དང་ལས་རྐང་དུ་རྗེས་དེད་ནས་ཟབ་སྦྱོང་། དྲ་རྒྱའི་སྟེང་ཟབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ་གྲོང་གསེབ་དགེ་རྒན་གྱི་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཇེ་དྲག་ཏུ་བཏང་ནས། ཐུན་མོང་ལ་མཁོ་བའི་བསླབ་ཚན་གསོ་སྦྱོང་ལེགས་པོ་བྱས་པའི་རྨང་གཞིའི་སྟེང་དུ་། ལོ་ལྔ་རེ་དུས་འཁོར་གཅིག་བྱས་ནས་སློབ་ཡུན་དུས་ཚོད360ལས་ཉུང་མི་ཉུང་བའི་ཆེད་ལས་གསོ་སྦྱོང་གི་དམིགས་འབེན་མངོན་འགྱུར་བྱས་ནས། གྲོང་གསེབ་དགེ་རྒན་གྱི་ཕྱོགས་བསྡུས་ཀྱི་མི་གསོ་སྐྱོང་གི་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏང་དགོས། ལག་ལེན་གསོ་སྐྱོང་ལ་ཤུགས་བསྣན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བརྗེ་རེས་སྒོས་རོགས་ཁྲིད་བྱེད་པ་དང་ཟུང་དུ་སྦྲེལ་ཏེ། གྲོང་གསེབ་དགེ་རྒན་ཁག་ཅིག་བདམས་ཏེ་གྲོང་རྡལ་གྱི་སློབ་གྲྭ་རུ་རྗེས་དེད་ནས་དངོས་སྦྱོང་གསོ་སྐྱོང་བྱས་ནས། ལས་རིགས་སྙིང་སྟོབས་བརྟན་པ་དང་རིག་ཚན་ཤེས་བྱ་འཐུས་ཚང་བ། ཆེད་ལས་ཀྱི་རྨང་གཞི་བརྟན་པའི“ཆེད་ལས་གཅིག་ལ་ནུས་པ་མང་པོ”ཅན་གྱི་གྲོང་གསེབ་དགེ་རྒན་ཁག་ཅིག་ཧུར་ཐག་གིས་གསོ་སྐྱོང་བྱ་དགོས། “རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི”དང“ཞིང་ཆེན་གྱི་གསོ་སྐྱོང་འཆར་གཞི”དེས་ས་མཐའི་དཀའ་སྡུག་ཆེ་བའི་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གསོ་སྐྱོང་བྱེད་པར་དམིགས་བསལ་གྱིས་སྔོན་ལ་རྒྱབ་སྐྱོར་བྱ་དགོས། སློབ་ཁྲིད་ཞིབ་འཇུག་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྫོང་རིམ་པའི་སློབ་ཁྲིད་ཞིབ་འཇུག་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭའི་སློབ་གསོའི་སྤུས་ཚད་ཤུགས་ཆེན་པོས་མཐོར་འདེགས་གཏོང་རོགས་བྱ་དགོས། དགེ་འོས་མཐར་ཕྱིན་སློབ་མ་སློབ་གྲྭ་རིགས་གཉིས་སུ་སློབ་ཁྲིད་དངོས་སྦྱོང་བྱེད་དུ་འགྲོ་བར་སྐུལ་བསྟོད་བྱ་དགོས། སློབ་གསོའི་གྲོན་དངུལ་གྱིས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གཙོ་བོ་གཏན་འཁེལ་ལྟར་དགེ་རྒན་གྱི་ཐོབ་ཐང་ཇེ་མཐོར་གཏོང་བ་འགན་སྲུང་བྱེད་པའི་ཐད་བཀོལ་ནས་དགེ་རྒན་གྱི་ཆེད་ལས་བྱང་ཚད་དང་ནུས་པ་ཇེ་མཐོ་ཇེ་ཆེར་གཏང་དགོས།

ལྔ། གྲོན་དངུལ་འགན་སྲུང་ཤུགས་དྲག་ཏུ་གཏང་དགོས།

(བཅུ་གཉིས།) གྲོན་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏང་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་ཤུགས་དྲག་ཏུ་བཏང་ནས། ནོར་སྲིད་ཀྱི་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་དང་། འོས་འགན་སློབ་གསོ་དམིགས་བསལ་གྱིས་སྔོན་ལ་གོང་དུ་སྤེལ་དགོས། སློབ་གསོའི་གྲོན་དངུལ་གཏོང་སྐབས་སློབ་གྲྭ་རིགས་གཉིས་ལ་ཕྱོགས་དགོས་ལ། འོས་འགན་སློབ་གསོའི་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གི་སྒོ་ནས་ཐག་བཅད་དེ་སློབ་གསོ་འདྲ་མཉམ་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་པར་མ་ཟད། དུས་བབ་དང་བསྟུན་ནས་ཚད་གཞིའི་གཏན་འཁེལ་དངུལ་འབོར་སྙོམ་སྒྲིག་བྱ་དགོས། ཁུལ་དྲུག་གི་སློབ་མ་ཡོངས་དང་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཁྱིམ་ཚང་དབུལ་བོའི་སློབ་མར་ལོ15རིང་ལ་སློབ་གསོའི་རོགས་དངུལ་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། རོང་འབྲོག་ཁུལ་གྱི་སློབ་མ100མི་ལོངས་པའི་སློབ་ཁྲིད་བྱེད་གནས་སུ་སློབ་མ100ཡི་ཚད་གཞི་ལྟར་སྤྱི་པའི་གྲོན་དངུལ་སྟེར་བ་དང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་ལོ་རེར་བཅའ་སྡོད་སློབ་མ་རེར་ཆ་སྙོམས་ཀྱི་སྒོར300ཇེ་མང་དུ་གཏོང་བའི་སྲིད་ཇུས་དངོས་གནས་དོན་འཁྱོལ་བྱེད་ཅིང་། འོས་འགན་སློབ་གསོའི་རིམ་པའི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་འཛིན་གྲྭའི་རྗེས་དེད་ནས་སློབ་སྦྱོང་བྱེད་མཁན་དབང་བོ་སྐྱོན་ཅན་གྱི་སློབ་མ་རེར་ལོ་རེར་སྤྱི་སྤྱོད་གྲོན་དངུལ་སྒོར6000དོན་འཁྱོལ་བྱེད་པ་དང་། ས་གནས་སོ་སོས་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་སློབ་གྲྭ་རིགས་གཉིས་ཀྱི་སློབ་མ་མི་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་གྲོན་དངུལ་གྱི་ཆུ་ཚད་སྔར་ལས་ལྷག་པར་ཇེ་མཐོར་གཏོང་བར་སྐུལ་བསྟོད་བྱས་ནས། སློབ་གྲྭ་རིགས་གཉིས་ཀྱི་རྒྱུན་ལྡན་གྱི་འཁོར་སྐྱོད་ཁག་ཐེག་བྱ་དགོས། ས་གནས་སོ་སོས་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭའི་དངོས་ཡོད་དགོས་མཁོ་ལ་གཞིགས་ནས། གཟབ་ནན་སྒོས་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པའི་འབྲེལ་ཡོད་གཏན་འཁེལ་ལྟར་སྲིད་གཞུང་གི་འགན་འཁྲི་ཁྱབ་ཁོངས་ལ་གཏོགས་པར་མ་ཟད། ཚོང་རའི་རྣམ་པ་བརྒྱུད་ནས་འདོད་སྤྲོད་བྱེད་པར་འཚམ་པའི་སློབ་གྲྭའི་བདེ་སྲུང་དང་བཟའ་བཏུང་། འཚོ་བའི་ཞབས་ཕྱི་སོགས་དོན་ཚན་དག་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པའི་ཁྱབ་ཁོངས་སུ་འཇུག་ཚུལ་འཚོལ་ཞིབ་བྱེད་པ་དང་། དགོས་ངེས་ཀྱི་མ་དངུལ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་གཅིག་གྱུར་བཀོད་སྒྲིག་བྱ་དགོས། ས་གནས་སོ་སོས་ཤང་དང་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭའི་ལོ་འཁོར་གྱི་སྔོན་རྩིས་རྒྱག་སྐབས། དེས་གཞི་རྒྱ་ཆུང་བའི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་བྱ་བར་མཛུབ་སྟོན་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་ལ་ གཅིག་གྱུར་སྒོས་བསམ་གཞིགས་བཏང་སྟེ། ནོར་ཤུགས་གནས་བབ་དང་ཟུང་འབྲེལ་བྱས་ཏེ་འགན་སྲུང་བྱ་དགོས་ལ། ཤང་དང་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭས་གཞི་རྒྱ་ཆུང་བའི་སློབ་གྲྭའི་གྲོན་དངུལ་འཛིན་སྤྱོད་གཏན་ནས་བྱས་མི་ཆོག

(བཅུ་གསུམ།) གྲོན་དངུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏང་དགོས། གྲོང་ཁྱེར (ཁུལ)སོ་སོས་གཞི་རྒྱ་ཆུང་བའི་སློབ་གྲྭའི་གྲོན་དངུལ་བཀོལ་སྤྱོད་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། དོན་དངོས་གཞིར་བཟུང་སྟེ་གཞི་རྒྱ་ཆུང་བའི་སློབ་གྲྭའི་བར་དུ་སྤྱི་སྤྱོད་གྲོན་དངུལ་ལུགས་མཐུན་གཅིག་གྱུར་གྱིས་བཀོད་སྒྲིག་དང་། རྩིས་ཐོ་ལོགས་སུ་འགོད་པ་དང་དོ་དམ་ཚད་ལྡན་བྱེད་ཅིང་། ལུགས་མཐུན་གྱིས་གཅིག་གྱུར་འཆར་འགོད་བྱས་ཏེ། གཞི་རྒྱ་ཆུང་བའི་སློབ་གྲྭའི་ཐད་ལ་མ་དངུལ་འདང་ངེས་བཀོལ་པ་ཁག་ཐེག་བྱེད་པ་ལས་སོར་འཇོག་གམ་གཞན་སྤྱོད་གཏན་ནས་བྱས་མི་ཆོག རྫོང་ནོར་སྲིད་དང་སློབ་གསོ་སྡེ་ཁག་གིས་ཤང་དང་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭ་དང་གཞི་རྒྱ་ཆུང་བའི་སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་སྔོན་རྩིས་ཀྱི་བཀོད་སྒྲིག་དངུལ་ཚད་དུས་ཐོག་ཏུ་སྤྱི་བསྒྲགས་བྱ་དགོས་པར་མ་ཟད། སྔ་ས་ནས་སྤྱི་སྤྱོད་གྲོན་དངུལ་ཁག་ཅིག་བྱིན་ནས་གཞི་རྒྱ་ཆུང་བའི་སློབ་གྲྭའི་རྒྱུན་ལྡན་གྱི་འཁོར་སྐྱོད་ལ་ཁག་ཐེག་བྱ་དགོས། ཤང་དང་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭའི་ནོར་དོན་དོ་དམ་ཤུགས་དྲག་ཏུ་བཏང་ནས། རྩིས་གཉེར་གྱི་ཞིབ་རྩིས་ཚད་ལྡན་དུ་གཏོང་བ་དང་ནོར་དོན་སྡོམ་རྩིས་ཐད་ཤུགས་བསྣན་ཐོག ནོར་དོན་སྤྱི་བསྒྲགས་ལམ་ལུགས་དོན་འཁྱོལ་བྱས་ཏེ། མ་དངུལ་ཚད་ལྡན་གྱིས་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱ་དགོས།

དྲུག སློབ་ཁྲིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས།

(བཅུ་བཞི།) དཀྱིལ་སྙིང་སློབ་གྲྭའི་བྱེད་ནུས་འདོན་སྤེལ་བྱ་དགོས། ཤང་དང་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭའི་གཅིག་གྱུར་འཆར་འགོད་དང་ཤུགས་རྐྱེན། མཛུབ་སྟོན་བཅས་ཀྱི་བྱེད་ནུས་ཇེ་དྲག་ཏུ་བཏང་ནས། ཤང་དང་གྲོང་རྡལ་གྱི་དཀྱིལ་སྙིང་སློབ་གྲྭ་དང་ཤང་དང་གྲོང་རྡལ་གཅིག་པའི་གཞི་རྒྱ་ཆུང་བའི་སློབ་གྲྭས་གཞི་གཅིག་ཅན་དུ་སློབ་སྒྲུབ་དང་མཉམ་འབྲེལ་གྱིས་གོང་སྤེལ། ཕྱོགས་བསྡུས་རང་བཞིན་གྱི་དཔྱད་འཇོག་བྱེད་པར་སྐུལ་འདེད་གཏང་དགོས་ལ། དཀྱིལ་སྙིང་སློབ་གྲྭའི་སློབ་གཙོའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱ་དགོས། དཀྱིལ་སྙིང་སློབ་གྲྭ་དང་གཞི་རྒྱ་ཆུང་བའི་སློབ་གྲྭའི་དགེ་རྒན་གཉིས་སློབ་གྲྭ་གཅིག་གི་དགེ་རྒན་དུ་བརྩིས་ནས“མཉམ་གཅིག་ཏུ་ལས་གནས་གཏན་འཁེལ་དང་གཅིག་འདོམས་སྒོས་བཀོལ་སྤྱོད། རེས་བསྐོར་ནས་སློབ་ཁྲིད”བྱ་དགོས། གྲོང་གསེབ་ཀྱི་སློབ་གྲྭའི་དཔྱད་འཇོག་གི་རྣམ་པ་འཐུས་ཚང་དུ་བཏང་ནས། རྒྱ་ཆེ་བའི་གྲོང་གསེབ་དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་བརྩོན་སེམས་དང་གསར་སྐྲུན་རང་བཞིན་སྐུལ་སློང་གང་ལེགས་བྱ་དགོས། དཀྱིལ་སྙིང་སློབ་གྲྭ་དང་གཞི་རྒྱ་ཆུང་བའི་སློབ་གྲྭའི་བསླབ་གཞི་བཀོད་སྒྲིག་དང་སློབ་ཁྲིད་བཀོད་སྒྲིག སློབ་ཁྲིད་ཞིབ་འཇུག་གི་བྱ་འགུལ་དང་དགེ་རྒན་གྱི་དོ་དམ་གཅིག་གྱུར་བྱས་ཏེ། དགེ་རྒན་ཐུན་མོང་གིས་སློབ་ཁྲིད་ཞིབ་འཇུག་དང་སློབ་ཁྲིད་གྲ་སྒྲིག་བྱེད་པར་སྐུལ་འདེད་བྱས་ནས་སློབ་ཁྲིད་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། གླུ་དབྱངས་དང་རྩལ་སྦྱོང་། མཛེས་རྩལ་དང་ཕྱི་ཡིག་སོགས་རིག་ཚན་གྱི་དགེ་རྒན་གྱིས་འགྲོ་ཁྲིད་ལག་བསྟར་བྱས་ཆོག་ལ། དཀྱིལ་སྙིང་སློབ་གྲྭ་དང་གཞི་རྒྱ་ཆུང་བའི་དགེ་རྒན་བར་དུ་ ལས་རྐང་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས་པར་མ་ཟད། སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་རྐྱེན་སྲོལ་གཟུགས་དགོས། དཀྱིལ་སྙིང་སློབ་གྲྭས་སློབ་ཐོའི་དོ་དམ་ཤུགས་དྲག་ཏུ་བཏང་ནས། དམིགས་འབེན་འགན་འཁྲིའི་ལམ་ལུགས་དང་མཉམ་འགོག་མཉམ་སྲུང་གི་བྱ་བའི་རྐྱེན་སྲོལ་དོན་འཁྱོལ་བྱས་ཐོག བྱོལ་འགོག་སློབ་སྲུང་གི་བྱ་བར་གཅིག་གྱུར་འཆར་འགོད་སྒོས་ལེགས་སྒྲུབ་བྱས་ཏེ། འོས་འགན་སློབ་གསོའི་སློབ་གྲྭ་ནས་བུད་པའི་སློབ་མ་ཕྱིར་ཞུགས་ཆོག་པ་དང་འདུག་འདོད་པ། ཡག་པོར་སློབ་ཐུབ་པར་ཁག་ཐེག་བྱ་དགོས།

(བཅོ་ལྔ།) མི་སྐྱོང་སྟངས་འཐུས་ཚང་དུ་གཏང་དགོས། གཞི་རྒྱ་ཆུང་བའི་སློབ་གྲྭའི་འཛིན་གྲྭ་ཆུང་བའི་སློབ་ཁྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་བས་གསོན་ཉམས་ལྡན་པའི་སློབ་གསོ་སློབ་ཁྲིད་བྱེད་སྟངས་སྤྱད་དེ། སློབ་མར་བསྟུན་ནས་སློབ་ཁྲིད་བྱེད་པ་འབུར་དུ་དོད་ནས། སྒེར་གཤིས་ཅན་གྱི་སློབ་ཁྲིད་དང་དམིགས་གཏད་རང་བཞིན་གྱི་ཟུར་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་མ་རེ་རེའི་བསམ་བློའི་འགུལ་རྣམ་དང་ལུས་སེམས་བདེ་ཐང་ལ་དོ་སྣང་ནན་མོ་བྱས་ནས་མི་སྐྱོང་བའི་ཆུ་ཚད་དངོས་གནས་ཇེ་མཐོར་གཏང་དགོས། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭས་ཉིན་གང་བོར་མི་སྐྱོང་བ་དང་ཞིང་སྡེའི་སློབ་གསོའི་ཐོན་ཁུངས་ཀྱི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་གང་ལེགས་དང་ས་ཁོངས་ཀྱི་ཐོན་ཁུངས་དང་ས་གནས་ཀྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ཏེ། སློབ་མ་སློབ་གྲྭར་འདུག་པའི་དུས་ཚོད་བཀོད་སྒྲིག་འོས་འཚམ་དང་། སློབ་ཁང་སློབ་ཁྲིད་དང་ལག་ལེན་བྱ་འགུལ། སློབ་རྭའི་རིག་གནས། སློབ་གྲྭའི་དོ་དམ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཐོག སྣ་མང་ཕུན་ཚོགས་ཀྱི་ཕྱོགས་བསྡུས་ལག་ལེན་དང་སློབ་རའི་རིག་གནས་བྱ་འགུལ་ཧུར་ཐག་གིས་སྤེལ་དགོས། སློབ་གྲྭའི་གུང་གཞོན་ཚོགས་པ་དང་ལོ་ཆུང་གདོང་ལེན་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། “དགའ་ཞེན་བཞི་དང་ཡོད་པ་གསུམ”གྱི་སློབ་གསོ་གཏིང་ཟབ་སྒོས་སྤེལ་དགོས་ཤིང་། ངལ་རྩོལ་སློབ་གསོ་དང་ཁྲིམས་སྐྱོང་སློབ་གསོ། བདེ་འཇགས་སློབ་གསོ། གསོ་སྐྱོང་སློབ་གསོ་བཅས་གཙིགས་སུ་བཟུང་ནས་སློབ་མའི་ཕྱོགས་བསྡུས་སྤུས་འཚག་གསོ་སྐྱོང་དང་སྒྲིག་བརྩི་ཁྲིམས་སྲུང་གི་འདུ་ཤེས། རང་ངོས་འགོག་ཟོན་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་བདེ་འཇགས་དོན་རྐྱེན་དང་བརྙས་རྡུང་གི་སྣང་ཚུལ་འབྱུང་བར་ནུས་པ་ལྡན་པར་སྔོན་འགོག་བྱ་དགོས། ཁྱིམ་ཚང་དང་སློབ་གྲྭའི་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་ཁྱིམ་ཚང་དུ་གནས་ཚུལ་འདྲི་རུ་འགྲོ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཁྱིམ་བདག་ཨུ་ཡོན་ལྷན་ཚོགས་དང་ཁྱིམ་བདག་དང་སློབ་གྲྭའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱིམ་ཚང་སློབ་གསོའི་སྤུས་ཚད་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་དང་། ཁྱིམ་ཚང་དང་སློབ་གྲྭས་མི་སྐྱོང་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས། ཞིང་སྡེའི་གཞིས་བསྐྱུར་བྱིས་པའི་སློབ་གསོའི་གཅེས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས། ཞིབ་བདེན་འཐུས་ཚང་ཡིན་ཞིང་འགུལ་རྣམ་ལྟར་དོ་དམ་བྱེད་པའི་གཞིས་བསྐྱུར་བྱིས་པའི་ཆ་འཕྲིན་རྩིས་ཐོ་སྐྲུན་པ་དང་། དམིགས་བསལ་གྱིས་སྔོན་ལ་འགན་སྲུང་དང་གནད་འཁེལ་སྒོས་རོགས་སྐྱོར་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་བསྐྲུན་དགོས་ཤིང་། གཞིས་བསྐྱུར་བྱིས་པས་སློབ་གསོ་མྱོང་བའི་གོ་རིམ་ཧྲིལ་བོར་དོ་དམ་བྱེད་ཤུགས་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། གཞིས་བསྐྱུར་བྱིས་པའི་བཅའ་སྡོད་དགོས་མཁོ་དམིགས་བསལ་གྱིས་སྔོན་ལ་བསྐང་དགོས། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་དང་ས་གནས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། གཞིས་བསྐྱུར་བྱིས་པའི་འཚོ་བར་ལྟ་སྐྱོང་བྱེད་པར་ངེས་མཁོའི་ཞབས་ཕྱི་མི་སྣ་བཀོད་སྒྲིག་ཆ་ཚང་བྱས་ནས། ཤང་དང་གྲོང་རྡལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དེ་ངེས་པ་དོན་གྱིས་བྱིས་པ་ཚོ་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་སའི་གཡུལ་སར་འགྱུར་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭར་དོ་དམ་ཤུགས་དྲག་ཏུ་བཏང་ནས། མི་རིགས་མཐུན་སྒྲིལ་དང་མཉམ་འདྲེས་ལ་ཕན་པའི་སློབ་གསོ་སློབ་ཁྲིད་བྱ་འགུལ་ཧུར་ཐག་གིས་སྤེལ་བ་དང་། དངོས་ཡོད་ལ་ཟུང་སྦྲེལ་དང་ཆོས་ཉིད་བརྩི་སྲུང་། ཚན་རིག་བརྟན་བརླིང་། ཆ་རྐྱེན་གསར་བསྐྲུན་བྱས་ཏེ་སློབ་མས་སློབ་གྲྭར་སློབ་སྦྱོང་དང་འཚོ་བའི་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱ་ཁྱབ་ཏུ་བཀོལ་བར་སྣེ་འཁྲིད་དགོས།

(བཅུ་བདུན།) “སྦྲེལ་དྲ+སློབ་གསོ”གོང་འཕེལ་ལ་སྐུལ་འདེད་གཏང་དགོས། ས་གནས་སོ་སོས་ཧུར་ཐག་གིས་ཆ་རྐྱེན་བསྐྲུན་ནས། སློབ་གསོ་ཆ་འཕྲིན་ཅན2.0འགུལ་སྐྱོད་ཀྱི་འཆར་གཞི་གཏིང་ཟབ་ཏུ་ལག་ལེན་བྱས་ཏེ། “ཤར་གཏོང་གསུམ་དང་ལས་སྟེགས་གཉིས”ཀྱི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། སློབ་གྲྭ་རིགས་གཉིས་ཀྱི་ཐགས་ཡངས་དྲ་བ་ཡོངས་སུ་ཁེབས་པ་གང་མགྱོགས་ཀྱིས་མངོན་འགྱུར་དང་། སློབ་གསོ་སློབ་ཁྲིད་དང་ཆ་འཕྲིན་ལག་རྩལ་མཉམ་འདྲེས་ཟབ་མོ་ཡོང་ཚད་ཇེ་མཐོར་གཏང་དགོས། རྒྱལ་ཁབ་ཀྱི་བསླབ་ཚན་དང་ས་གནས་སོ་སོའི་བསླབ་ཚན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། ཕྱི་ཡིག་དང་སྒྱུ་རྩལ། ཚན་རིག་གི་བསླབ་ཚན་གཙོ་གནད་དུ་བཟུང་ནས་རིག་ཚན་ཡོངས་སུ་ཁེབས་པར་བྱེད་པ་དང་། སྐུད་ཐོག་སློབ་ཁྲིད་དང་བརྙན་ཐུང་སློབ་ཁྲིད་སོགས་བསླབ་ཚན་གྱི་ཐོན་ཁུངས་ནང་འདྲེན་ནམ་གསར་སྤེལ་བྱས་ཏེ། ཕུན་ཚོགས་སྤུས་ལེགས་ཀྱི་སྐུད་ཐོག་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་བྱེད་ཅིང་། སློབ་གྲྭ་རིགས་གཉིས་སུ་བསླབ་ཚན་ཆ་ཚང་ཞིང་འདང་ངེས་ཤིག་ལེགས་པར་ཁྲིད་པ་ཁག་ཐེག་དང་། དགེ་རྒན་གྱི་དཔུང་ཁག་མི་འདང་བ་སོགས་ཀྱི་ཞན་ཆ་ཁ་གསབ་བྱ་དགོས། སྤུས་ལེགས་པའི་སློབ་གྲྭ་དང་རྐང་འཛིན་དགེ་རྒན་གྱི་ཤུགས་རྐྱེན་བཟོ་ཞིང་སྐུལ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། ཞིང་ཆེན་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་སློབ་གྲྭའི་བར་དུ་བརྗེ་རེས་འབྲེལ་འདྲིས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དུས་མཉམ་སློབ་ཁྲིད་དང་ཡོངས་སྒྲོག་སློབ་ཁྲིད། སྐུད་ཐོག་དོགས་སེལ་ཟུར་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ། སློབ་གྲྭ་རིགས་གཉིས་ཀྱི་དགེ་སློབ་དང་སྤུས་ལེགས་པའི་སློབ་གྲྭའི་དགེ་སློབ་ཀྱིས་མཉམ་དུ་སྐུད་ཐོག་ཏུ་སློབ་ཁྲིད་དང་སློབ་ཁྲིད་ཞིབ་འཇུག འབྲེལ་འདྲིས་བཅས་བྱེད་པར་སྐུལ་འདེད་གཏང་དགོས། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་ལག་རྩལ་ཞིབ་འཇུག་འཚོལ་ཞིབ་དང་བེད་སྤྱོད་བྱས་ཏེ། སློབ་གྲྭ་རིགས་གཉིས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་གནས་ཚུལ་ལ་ཚན་རིག་གིས་དབྱེ་ཞིབ་དང་ལྟ་བཤེར་བྱས་ཏེ། ཡང་དག་པའི་གཞི་གྲངས་ལ་གཞི་བཅོལ་ཏེ་སློབ་མའི་སློབ་སྦྱོང་དང་སློབ་གྲྭས་སློབ་གསོ་སློབ་ཁྲིད་ལ་དོ་དམ་བྱེད་པར་དམིགས་གཏད་ཡོད་པའི་སྒོ་ནས་མཛུབ་སྟོན་བྱ་དགོས། སྲིད་གཞུང་གིས“སྦྲེལ་དྲ+སློབ་གསོ”གོང་དུ་འཕེལ་བར་སྐུལ་འདེད་བྱེད་པའི་གཙོ་ཁྲིད་ནུས་པ་འདོན་སྤེལ་སྒོས་ཚོང་རའི་རྐྱེན་སྲོལ་ཧུར་ཐག་གིས་བཀོལ་བ་དང་། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱེད་པ་སོགས་རྣམ་པ་སྤྱད་དེ། སྲ་ཆས་དང་མཉེན་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། རྫོང་ཁོངས་དང་གྲོང་ཁྱེར(ཁུལ)རམ་ཞིང་ཆེན་ནང་ཁུལ་དུ་ཉམས་མྱོང་ཕུན་ཚོགས་ལྡན་པའི་སློབ་ཁྲིད་ཞིབ་འཇུག་མི་སྣ་དང་དགེ་རྒན། ཆེད་ལས་ལག་རྩལ་མི་སྣ་གདམ་གསེས་བྱས་ཏེ་སློབ་གྲྭ་རིགས་གཉིས་སུ་རྒྱུན་དུ་མཛུབ་སྟོན་བྱས་ཏེ་སློབ་གསོ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏང་དགོས།

(བཅུ་བདུན།) ཁ་གཏད་རོགས་ཁྲིད་བསྟུད་མར་གཏིང་ཟབ་ཏུ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་རིགས་གཉིས་ཀྱི་རོགས་ཁྲིད་ལམ་ལུགས་འཐུས་ཚང་དུ་བཏང་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་བར་དུ“ལག་གདང་སྦྲེལ་བའི”ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ། ཁ་གཏད་རོགས་སྐྱོར་བྱ་འགུལ་རྒྱ་ཆེར་སྤེལ་དགོས་ཤིང་། གྲོང་གསེབ་ཀྱི་སློབ་གྲྭ་རེ་རེར་གྲོང་རྡལ་གྱི་སློབ་གྲྭས་ཁ་གཏད་རོགས་སྐྱོར་ཡོད་པ་ཧུར་ཐག་གིས་མངོན་འགྱུར་བྱས་ནས་ངེས་པ་དོན་གྱིས་རོགས་སྐྱོར་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་གྱིས་ལས་གནས་རེས་བསྐོར་བརྗེ་རེས་བྱེད་པའི་བཀག་རྒྱ་སེལ་ནས། གྲོང་རྡལ་གྱི་སློབ་གྲྭའི་དགེ་རྒན་དུས་ངེས་གཏན་གྱིས་རེས་བསྐོར་ནས་གྲོང་གསེབ་ཀྱི་སློབ་གྲྭར་སློབ་ཁྲིད་དུ་འགྲོ་བར་སྐུལ་འདེད་གཏང་དགོས། སློབ་གྲྭ་རིགས་གཉིས་ཀྱི་སློབ་ཁྲིད་ཞིབ་འཇུག་གི་བྱ་བར་མཛུབ་སྟོན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་གྱི་སློབ་གྲྭས་དུས་མཉམ་དུ་སློབ་ཁྲིད་ཞིབ་འཇུག་བྱེད་པ་སོགས་རྣམ་པ་མང་པོའི་སྒོ་ནས་འབྲེལ་འདྲིས་བྱེད་པར་ལ་སྐུལ་བསྟོད་བྱ་དགོས། ཞིང་ཆེན་ནང་ཁུལ་གྱི་ཤར་ཕྱོགས་ས་ཁུལ་གྱིས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པར་ཚོགས་པའི་རྣམ་པ་སྤྱད་དེ་སློབ་ཁྲིད་རོགས་ཁྲིད་དང་སློབ་ཁྲིད་ཞིབ་འཇུག་གི་རོགས་ཁྲིད་གཏིང་ཟབ་སྒོས་སྤེལ་ནས། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་དུ་སློབ་གྲྭ་ཁག་ཅིག་གི་སློབ་སྒྲུབ་ཆུ་ཚད་མཐོར་འདེགས་དང་སློབ་ཁྲིད་དང་སློབ་ཁྲིད་ཞིབ་འཇུག་གི་རྐང་འཛིན་པ་ཁག་ཅིག་གསོ་སྐྱོང་བྱེད་རོགས་བྱ་དགོས། གྲོང་ཁྱེར(ཁུལ)་སོ་སོས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག་ཏུ། སློབ་གྲྭ་རིགས་གཉིས་དང་ནང་ལོགས་ཀྱི་ཆུ་ཚད་མཐོ་བའི་སློབ་གྲྭའི་བར་དུ་ཆ་བསྒྲིགས་པའི་རོགས་སྐྱོར་འབྲེལ་བ་གཟུགས་པར་རྩ་འཛུགས་བྱས་ཏེ། སློབ་གསོ་སློབ་ཁྲིད་འབྲེལ་འདྲིས་དང་སྤུས་ལེགས་པའི་སློབ་ཁྲིད་ཀྱི་ཐོན་ཁུངས་མཉམ་སྤྱོད་སོགས་བྱེད་སྟངས་སྤྱད་དེ། སློབ་གྲྭ་རིགས་གཉིས་ཀྱི་ནང་གནས་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། ཐེབས་རྩ་ཚོགས་པ་དང་བྱིས་པའི་ཕན་བདེ་ལས་ཁུངས། དམངས་ཁྲོད་ཀྱི་སྤྱི་ཚོགས་རྩ་འཛུགས་བཅས་ལ་འབྲེལ་འདྲིས་མཉམ་འབྲེལ་ཟབ་མོ་བྱས་ནས། སློབ་གྲྭ་རིགས་གཉིས་གོང་སྤེལ་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཇེ་ཆེར་གཏང་དགོས།

བདུན། རྩ་འཛུགས་ཀྱི་འགན་སྲུང་ཤུགས་དྲག་ཏུ་གཏང་དགོས།

(བཅོ་བརྒྱད།) བྱ་བའི་འགན་འཁྲི་དོན་འཁྱོལ་བྱ་དགོས། ས་ཁུལ་སོ་སོས་སློབ་གྲྭ་རིགས་གཉིས་ཀྱི་བྱ་བར་ཏང་གིས་མགོ་ཁྲིད་བྱེད་ཤུགས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། སློབ་གྲྭའི་ཏང་རྩ་འཛུགས་ཀྱིས་ཁ་ཕྱོགས་འཛིན་པ་དང་ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་ལ་སྐུལ་འདེད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཐོག ཕྱོགས་སོ་སོའི་སྟོབས་ཤུགས་ནུས་ཡོད་སྒོས་སྐུལ་སློང་བྱས་ནས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་མགྱོགས་མྱུར་ངང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏང་དགོས། སློབ་གྲྭ་རིགས་གཉིས་ལེགས་པོར་བསྒྲུབ་རྒྱུ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་བྱ་བའི་གྲོས་རིམ་གལ་ཆེན་དུ་བཞག་སྟེ། ཞིང་ཆེན་རིམ་པའི་སྲིད་གཞུང་གིས་གཅིག་འདོམས་བྱེད་ཤུགས་ཇེ་དྲག་དང་། གྲོང་ཁྱེར(ཁུལ)་སྲིད་གཞུང་གིས་མངའ་ཁོངས་ནང་དུ་གཅིག་འདོམས་དང་ལྟ་སྐུལ། དོ་དམ། མཛུབ་སྟོན་བཅས་བྱེད་ནུས་ཇེ་དྲག་གཏོང་བ་དང་། རྫོང་རིམ་པའི་སྲིད་གཞུང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ། ལས་གཞི་བཀོད་སྒྲིག་བྱེད་ཁྲོད་དུ་སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་དེར་དམིགས་བསལ་གྱིས་སྔོན་ལ་བསམ་བློ་གཏོང་བ་དང་། སློབ་གྲྭ་རིགས་གཉིས་ཀྱི་ཁྱབ་ཚུལ་འཆར་འགོད་དང་གྲོན་དངུལ་གཏོང་བ། འཛུགས་སྐྲུན་འཁོར་སྐྱོད། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་སོགས་ཐད་ཀྱི་འབུར་ཐོན་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས། སློབ་གྲྭ་རིགས་གཉིས་ལེགས་པོར་བསྒྲུབ་པ་དེ་རིམ་པ་སོ་སོའི་སྲིད་གཞུང་གི་དཔྱད་ཞིབ་མ་ལག་ཏུ་འཇུག་པ་དང་འགན་འཁྲི་རྩད་གཅོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྲིད་ཇུས་ཀྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་དང་བྱ་བའི་དམིགས་འབེན་དུས་ལྟར་མངོན་འགྱུར་འབྱུང་བར་ཁག་ཐེག་བྱ་དགོས།

(བཅུ་དགུ།) ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ཤུགས་དྲག་ཏུ་གཏང་དགོས། སློབ་གྲྭ་རིགས་གཉིས་ཀྱི་སྤུས་ཚད་ལྟ་བཤེར་དང་ལྟ་སྐུལ་དཔྱད་དཔོག་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་དེ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཕལ་ཆེར་དོ་མཉམ་དང་སྤུས་ལེགས་དོ་མཉམ་ཡོང་བར་ལྟ་སྐུལ་དཔྱད་དཔོག་དང་ཁས་ལེན་གྱི་ཁྱབ་ཁོངས་སུ་འཇུག་དགོས་ཤིང་། ཕལ་ཆེར་དོ་མཉམ་ལ་དཔྱད་དཔོག་ ཁས་ལེན་ཐོབ་པའི་རྫོང(གྲོང་ཁྱེར་དང་ཆུས། སྲིད་འཛིན་ཨུ་ལྷན)གིས་ལྟ་སྐུལ་བསྐྱར་བཤེར་དང་ལེན་བྱེད་པའི་སྐབས་སུ་སློབ་གྲྭ་རིགས་གཉིས་ནང་དུ་འདུ་དགོས། སློབ་གསོའི་ལྟ་སྐུལ་མཛུབ་སྟོན་སྡེ་ཁག་གིས་སློབ་གྲྭ་རེ་རེར་འགན་འཁྲི་ལྟ་སྐུལ་སློབ་སྟོན་པ་བཀོད་སྒྲིག་བྱས་ཏེ། དུས་བཅད་ལྟར་ལྟ་སྐུལ་ཞིབ་བཤེར་བྱ་དགོས་ཤིང་། ལྟ་སྐུལ་མཛུབ་སྟོན་གྱི་ཞིབ་བཤེར་མཇུག་འབྲས་སྤྱི་བསྒྲགས་དང་དུས་བཅད་ལྟར་ལེགས་བཅོས་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ལེགས་སྒྱུར་ལ་ལྟ་སྐུལ་དང་སྐུལ་འདེད་བྱེད་ཅིང་། དཔྱད་འཇོག་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་ལེགས་པོར་བསྒྲུབ་པར་དངོས་གནས་སྐུལ་འདེད་གཏང་དགོས།

(ཉི་ཤུ།) སྣང་ཚུལ་ལེགས་པོ་བསྐྲུན་དགོས། སློབ་གྲྭ་འཛུགས་སྐྲུན་གྱི་འབྲེལ་ཡོད་དངུལ་བསྡུ་ཆག་ཡང་ངམ་རྩ་ཆག་ཏུ་གཏོང་བའི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སློབ་གྲྭའི་ཉལ་ཁང་འཛུགས་སྐྲུན་ལས་གཞི་དང་འབྲེལ་བའི་སྲིད་འཛིན་དོན་ལས་རང་བཞིན་གྱི་དངུལ་བསྡུ་དང་སྲིད་གཞུང་གི་ཐེབས་རྩ་བསྡུ་མི་དགོས་ལ། ཚོང་གཉེར་ཞབས་ཕྱིའི་རང་བཞིན་དང་འབྲེལ་བའི་དངུལ་བསྡུ་འོས་འཚམ་གྱིས་ཆག་ཡང་དུ་གཏོང་བའམ་བསྡུ་མི་དགོས། སྤྱི་ཚོགས་ལས་རིགས་སོ་སོའི་ཁྲིམས་མཐུན་གྱི་རྩ་འཛུགས་དང་མི་སྒེར་གྱིས་རྒྱུ་ནོར་ཞལ་འདེབས་ཕུལ་ནས། སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་བྱ་བར་སྐུལ་བསྟོད་བྱ་དགོས། རྒྱལ་ཁབ་དང་རང་རེའི་ཞིང་ཆེན་གྱི་སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འབྲེལ་ཡོད་བྱེད་ཐབས་གལ་ཆེན་དྲིལ་སྒྲོག་རྒྱ་ཆེར་སྤེལ་ཏེ། སྲིད་ཇུས་སྒྲོག་འདོན་ཤུགས་དྲག་དང་ གོང་འཕེལ་གྲུབ་འབྲས་དྲིལ་སྒྲོག སྔོན་ཐོན་ཉམས་མྱོང་ཁྱབ་བརྡལ་བཅས་བྱེད་ཅིང་། མི་དམངས་མང་ཚོགས་ཀྱིས་སློབ་གྲྭ་རིགས་གཉིས་ཀྱི་འཛུགས་སྐྲུན་ཐདལ་བཏོན་པའི་ལུགས་མཐུན་གྱི་རེ་ཞུ་ལ་དུས་ཐོག་ཏུ་ལན་སྟེར་བ་དང་། སྤྱི་ཚོགས་ཀྱི་གཅིག་མཐུན་གྱི་ལྟ་བ་ཕྱོགས་བསྡུས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་སློབ་གྲྭ་རིགས་གཉིས་གོང་སྤེལ་དང་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས།

ལག་བསྟར་བསམ་འཆར་འདི་དཔར་འགྲེམས་བྱས་ཉིན་ནས་ལག་བསྟར་བྱ་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་ནས།

2018ལོའི་ཟླ12བའི་ཚེས5ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།