ཀྲུང་གོ་བོད་ཀྱི་དྲ་བ།

ཆུང་མར་ཁྱོ་གས་མནར་གཅོད་བཏང་ན་ཇི་ལྟར་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ང་ནི་གྲོང་རྡལ་དུ་གཞི་སྡོད་བྱས་ཏེ་འཚོ་བ་རོལ་བཞིན་པའི་བུད་མེད་ཕལ་བ་ཞིག་ཡིན་ལ། ངའི་ཁྱོ་ག་དང་ངེད་གཉིས་གོ་བདུན་ལོའི་ཉིན་ཞིག་སྟེས་དབང་གིས་ངོ་འཕྲད་ཅིང་། དུས་ཡུན་ཅུང་མ་འགོར་བར་ངེད་གཉིས་ཀྱིས་རང་འཐད་སྒོས་གཉེན་སྒྲིག་ཐོ་འགོད་འགྲོ་ལུགས་བསྒྲུབས་པ་དང་ཆབས་ཅིག་གཉེན་སྟོན་ཡང་བྱས། ཕྱིས་སུ་ངེད་བཟའ་ཟླ་གཉིས་ཀྱི་སྐྱིད་མཉམ་རྒྱག་དང་སྡུག་མཉམ་འཁུར་གྱིས་བདེ་སྐྱིད་དང་འགྲིག་མཐུན་གྱི་འཚོ་བ་རོལ་བའི་སྐབས་སུ། ངས་སྙིང་རྗེ་བའི་བྱིས་པ་ཞིག་ཀྱང་བཙས། ད་ལྟ་ཁྱོ་ག་དང་ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་ངོ་བཅུ་འགོར་སོང་། ལོ་ཟླ་དེ་དག་གི་ཁྲོད་ཁྱོ་ག་དུས་རྒྱུན་ཕྱི་རོལ་དུ་ཚོང་རྒྱག་ཏུ་འགྲོ་བཞིན་ཡོད་ལ། ངས་ཁྱིམ་ལས་ཙག་ཙིག་ལས་བཞིན་བྱིས་པ་གཉོར་སྐྱོང་བྱས་ཏེ་བསྡད་པ་ཡིན། 

བསམ་ཡུལ་ལས་འདས་པ་ཞིག་ལ་ཉེ་བའི་ལོ་འགའི་རིང་ལ། ངའི་ཁྱོ་ག་གློ་བར་དུ་མི་གཞན་ཞིག་ཏུ་གྱུར་པ་བཞིན་རྒྱུན་དུ་ཕྱི་ལ་སོང་ནས་ཆང་བག་མེད་དུ་འཐུང་བ་མ་ཟད། ཕྱིར་ཁྱིམ་དུ་སླེབས་རྗེས་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་པར་ང་ལ་གཅར་རྡུང་ཚད་མེད་བྱེད་པས། ངའི་ལུས་ཕུང་དང་བསམ་བློའི་སྟེང་ལ་གནོད་འཚེ་ཚད་མེད་བཟོས།

ཁྲིམས་བཤད།

ཁྱིམ་ཚང་དྲག་སྤྱོད་ཅེས་པ་ནི་དྲག་སྤྱོད་བྱེད་མཁན་གྱིས་རྒྱུན་དུ་ཆུང་མར་གཅར་རྡུང་དང་བསྡམ་བཀྱིགས། མནར་གཅོད་ཀྱིས་མི་ལུས་རང་དབང་ལ་ཚོད་འཛིན་བྱས་པའམ་ཡང་ན་བྱེད་ཐབས་གཞན་སྤྱད་དེ་ཁྱིམ་མི་ཡི་ལུས་ཕུང་དང་བསམ་བློ་སོགས་ཀྱི་ཐད་ལ་གནོད་འཚེ་ངེས་ཅན་ཞིག་བཟོས་པའི་བྱ་སྤྱོད་ལ་ཟེར།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གསུམ་དང་དོན་ཚན་ཞེ་ལྔ་ཡིས་ཁྱིམ་ཚང་དྲག་སྤྱོད་ཁྲོད་གནོད་འཚེ་ཐེབས་པའི་མིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཇི་ལྟར་འགེབས་སྲུང་བྱེད་དགོས་པའི་ཐད་གཏན་ཁེལ་གསལ་བོ་བྱས་ཡོད། ཁྱོད་ཀྱིས་ཁྱོད་རང་གནས་སའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁྱོད་ཀྱི་ཁྱོ་གར་ཁ་ཏ་སློབ་གསོ་དང་འདུམ་སྒྲིག་བྱེད་པར་རེ་འདུན་ཞུས་ཆོག གལ་ཏེ་ཁྱོད་ཀྱི་ཁྱོ་གས་ཁྱིམ་ཚང་དྲག་སྤྱོད་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་ན། ཁྱོད་ཀྱིས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འདུམ་སྒྲིག་བྱེད་པའམ་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་ཁྱོད་ཀྱི་ཁྱོ་གར་སྲིད་འཛིན་ཆད་གཅོད་བྱས་ཆོག གལ་ཏེ་ཁྱོ་གས་ཁྱིམ་ཚང་སྟེང་བཀོལ་བའི་དྲག་སྤྱོད་ཀྱི་གནས་ཚུལ་ཚབས་ཆེན་ཡིན་ན། ཁྱོད་ཀྱིས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ཐད་ཀར་དུ་ས་གནས་མངག་གཏོང་ཁང་ལ་ཞུ་འབུལ་བྱས་ཆོག་ལ་ས་གནས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག་གོ  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།