ཀྲུང་ཧྭའི་བུ་དང་བུ་མོར་བདེ་སྐྱིད་དང་གཟི་བརྗིད་མཉམ་རོལ་བྱེད་དུ་འཇུག་དགོས།

རླབས་ཆེ་བའི་ལོ་རྒྱུས་ནི་མི་དམངས་ཐུན་མོང་གིས་བརྩམས་པ་ཡིན་ལ། རླབས་ཆེ་བའི་དུས་རབས་ནི་མི་དམངས་ཐུན་མོང་གིས་གསར་སྐྲུན་བྱས་པ་ཡིན། རླབས་ཆེ་བའི་ཕུགས་འདུན་ནི་མི་དམངས་ཐུན་མོང་ལ་བརྟེན་ནས་མངོན་འགྱུར་བྱུང་བ་ཡིན།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཚོགས་ཀྱི་མཇུག་བསྡུས་མཛད་སྒོའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་མི་རིགས་སྙིང་སྟོབས་འགྲེལ་བཤད་ཟབ་མོ་གནང་སྟེ། ཁྱོན་ཡོངས་ནས་དུས་རབས་གསར་པའི་རྒྱད་སྐྱོད་ཀྱི་ལམ་བུ་གསར་པའི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་བཀོད་སྒྲིག་མཛད་ཅིང་། མི་དམངས་ལ་བཅངས་པའི་ཡིད་སྨོན་ཆེན་པོ་དང་། རྒྱལ་ཁབ་ལ་བཅངས་པའི་ཡིད་ཆེས་བརྟན་པོ། མ་འོངས་པ་ལ་བཅངས་པའི་འཆར་འགོད་ཟབ་མོ་བཅས་ཀྱིས་མི་དམངས་དུང་ཕྱུར་ལྷག་གིས་ཐུན་མོང་གིས་འབད་བརྩོན་བྱེད་པ་དང་ཐུན་མོང་གིས་ཕུགས་འདུན་མངོན་འགྱུར་བྱེད་པར་སྤོབས་པ་ཆེན་པོའི་ངར་ཤུགས་ཡོད་དགོས་པའི་འབོད་སྐུལ་བཏང་ནས། མི་དམངས་ཀྱི་སྲིད་ཏང་དང་མི་དམངས་ཀྱི་གཙོ་འཛིན་ཞིག་གི་ནམ་ཡང་འགྱུར་བ་མེད་པའི་ལྷད་མེད་སེམས་དཀར་མཚོན་པར་བྱས་ཏེ། མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་རའི་ནང་ཡང་ནས་ཡང་དུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ལྷང་ཞིང་། སྤྱི་ལེ་གྲུ་བཞི་མ་ཁྲི960ལྷག་གི་འཛིན་མའི་ཁྱོན་དུ་ཡང་བསྐྱར་མཐུན་སྒྲིལ་འབད་བརྩོན་གྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་སྒྲིལ།

ལོ་ངོ་ལྔ་སྟོང་ལྷག་གི་འོད་སྟོང་འབར་བའི་དཔལ་ཡོན་དང་། ལོ་ངོ་ཆིག་བརྒྱ་བདུན་ཅུ་ལྷག་གི་དཔའ་ངར་ཞུམ་མེད་ཀྱི་འགྲན་རྒོལ། ལོ་ངོ་བདུན་ཅུར་ཉེ་བའི་རིང་སྐད་གསང་མཐོན་པོས་གླུ་དབྱངས་ལེན་བཞིན་དྲག་ཏུ་སྐྱོད་པ་སྟེ། མི་རིགས་ཤིག་ལ་བླངས་ནས་འཛད་མཐའ་མེད་པ་ལྟ་བུའི་སྒུལ་ཤུགས་སྩོལ་མཁན་དེ་སུ་ཞིག་ཡིན་ནམ། རྒྱལ་ཁབ་ལ་འཆི་ཁར་གསོན་ལམ་རྙེད་པ་ལྟ་བུའི་འདེགས་སྐྱོར་སྩོལ་མཁན་དེ་སུ་ཞིག་ཡིན་ནམ། དེ་ནི་རླབས་ཆེ་བའི་མི་དམངས་དང་། རླབས་ཆེ་བའི་མི་རིགས་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་དུས་ཡུན་རིང་བའི་འབད་བརྩོན་ཁྲོད་གསོ་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་སུ་བཏང་བའི་རླབས་ཆེ་བའི་མི་རིགས་སྙིང་སྟོབས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ལས། ང་ཚོའི་རླབས་ཆེ་བའི་མི་རིགས་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་བསྟན་དོན་དེ་གནད་ལ་འཁེལ་བ་ཞིག་རྒྱས་བཤད་མཛད་ཡོད་དེ། མི་དམངས་ཀྱིས་དཀའ་ངལ་ཁྱད་གསོད་ཀྱིས་ངལ་རྩོལ་དང་། གསར་གཏོད། གསར་སྐྲུན་བཅས་བྱས་པས། ད་ལྟ་རང་རྒྱལ་གོམ་ཁ་ཆེན་པོས་འཛམ་གླིང་གི་སྔོན་གྲལ་དུ་ཚུད་པ་དང་། མི་དམངས་ཀྱིས་རྙིང་དོར་གསར་ལེན་དང་འབད་བརྩོན་ལྷོད་མེད་བྱས་པས། ད་ལྟ་ང་ཚོར་ཡོད་པའི་ཡོད་ཚད་གསར་སྐྲུན་བྱས་པ་ཡིན། མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་པ་གྲུ་འདེགས་ཀྱི་ཚུལ་དུ་ཧུར་སྐྱེད་བྱས་པས། ད་ལྟའི་གཞན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་གཏོད་བྱས་པ་ཡིན། མི་དམངས་ཀྱིས་ཕུགས་འདུན་ཡིད་ལ་བཅངས་པ་དང་དོན་གཉེར་ལྷོད་མེད་བྱས་པས། ད་ལྟ་ང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ལོ་རྒྱུས་སྟེང་གི་དུས་སྐབས་གང་དང་གང་ལས་ཀྱང་སྔར་ལས་ཉེ་ཞིང་སྔར་ལས་ཡིད་ཆེས་དང་ནུས་པ་ཡོད་དུ་བཅུག་པ་བཅས་གཏིང་ཟབ་ཏུ་བསྟན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་གསར་སྐྲུན་སྙིང་སྟོབས་དང་། རླབས་ཆེ་བའི་འབད་བརྩོན་སྙིང་སྟོབས། རླབས་ཆེ་བའི་མཐུན་སྒྲིལ་སྙིང་སྟོབས། རླབས་ཆེ་བའི་ཕུགས་བསམ་སྙིང་སྟོབས་བཅས་དར་སྤེལ་བཏང་ན། ང་ཚོར་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ཤུགས་ཆེན་པོའི་སྙིང་སྟོབས་ཀྱི་སྒུལ་ཤུགས་ཡོད་པས། སྔར་ལས་དཔའ་ངར་ཆེ་བའི་འགྱིང་ཉམས་ཀྱིས་འཛམ་གླིང་མི་རིགས་ཀྱི་ནགས་ཚལ་ཁྲོད་ནས་འགྱིང་ངེར་ལང་ཐུབ།

མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་དང་། མི་དམངས་ནི་དཔའ་ངོ་མ་དེ་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕེན་གྱི་གསུང་བཤད་གལ་ཆེན་ལས། “མི་དམངས”ཞེས་པའི་ཡིག་འབྲུ་འདི་གཉིས་མངོན་གསལ་ཆེ་ལ་ལྗིད་ཤུགས་རབ་ཏུ་ལྡན་པ་ཞིག་སྟེ་དུས་དང་བར་སྟོང་གཡོ་འཁྱོམ་བྱེད་པའི་སྐད་གདངས་ལས་འགྱུར་བ་མེད་པའི་སྲིད་སྐྱོང་འདུ་ཤེས་མངོན་གསལ་དུ་བསྟན་ཡོད་ཅིང་། འགྱུར་བ་མེད་པའི་མི་རིགས་ཀྱི་བརྩེ་སེམས་བརྒྱུད་སྤྲོད་བྱས་ཡོད། མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱས་ནས། མི་དམངས་དེ་སེམས་ཀྱི་ཆེས་མཐོ་བའི་གནས་ཡུལ་དུ་བཞག་སྟེ་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བ་ལ་བཅངས་པའི་རེ་སྨོན་དེ་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་བཅངས་ས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་ཡིད་ཆེས་ཀྱི་བསམ་པ་ཡོད་ས་སྟེ། ང་ཚོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་པའི་དམིགས་ཡུལ་འཆང་ས་དེ་ཡིན། ཁེངས་སྐྱུང་སྒོས་མི་དམངས་ལ་སློབ་སྦྱོང་བྱེད་པ་དང་། གཟབ་ནན་སྒོས་མི་དམངས་ཀྱི་འབོད་སྒྲ་ལ་ཉན་པ། མི་དམངས་ཀྱི་ཤེས་རབ་བསྡུ་ལེན་བྱས་ན། ད་གཟོད་ང་ཚོ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་དོ་ཟླ་བྲལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ཐུབ་ཅིང་། མི་ཡུལ་གྱི་ངོ་མཚར་མང་པོ་གསར་སྐྲུན་བྱེད་ཐུབ། མི་དམངས་དང་གཅིག་སེམས་གཅིག་གཏད་བྱེད་པ་དང་། མི་དམངས་དང་སྐྱིད་སྡུག་མཉམ་འཁུར་བྱེད་པ། མི་དམངས་དང་མཐུན་སྒྲིལ་འབད་བརྩོན་བྱས་ན། ད་གཟོད་ང་ཚོའི་ཏང་དུས་ནམ་ཡང་དུས་རབས་ཀྱི་སྔོན་གྲལ་དུ་ཚུད་ནས་དུས་རབས་གསར་པར་གཏོགས་པའི་འོད་སྟོང་འབར་བའི་གྲུབ་འབྲས་གསར་སྐྲུན་བྱེད་ཐུབ་ཅིང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་རྫོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ཁྲོད་བདེ་སྐྱིད་དང་གཟི་བརྗིད་མཉམ་རོལ་བྱེད་ཐུབ།

ལམ་བགྲོད་ཕུགས་བསམ་རྒྱ་ཆེ་ཡང་། །འབད་བརྩོན་ལམ་བུ་ད་དུང་རིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་ནས། ང་ཚོའི་རྡོག་འོག་ཏུ་སྔར་ལས་བརྗིད་ཆགས་ཁོད་ཡངས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་དུ་ཕྱེ་ཡོད། དུས་རབས་གསར་པ་ནི་མི་རེ་རེ་ལ་དབང་ཞིང་མི་རེ་རེ་ཡང་དུས་རབས་གསར་པའི་བདེན་པའི་དཔང་པོ་དང་། གསར་གཏོད་མཁན། འཛུགས་སྐྲུན་མཁན་ཡིན། ང་ཚོས་སྔར་ལས་ཤུགས་ཚད་ལྡན་ཞིང་སྔར་ལས་ནན་ཏན་ཆེ་བའི་བྱེད་ཐབས་ཀྱིས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་གསོན་ཤུགས་སྔར་ལས་ལེགས་པའི་སྒོ་ནས་གསལ་པོར་མཚོན་པར་བྱེད་པ་དུའཇུག་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྱད་འཕགས་རང་བཞིན་སྔར་ལས་གང་ལེགས་སྒོས་མཚོན་པར་བྱེད་དུ་འཇུག་པ། ཀྲུང་ཧྭའི་དཔལ་ཡོན་གྱིན་ཤུགས་རྐྱེན་ནུས་པ་དང་། གོང་བུར་འགྲིལ་ཤུགས། ཡིད་འགུག་ནུས་པ་བཅས་སྔར་ལས་ལེགས་པའི་སྒོ་ནས་མཚོན་དུ་འཇུག་པ། མི་དམངས་ཡོངས་ཐུན་མོང་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་ཡོང་རྒྱུ་དེ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་སྔར་ལས་ལེགས་པར་མཚོན་དུ་འཇུག་པ། སྔོ་ལྗང་རི་ཀླུང་ནི་གསེར་རི་དང་དངུལ་རི་ལྟ་བུ་ཡིན་པའི་འདུ་ཤེས་དེ་མེས་རྒྱལ་འཛིན་མའི་ཁྱོན་དུ་སྔར་ལས་ལེགས་པའི་སྒོ་ནས་གསལ་པོར་མཚོན་དུ་འཇུག་པ་བཅས་ཀྱིས། མི་དམངས་ལ་མི་མངོན་པར་ཡོད་པའི་སྟོབས་ཤུགས་ཆེན་པོ་སྐུལ་སྤེལ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་སྙིང་སྟོབས་ཆེ་སྐྱེད་ཀྱིས་བྱས་རྗེས་འཇོག་ཐུབ་པར་བྱེད་པ་དང་། རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ངོས་ནས་རྣམ་པ་གསར་པ་ཕྱེ་བ་དང་རླབས་ཆེ་བའི་བདག་ཉིད་གསར་བརྗེ་ངོས་ནས་བླ་སྲོག་ལ་སྟོབས་རྒྱས་ན། ཀྲུང་གོ་མི་དམངས་ཀྱིས་ཕུགས་བསམ་མངོན་འགྱུར་ཡོང་བར་བྱེད་པའི་གོམ་སྟབས་འགོག་ཐུབ་པའི་སྟོབས་ཤུགས་གང་དང་གང་ཡང་མེད།

བརྗིད་ཉམས་ལྡན་པའི་རི་ཚོགས་ལ་རི་རྩེ་མཐོན་པོ་ཡོད་ངེས་ཡིན་ཏེ། རླབས་ཆེ་བའི་འཐབ་རྩོད་ལག་ལེན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་དུ་གྱུར་ཡོད། རྒྱལ་ཁབ་ལ་འདི་ལྟ་བུའི་དབང་སྒྱུར་མཁན་དང་། མི་དམངས་ལ་འདི་ལྟ་བུའི་ལམ་འཁྲིད་མཁན་ཡོད་པས། ཀྲུང་གོ་མི་དམངས་ཀྱིས་དཔའ་སྤོབས་ཆེ་སྐྱེད་དང་མེས་རྒྱལ་འཛིན་མའི་ཁྱོན་དུ་དཔྱིད་ཀྱི་དགའ་དཔལ་འཛོམས་པར་གྱུར་ཏེ། ཀྲུང་ཧྭ་མི་རིགས་ཀྱིས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བསྐྱར་དར་གནས་ཚུལ་གསལ་པོར་མངོན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། “འདུ་ཤེས་བཞི” ཤུགས་ཆེར་གཏོང་བ་དང“ རང་རྟོན་བཞི”བརྟན་པོར་བཅངས་ནས། འབད་པ་ལྷུར་ལེན་པ་དང་། ཁ་ལོ་བརྟན་པོར་བསྒྱུར་བ། ངར་ཤུགས་རྩེར་སོན་པ་བཅས་ཀྱི་སྒོ་ནས། ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གི་རླབས་ཆེན་ཕུགས་འདུན་ཁུར་ཡོད་པའི་ཀྲུང་ཧྭའི་གྲུ་གཟེངས་ཆེན་པོས་རླབས་ཤུགས་མཁའ་ལ་གཏོར་ནས་རྒྱང་དུ་སྙེག་བཞིན་རེ་བས་ཁེངས་པའི་སང་ཉིན་ལ་བསྐྱོད་པར་སྐུལ་འདེད་གཏོང་དགོས་སོ། །      

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།