ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རྒྱུགས་ལེན་ཁྲོད་བོད་ཡིག་རྒྱུགས་གཞི་དང་རྒྱུགས་ཁང་ཇེ་མང་དུ་བཏང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-07-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཞིབ་འཇུག་བྱས་པ་བརྒྱུད་དེ།ཁྱེད་ཐིང་གི་བསམ་འཆར་ལ་འཐད་པ་བྱུང་ཞིང་།2016ལོ་ནས་བཟུང་།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་ཡིག་རྒྱུགས་གཞི་དང་རྒྱུགས་ཁང་བཙུགས་ཡོད”ཅེས་ཉེ་ཆར་ཁྲིམས་འཛིན་པུའུ་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་སི་ཡིས་ཆོག་མཆན་བཀོད་དེ།རང་ཞིང་གིས་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་ཁྲོད་བོད་ཡིག་རྒྱུགས་གཞི་དང་རྒྱུགས་ཁང་འཛུགས་རྒྱུའི་རེ་ཞུ་ལ་འཐད་པ་བྱུང་།

ཁྲིམས་འཛིན་རྒྱུགས་ལེན་ཁྲོད་བོད་ཡིག་གི་རྒྱུགས་གཞི་དང་རྒྱུགས་ཁང་བཙུགས་པ་དེས།སྔོན་ཆད་རང་ཞིང་གི་བོད་ཡིག་རྒྱུགས་ལེན་པ་རྣམས་བོད་རང་སྐྱོང་ལྗོངས་ལ་རྒྱུགས་ལེན་དུ་འགྲོ་དགོས་པའི་གནས་བབ་བསྒྱུར་པ་དང་མཉམ་དུ།ཀན་སུའུ་དང་སི་ཁྲོན་སོགས་ཁྱིམ་མཚེས་ཞིང་ཆེན་གྱི་བོད་ཡིག་རྒྱུགས་ལེན་པ་རྣམས་ཀྱིས་མིང་ཐོ་འགོད་པའི་ས་གནས་གདམ་གསེས་བྱེད་སྐབས་མཚོ་སྔོན་གདམ་གསེས་བྱས་ཏེ།རྗེས་ཕྱོགས་ཟི་ལིང་ནས་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་ལ་ཞུགས་ཆོག

རྗེས་ཕྱོགས་ཞིང་ཆེན་ཁྲིམས་འཛིན་ཐིང་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་ཁྲུའུ་ཡིས་མཐོ་རིམ་སློབ་གྲྭ་སོ་སོར་སོང་ནས་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་སྐོར་གྱི་བརྡ་ཐོ་དང་དྲིལ་སྒྲོག་ཡི་གེ་འགྲེམ་པ་དང་།ནང་སྒོས་སུ་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གླིང་སོགས་སྐད་གཉིས་བཅའ་ཁྲིམས་ཆེད་ལས་བཙུགས་ཡོད་པའི་མཐོ་རིམ་སློབ་གྲྭར་སོང་ནས་དྲིལ་སྒྲོག་བྱེད་རྒྱུ་རེད།

  2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་གྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ6པའི་ཚེས16ཉིན་ནས་ཟླ7པའི་ཚེས5ཉིན་བར་ཡིན་ལ།ཟླ9པའི་ཚེས24དང་ཚེས25ཉིན་གཉིས་ལ་རྒྱུགས་ལེན་རྒྱུ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།