ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོ་གས་ཆུང་མར་གཅར་རྡུང་བྱས་ཏེ་རྨས་སྐྱོན་བཟོས་ན་སྐྱིན་ཚབ་ཇི་ལྟར་ལེན་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ལྷ་མཁར་དང་རྟ་མགྲིན་འཚོ་གཉིས་ནི་བཟའ་ཟླ་ཡིན་ཞིང་། ཁོ་གཉིས་ཀྱིས་ཁེ་ལས་ཀུང་སི་ཞིག་ན་བྱ་བ་གཉེར་བཞིན་ཡོད་པས་སོ་སོར་གླ་ཕོག་ཀྱི་ཡོང་སྒོ་ཡོད། ལྷ་མཁར་གྱི་གཤིས་ཀ་ཧ་ཅང་གདུག་རྩིབ་ཆེ་བའི་རྐྱེན་གྱིས་དུས་རྒྱུན་ཆུང་མ་རྟ་མགྲིན་འཚོ་ལ་སྡིགས་མོ་དང་གཅར་རྡུང་བྱེད་བཞིན་ཡོད། ཡང་དང་བསྐྱར་དུ་གཅར་རྡུང་ཕོག་པའི་རྟ་མགྲིན་འཚོ་ཡིས་ད་ལྟ་བཟོད་བསྲན་བྱེད་ཐབས་བྲལ་བས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་བཟའ་འཐོར་བྱེད་པའི་རེ་བ་བཏོན། ལྷ་མཁར་གྱི་ལག་ཏུ་ཁྲིམས་ཁང་གི་གྱོད་གཏུག་ཞུ་ཡིག་འབྱོར་མ་ཐག་ཁོང་ཁྲོ་གཏིང་ནས་ལངས་ཏེ་གྱོད་གཏུག་ཞུ་ཡིག་བལྟས་མ་ཚར་བར་གཤགས་པར་མ་ཟད། རྟ་མགྲིན་འཚོ་ཡི་སྐྲ་ནས་བཟུང་སྟེ་གཅར་རྡུང་ཚད་མེད་བྱས། ཁྱིམ་མཚེས་ཚོས་ཁོ་གཉིས་ལ་བར་འདུམ་བྱེད་སྐབས་རྟ་མགྲིན་འཚོ་ལ་རྨས་སྐྱོན་ཕོག་འདུག ཐེངས་འདིར་ཁོ་མོ་སྨན་ཁང་ནས་ཉིན་བཅུ་ཙམ་ལ་སྨན་བཅོས་བྱས་པར་སྨན་ཡོན་སྒོར་བདུན་བརྒྱ་དང་བརྒྱད་ཅུའི་འགྲོ་སོང་བཏང་། རྟ་འགྲིན་འཚོ་ཡི་བསམ་པར་སྔོན་ཆད་ཁྱོ་གས་གཅར་རྡུང་བྱས་ཏེ་སྨན་བཅོས་བྱས་པའི་འགྲོ་གྲོན་རང་གི་གླ་ཕོག་ལས་བྱིན་པ་ཡིན། ཐེངས་འདིར་ལྷ་མཁར་ལ་ངེས་པར་དུ་སྒོར་བདུན་བརྒྱ་བརྒྱད་ཅུའི་སྨན་ཡོན་དང་ལས་ཆད་དངུལ་གྱི་སྐྱིན་ཚབ་སྟེར་བའི་རེ་བ་འདོན་རྒྱུ་ཡིན་ཟེར། ཕྱིས་སུ། རྟ་མགྲིན་འཚོ་ཡི་རྨས་སྐྱོན་དྲག་རྗེས་ལྷ་མཁར་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་ལྷ་མཁར་གྱིས་མོའི་རེ་བ་སྣང་མེད་དུ་བཞག་ནས་ཁ་ཡ་མི་བྱེད་པའི་ཁར་ད་དུང་མོའི་སྟེང་ལ་འཇིགས་སྐུལ་གྱི་རྣམ་འགྱུར་སྣ་ཚོགས་བསྟན་བྱུང་། འོ་ན། ཁྱོ་གས་ཆུང་མར་གཅར་རྡུང་བྱས་ཏེ་རྨས་སྐྱོན་བཟོས་ན་སྐྱིན་ཚབ་ཇི་ལྟར་ལེན་དགོས།

ཁྲིམས་བཤད།

ཁྱོ་གས་ཆུང་མར་གཅར་རྡུང་བྱེད་པ་ནི་ཁྱིམ་ཚང་དྲག་ཤུགས་ཀྱི་ཁོངས་སུ་གཏོགས། དུས་རྒྱུན་གྱི་ཁྱིམ་ཚང་དྲག་ཤུགས་ཁྲོད་ཁྲོད་གནོད་འཚེ་ཁེལ་ཡུལ་གྱི་སྨན་ཡོན་སོགས་ཀྱི་འགྲོ་སོང་ཕལ་ཆེར་ཁྱོ་ཤུག་སྤྱིའི་རྒྱུ་ནོར་ཁྲོད་འདོན་བཞིན་ཡོད་ལ། ཁྱོད་ཀྱིས་བཤད་པའི་གྱོད་གཞི་འདི་ལྟར་གནོད་འཚེ་ཁེལ་ཡུལ་གྱི་མི་ལུས་དང་བསམ་བློའི་སྟེང་གི་ན་ཟུག་མྱངས་དགོས་པར་མ་ཟད། དཔལ་འབྱོར་སྟེང་གི་གྱོང་གུད་ཀྱང་འཁུར་དགོས། ཕྱོགས་གཞན་ཞིག་ནས་སྔར་ལས་ཇེ་བཙན་དུ་སོང་བ་དང་གཉོམ་ཆུང་ལ་ལྷག་ཏུ་ཐུབ་ཚོད་མྱངས་སུ་བཅུག་པས། བཅའ་ཁྲིམས་སྟེང་གི་འདྲ་མཉམ་དང་དྲག་བཞག ནོར་འཁྲུལ་ཅན་ལ་ཁྲིམས་ལྟར་ཆད་པ་གཅོད་པའི་རྩ་དོན་དང་འགལ་ཡོད། ད་ལྟ་སྤྱོད་བཞིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ནང་ཁྱིམ་ཚང་གི་དྲག་ཤུགས་གཏན་འགོག་བྱེད་ཅེས་གཏན་ཁེལ་བྱས་ཡོད། གོང་གི་བཅའ་ཁྲིམས་དེའི་དོན་ཚན་བཅོ་བརྒྱད་པའི་གཏན་ཁེལ་ལྟར་ན། ཕྱོགས་གཅིག་གི་ལུས་ཕུང་ལ་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཐོབ་པའི་སྨན་ཡོན་དང་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་འགྲོ་གྲོན་ནི་ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་ཡིན། འདི་ལྟ་བུའི་མངོན་གསལ་གྱི་གཏན་ཁེལ་གྱིས་ཁྱིམ་ཚང་རྩོད་གླེང་ཁྲོད་དྲག་ཤུགས་ལག་བསྟར་བྱེད་པའི་ཕྱོགས་ཀྱིས་སྨན་ཡོན་སོགས་ཀྱི་གྱོང་གུད་འགྲོ་གྲོན་གྱི་སྐྱིན་ཚབ་འཇལ་དགོས་པར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པ་ཡིན། དོན་ཚན་ཞེ་དྲུག་པའི་གཏན་ཁེལ་ལྟར་ན། ཁྱིམ་ཚང་གི་དྲག་ཤུགས་ལག་བསྟར་བྱས་ནས་བཟའ་འཐོར་བྱེད་དུ་བཅུག་ཚེ་ནོར་འཁྲུལ་མེད་པའི་ཕྱོགས་དེར་གནོད་འཚེ་ལ་སྐྱིན་ཚབ་འཇལ་བར་རེ་བ་འདོན་པའི་དབང་ཆ་ཡོད། དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན་བརྒྱ་དང་སོ་བཞི་བའི་གཏན་ཁེལ་ལྟར་ན། སྤྱི་དམངས་ཀྱི་ལུས་ཕུང་ལ་གནོད་འཚེ་བཟོས་ན་སྨན་ཡོན་དང་ལས་ཆག་བྱུང་བའི་རྐྱེན་གྱིས་ཡོང་སྒོ་ཇེ་ཉུང་དུ་སོང་བའི་སྐྱིན་ཚབ་འཇལ་དགོས། ད་དུང་དམངས་ཁྲིམས་སྤྱི་སྲོལ་གྱི་དོན་ཚན་བརྒྱ་དང་སོ་བཞི་པའི་གཏན་ཁེལ་ལྟར་ན། དམངས་དོན་འགན་འཁྲི་འཁུར་པར་གཤམ་གྱི་རྣམ་པ་གཙོ་བོ་འགའ་ཡོད་དེ། གཅིག གནོད་འཚེ་མཚམས་འཇོག་པ། གཉིས། གྱོང་གུད་ལ་སྐྱིན་ཚབ་འཇལ་བ། གསུམ། བྱ་སྤྱོད་ལ་དགོངས་དག་ཞུ་བ། མི་དམངས་ཁྲིམས་ཁང་གིས་ཁྱིམ་ཚང་དྲག་སྤྱོད་གྱོད་གཞི་ཐག་གཅོད་བྱེད་དུས་གོང་གི་གཏན་ཁེལ་དག་བེད་སྤྱོད་བྱེད་པར་མ་ཟད། ད་དུང་འགྱོད་གཤགས་བྱེད་པ་དང་སྒོར་ཆད་གཅོད་པར་སློབ་གསོ་གཏོང་བ་དང་བཀའ་ཕབ་ཆོག་ལ། དྲག་ཤུགས་ལག་བསྟར་བྱེད་མཁན་ལ་སྒོར་ལྔ་བརྒྱ་མན་གྱི་ཆད་པ་དང་ཉིན་བཅོ་ལྔ་མན་གྱི་བཀག་ཉར་ཁྲིམས་ཆད་བཅད་ཆོག དེ་བས་རྟ་མགྲིན་འཚོ་ཡིས་གོང་གི་གཏན་ཁེལ་དག་ལ་གཞིགས་ནས་ལྷ་མཁར་གྱིས་གྱོང་གུད་ཡོངས་ཀྱི་སྐྱིན་ཚབ་འཇལ་བར་རེ་བ་བཏོན་ཆོག་པར་མ་ཟད། ད་དུང་ཁོས་རང་གི་བྱ་སྤྱོད་ལ་འགྱོད་གཤགས་དང་དགོངས་དག་ཞུ་བར་རེ་བ་འདོན་པའི་དབང་ཆའང་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།