ཁྱོ་གས་ཆུང་མར་རྒྱུན་དུ་མནར་གཅོད་བཏང་ན་ཆོག་གམ།

1474968399771623.png

གྱོད་དཔེ།

བུ་མོ་སྐར་རྒྱན་ལགས་གཉེན་བསྒྲིགས་ནས་ལོ་ལྔ་ཙམ་འགོར་མོད། ལོ་ལྔའི་འཚོ་བ་དེ་ནི་ཁོ་མོར་མཚོན་ན་ཧ་ཅང་དཀའ་སྡུག་ཆེ་བ་ཞིག་རེད། མོའི་ཁྱོ་ག་ཁོ་མོར་ཅུང་ཙམ་ཡིད་མ་ཆེས་ཚེ་ཚིག་རྩོད་དང་རྡོག་ཐོས་བཞུ་བར་འཛེམ་བག་མེད། ཁྱོ་གའི་དྲག་ལས་ཀྱི་བྱ་སྤྱོད་དེར་བུ་མོ་སྐར་རྒྱན་ལགས་སྔར་ནས་སུན་སྣང་དང་རེ་ཆད་ཀྱིས་ཁེངས་ཡོད་ནའང་བཟོད་བསྲན་མི་བྱེད་ཀ་མེད་བྱུང་། ཁོ་མོས་ཐབས་ཟད་འུ་ཐུག་གིས་ཐེངས་དུ་མར་ཁྱོ་ག་དང་བཟའ་འཐོར་གྱི་བསམ་ཚུལ་བཏོན་མོད། ཁྱོ་གས་པུས་མོ་ས་ལ་བཙུགས་་ནས་ཁོ་མོར་དགོངས་དག་ཞུ་བ་དང་ཁ་མི་འབྲལ་བར་ཞུ་བ་བྱེད་པར་མ་ཟད། ཁོ་མོ་མེད་ན་རང་ཉིད་གསོན་ཐབས་མེད་ཚུལ་བཤད། ཁོ་མོས་ཀྱང་ཁྱོ་ག་རང་ཉིད་ལ་ཤིན་ཏུ་དགའ་བར་ཡིད་ཆེས་ནས་ཡང་བསྐྱར་ཁོ་དང་མཉམ་དུ་འཚོ་བ་རོལ་རྒྱུར་ཡིད་འཐད་བྱུང་། འོན་ཀྱང་དུས་ཡུན་ཅུང་མ་འགོར་བར་ཁྱོ་གས་སྔར་བཞིན་གཅར་རྡུང་བྱས། ཉིན་ཞིག་ལ། ཁོ་བཟའ་ཟླ་གཉིས་དོན་ཕྲན་ཙག་ཙིག་ཞིག་གི་ཆེད་དུ་ཁ་རྩོད་འདྲ་བྱུང་བས་ཁྱོ་གས་ཡང་བསྐྱར་ཁོ་མོ་ལ་ཁུ་ཚུར་དང་རྡོག་ཐོས་བཞུ་འགོ་བརྩམས། ཁྱིམ་མཚེས་ཀྱིས་བལྟར་མི་བཟོད་པར་སྔོན་ལ་སོང་སྟེ་འདུམ་སྒྲིག་བྱས་ཤིང་ཁྱོ་གས་ད་དུང་མུ་མཐུད་དུ་ལག་འགུལ་ན་ཉེན་རྟོག་པར་གཏུག་ཆོག་ཅེས་བཤད། འོན་ཀྱང་ཁོ་མོའི་ཁྱོ་གས་བཤད་རྒྱུར། འདི་ནི་ཁྱིམ་ཚང་ནང་ཁུལ་གྱི་དོན་དག་ཅིག་ཡིན་པས། ཉེན་རྟོག་པ་ལ་འབྲེལ་བ་ཅི་ཡང་མེད་ཅེས་བཤད། འོ་ན། ཁྱོ་གས་ཆུང་མར་རྒྱུན་དུ་མནར་གཅོད་བཏང་ན་ཆོག་གམ།

ཁྲིམས་བཤད།

གོང་གི་ཆུང་མར་མནར་གཅོད་བྱས་པའི་ཁྱིམ་ཚང་གི་དྲག་ཤུགས་ཟེར་བ་ནི་མི་ལ་གཅར་རྡུང་བྱེད་པ་དང་། བཀྱིག་སྡོམ། སྡིགས་མོ། མི་ལུས་རང་དབང་ལ་ཚད་བཀག་དང་གཞན་པའི་ཐབས་བཀོལ་སོགས་སྤྱད་ནས་ཁྱིམ་ཚང་དང་ལུས་ཕུང་། སེམས་ཁམས་བཅས་ཀྱི་ཕྱོགས་ལ་གནོད་པ་ཆེན་པོ་བཟོས་པ་དང་། ཡུན་རིང་དང་། དུས་ངེས་གཏན་མེད་པར་ཁྱིམ་ཚང་དྲག་ཤུགས་ཀྱིས་མནར་གཅོད་བཏང་བ་ཡིན། དེའི་མཚོན་བྱེད་ལ་རྣམ་པ་མང་པོ་ཡོད་དེ། དཔེར་ན། གཟུགས་པོའི་དྲག་ཤུགས་གཏོང་བ་དང་སྐད་ཆའི་དྲག་ཤུགས་གཏོང་བ། བཙན་གཡེམ་བྱེད་པ། རྒྱུན་དུ་ཆང་འཐུང་བ་དང་། ཁྱིམ་ཚང་དཔལ་འབྱོར་དང་ཡང་ན་སེམས་ཁམས་ལ་གནོན་ཤུགས་གཏོང་བ་བཅས་ཡིན། མི་གཞན་ཞིག་ལ་རྐྱེན་བྱས་ཏེ་བཟའ་ཟླའི་འབྲེལ་བ་མི་བཟང་བ་དང་ཕ་མ་དང་བྱིས་པའི་འབྲེལ་བ་མི་བཟང་བ། གཞན་དེ་དག་ལ་མནར་གཅོད་གཏོང་བ་དང་ད་དུང་རྒྱུ་རྐྱེན་མང་པོའི་དབང་གིས་ཁྱིམ་ཚང་ལ་དྲག་ཤུགས་གཏོང་བ་སོགས་རེད། ཡིན་ཡང་། ཁྱིམ་ཚང་གི་དྲག་ཤུགས་ནི་བཟའ་ཟླ་གཉིས་ཀ་མ་གཏོགས་མེད་པ་ཞིག་མིན་པར་ཁྱིམ་མི་གཞན་དག་ལ་དྲག་ཤུགས་ཀྱི་བྱ་སྤྱོད་སྤེལ་བ་ཡོད་ཚད་ཁྱིམ་ཚང་དྲག་ཤུགས་ནང་དུ་འདུས།

དངོས་ཡོད་འཚོ་བའི་ནང་། མི་མང་པོ་ཞིག་གིས་ཁྱིམ་ཚང་དྲག་ཤུགས་ཟེར་བ་ནི་ཁྱིམ་ཚང་ནང་ཁུལ་གྱི་དོན་དག་ཅིག་ཡིན་པ་མ་གཏོགས། གཞན་སྤྱི་ཚོགས་དང་ཚོགས་པ་གང་ལའང་འབྲེལ་བ་མེད་པར་བརྩི་བས་གནོད་འཚེ་ཕོག་མཁན་ལ་རོགས་སྐྱོར་བྱེད་ཐབས་མེད་པ་ལྟ་བུའི་ནོར་འཁྲུལ་ཅན་གྱི་བསམ་བློའི་འཁྱེར་སོ་དེ་བསྒྱུར་འདོད་ན། སྤྱི་བདེ་ལས་ཁུངས་དང་། ཞིབ་དཔྱོད་ཁང་། བུད་མེད་ལྷན་ཚོགས་བཅས་ཀྱི་ལས་ཁུངས་མང་པོར་མཉམ་འབྲེལ་བྱས་ཏེ་ལྷན་ཅིག་ཏུ་ཁྱིམ་ཚང་དྲག་ཤུགས་ལ་ངོ་རྒོལ་བྱེད་པ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།

གོང་གི་གྱོད་དོན་ལྟར་ན། བུ་མོ་སྐར་རྒྱན་ལགས་ལ་ད་ལྟ་འབྱུང་སྲིད་པའི་ཁྱིམ་ཚང་དྲག་ཤུགས་ཀྱི་བྱ་སྤྱོད་ལ་རེ་ཞུའི་དབང་ཆ་ཡོད་པས་སྡོད་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་ཁུངས་རྣམས་ཀྱིས་ཀྱང་མྱུར་དུ་བཀག་འགོག་བྱེད་དགོས་ལ། བུ་མོ་སྐར་རྒྱན་ལགས་ཀྱི་ཁྱོ་གས་དུས་རྒྱུན་ཁོ་མོར་གཅར་རྡུང་བྱས་པ་ནི་ཁྱིམ་མིར་མནར་གཅོད་བཏང་བ་རེད། དེ་བས་ཁྱོ་གས་རྒྱུན་དུ་ཆུང་མར་མནར་གཅོད་བྱས་ཚེ་སྤྱི་བདེ་ལས་ཁུངས་ཀྱིས《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ཉིན་ལྔ་ལ་བཀག་སྐྱིལ་གྱི་ཆད་པ་དང་ཐ་ཚིག་སྒྲོག་པ་མ་ཟད། མནར་གཅོད་ཚབས་ཆེན་བཟོས་ཚེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལྟར་ཉེས་ཆད་ཀྱང་བཅད་ཆོག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།