ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་ཟླ་སྔོན་མས་རྒྱུ་ནོར་མཉམ་བགོ་བྱེད་དགོས་པའི་རེ་བ་བཏོན་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1523953346870703.png

གྱོད་དཔེ།

དོན་གྲུབ་དང་ཆོས་མཚོ་གཉིས་གཉེན་སྒྲིག་བྱས་ཏེ་ལོ་བཅོ་ལྔ་ལྷག་འགོར་རྗེས། ཆོས་མཚོ་མི་གཞན་དང་མཉམ་ཟ་མཉམ་འདུག་གིས་བཟའ་ཚང་ལྟར་གཏན་འདུག་བྱས་ཏེ་མི་གཞན་དང་གཉེན་སྒྲིག་ཡི་གེ་བླངས་ཏེ་ལོ་གཅིག་ལྷག་འགོར་ཞིང་། ཕྱིས་སུ་མོས་དོན་གྲུབ་དང་བཟའ་འཐོར་བྱ་རྒྱུའི་རེ་བ་འདོན་སྐབས། མོ་རང་མོ་ལོ་བཅོ་བརྒྱད་ཀྱི་སྟེང་ནས་ཁོ་ཚང་ལ་ཡོང་སྟེ། དཀའ་ལས་མང་པོ་མྱངས་པ་མ་ཟད་དོན་གྲུབ་ཀྱི་ཕ་མ་དང་སྤུན་མཆེད་དག་སྙོར་སྐྱོང་བྱས་ཚུལ། ཁྱིམ་ཚང་འདིའི་ཆེད་དུ་ལས་ཀ་ལས་ཚུལ། སྒོར་མོ་བཙལ་ཚུལ། རྒྱུ་ནོར་གསོག་ཚུལ་བཅས་བཤད་པ་དང་། ལྷག་པར་དུ་དོན་གྲུབ་དང་ཁོ་གཉིས་ཀྱིས་རྫོང་མཁར་དུ་ཁང་བ་ཞིག་ཉོས་ཡོད་པ་དེ་མོར་སྟེར་དགོས་པ་མ་ཟད། དོན་གྲུབ་ཚང་གི་རྒྱུ་ནོར་ཕྱེད་ཀ་མོ་ལ་དབང་ཆ་དང་ཁྱིམ་ཚང་གི་རྒྱུ་ནོར་མཉམ་བགོ་བྱེད་དགོས་པའི་རེ་བ་བཏོན་པས་རྒྱུ་ནོར་ཇི་ལྟར་བགོ་དགོས།

ཁྲིམས་བཤད། 

《ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བཟའ་འཐོར་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་བགོ་བཤའི་གནད་དོན་ཞིབ་གཅོད་བྱེད་པའི་ཐད་ཀྱི་བསམ་འཆར་འགའ》ཞེས་པའི་གཏན་ཁེལ་ནང་དུ། ཁྱོ་ཤུག་ཕྱོགས་གཉིས་ཀྱི་རྒྱུ་ནོར་སུ་ལ་དབང་བར་ཡིག་ཐོག་ནས་ཁ་ཆད་བྱས་པའམ་ཡང་ན་ངག་ཐོག་ནས་ཁ་ཆད་བྱས་པ་གཉིས་ཡོད་དེ། དེ་ཕྱོགས་གཉིས་ལ་རྩོད་པ་མེད་ན། བཟའ་འཐོར་སྐབས་སུ་ངེས་པར་དུ་ཁ་ཆད་བཞིན་བྱ་དགོས། ཡིན་ཡང་བཅའ་ཁྲིམས་ཀྱི་གཏན་ཁེལདང་འགལ་བར་གྱུར་ན་རྩིས་མེད་ཡིན། གལ་སྲིད་ཕྱོགས་གཉིས་རྒྱུ་ནོར་བགོ་བཤའི་ཐད་དུ་གྲོས་འཆམ་མ་བྱུང་ཚེ། བཅའ་ཁྲིམས་ཀྱི་གཏན་ཁེལ་བཞིན་དུ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དེ་བུད་མེད་དང་བྱིས་པར་བདག་སྐྱོང་བྱེད་པ་དང་། ནོར་འཛོལ་མེད་པའི་ཕྱོགས་ཀྱི་ཁེ་ཕན་ལ་བསམ་གཞིག་གཏོང་བའི་རྩ་དོན་ལྟར་བགོ་བཤའ་རྒྱག་དགོས། སྤྱིར་བཏང་དུ་བཤད་ན། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་བགོ་བཤའི་ཁྲོད་དུ་ད་དུང་རྩ་དོན་འདི་དག་ལྡན་དགོས་ཏེ། 

གཅིག བུད་མེད་དང་ནར་མ་སོན་པའི་བྱིས་པར་བདག་སྐྱོང་བྱེད་པའི་རྩ་དོན།

གཉིས། ཐོན་སྐྱེད་དང་འཚོ་བར་ཕན་པའི་རྩ་དོན།

གསུམ། རྒྱལ་ཁབ་དང་ཐུན་མོང་། མི་གཞན་པའི་ཁེ་ཕན་ལ་གནོད་འཚེ་མི་གཏོང་བའི་རྩ་དོན།

བཞི། དོ་བདག་པའི་འདོད་འདུན་ལ་བརྩི་འཇོག་བྱས་པའི་ཁ་ཆད་དེ་ཁྲིམས་ཀྱི་ཐག་གཅོད་ལས་སྔོན་དུ་སྤྱོད་པའི་རྩ་དོན།

ལྔ། ནོར་འཛོལ་མེད་པའི་ཕྱོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་རྩ་དོན་བཅས་སོ། །

གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཞེ་བདུན་པའི་ནང་དུ། བཟའ་འཐོར་བྱེད་སྐབས། ཕྱོགས་གཅིག་གིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྐོག་ཏུ་སྦས་པའམ་གཞན་ལ་སྤོར་བ། སྒྱུར་འཚོང་བྱས་པ་དང་གཏོར་བརླག་བཏང་བ། ཡང་ན་བུན་འགན་རྫུན་བཟོ་བྱས་ཏེ་རྒྱུ་ནོར་ཧམ་འཛིན་བྱེད་འདོད་ཀྱི་དམིགས་ཡུལ་མཆིས་ན། བསམ་སྦྱོར་དེ་ལྟ་བུ་ལྡན་མཁན་གྱི་ཕྱོགས་དེར་རྒྱུ་ནོར་ཉུང་ཙམ་བགོ་བ་དང་། ཡང་ན་མ་བགོས་ཀྱང་ཆོག་ཅེས་པའི་གཏན་ཁེལ་བྱས་ཡོད། གཤམ་གྱི་སྤྱོད་པ་དང་གནས་ཚུལ་དག་ལྡན་ན་ནོར་འཛོལ་གྱི་རིགས་སུ་གཏོགས་ཏེ།

གཅིག བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པ།

གཉིས། བཟའ་ཟླ་ཡོད་བཞིན་དུ་མི་གཞན་དང་ལྷན་དུ་སྡོད་པ།

གསུམ། ཁྱིམ་ཚང་ནང་དུ་བཙན་ཤེད་སྤྱོད་པ།

བཞི། ཁྱིམ་མིར་མནར་གཅོད་དང་འདོར་བ་བཅས་བྱས་ན། རྒྱུ་ནོར་བགོ་སྐབས་སུ། སྤྱིར་བཏང་དུ་ནོར་འཛོལ་ཡོད་མཁན་དེར་མི་བགོ་བའམ་ཉུང་བགོ་བྱེད་པ་ཡིན། ཐུན་མོང་རྒྱུ་ནོར་བགོ་སྐབས་ཀྱི་དཀའ་གནད་ནི་གཞིས་ཁང་དང་མ་རྐང་འཛིན་ཤོག་སོགས་བརྟན་པའི་རྒྱུ་ནོར་བགོ་བའི་གནད་དོན་དེ་ཡིན།

དང་པོ། ཁང་བ་བགོ་བའི་གནད་དོན།

གཅིག  སྒེར་ཁང་ངམ་བདག་དབང་འཛིན་ཡིག་ལྡན་པའི་ཁང་བ།

ཚོང་རར་བཏོན་ཆོག་པའི་གཞུང་ཁང་དེ། སྤྱིར་བཏང་དུ་བདག་དབང་འཛིན་ཡིག་གནང་བའི་དུས་ཚོད་ཀྱིས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་མིན་ལ་དབྱེ་འབྱེད་ཐག་གཅོད་བྱེད་དགོས་ལ།  དམངས་ཁྲིམས་དངོས་དབང་གི་རྩ་བའི་རིག་པ་དང་རང་རྒྱལ་གྱི་ཁང་བ་དོ་དམ་གྱི་སྲིད་ཇུས་ལྟར་ན། ཁང་བའི་བདག་དབང་ཐོ་འགོད་བྱེད་པ་དེ་ནི་ཁང་བའི་བདག་དབང་ལེན་པར་ཅིས་ཀྱང་བརྒྱུད་དགོས་པའི་གོ་རིམ་ཞིག་ཡིན་པས། བཟའ་འཐོར་གྱོད་དོན་ཁྲོད་དུ་དེ་དང་འབྲེལ་བའི་གནད་དོན་བྱུང་ཞིང་། གལ་ཏེ་རྩོད་གཞིར་གྱུར་པའི་ཁང་བ་དེ་གཉེན་སྒྲིག་ཐོ་འགོད་བྱས་རྗེས་སུ་ཐོབ་པ་ཞིག་ཡིན་ན། ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལ་ངོས་འཛིན་བྱེད་པ་ཡིན། ཁང་བ་དེ་དུས་ནམ་ཞིག་ལ་ཉོས་པ་དང་ཁང་རིན་ག་དུས་སྤྲད་པ་ཡིན་རུང་། བགོ་བཤའ་མ་བརྒྱབ་པའི་ཡར་སྔོན་དུ་འབྲེལ་ཡོད་ཀྱི་རྒྱུ་རྐྱེན་དག་ལ་བསམ་གཞིག་ནན་མོ་གཏོང་དགོས།  གལ་ཏེ་གཉེན་སྒྲིག་མ་བྱས་པའི་སྔོན་གྱི་སྡོད་ཁང་ཡིན་ན། ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར་དུ་ངོས་འཛིན་བྱེད་པ་ལས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་ངོས་འཛིན་བྱ་མི་རུང་།

སྤྱིར་བཏང་དུ། ཐུན་མོང་གི་ཁང་བའི་ཐོབ་ཆ་དང་བྱེ་བྲག་ཏུ་སྤྱོད་པའི་ཁང་བ་སོ་སོར་གཏན་ཁེལ་བྱེད་དགོས། གལ་ཏེ་རྒྱུ་དངོས་བགོ་མི་རུང་བའམ་བགོ་བར་སྟབས་མི་བདེ་ན། ཁང་བའི་འབྱུང་རྐྱེན་དང་རིན་སྤྲད་ཀྱི་གནས་ཚུལ། སྤྱི་དམངས་ཀྱི་བཀོལ་སྤྱོད་གནས་ཚུལ་སོགས་ལ་གཞིགས་ཏེ། ཕྱོགས་གཅིག་ལ་ཁང་བ་ཐོབ་ཚེ། ཕྱོགས་གཅིག་གིས་རིན་གོང་དུ་བཅད་པའི་ནོར་དང་སྡོད་ཁང་གི་རོགས་དངུལ་ལེན་པ་ཡིན།

གཉིས། བདག་དབང་ཕྱོགས་རེས་ཅན་གྱི་ཁང་བ་སོ་སོར་བགོ་བ། 

བདག་དབང་ཕྱོགས་རེས་པའི་ཁང་བ་ནི་ལས་བཟོ་པས་རྒྱལ་ཁབ་དང་ལས་དོན་སྡེ་ཚན་གྱི་རོགས་དངུལ་སྤྲད་པ་ལ་བརྟེན་ནས་ཉོས་པའམ་འཛུགས་སྐྲུན་བྱས་པའི་གཞིས་ཁང་གི་བདག་དབང་དེ་ལ་ཟེར། བདག་དབང་ཕྱོགས་རེས་པའི་ཁང་བ་ནི་རྒྱལ་ཁབ་ཀྱི་ཁང་བཟོའི་སྲིད་ཇུས་རིམ་བྱུང་གི་ཐོན་འབྲས་ཤིག་ཡིན་ལ། དེར་འབུར་ཐོན་གྱི་གནད་དོན་ཞིག་ཡོད་པ་ནི་ཁང་བ་དེ་རིགས་གངལ་གཏོགས་པར་ཐག་གཅོད་ཀྱི་ཚད་བཀག་ལྡན་ནོ། །

རྒྱལ་སྲིད་སྤྱི་ཁང་ཁང་གིས་གོ་གཅིག་ལོའི་ཟླ་དྲུག་པར་བསྒྲགས་པའི《རྒྱུན་མཐུན་བརྟན་འཇགས་ཀྱིས་གྲོང་དང་གྲོང་རྡལ་གྱི་སྡོད་ཁང་ལ་བཅོས་སྒྱུར་བྱེད་པའི་འབྲེལ་ཡོད་བརྡ་ཁྱབ》གཞིར་བཟུང་ན།

1. ཁང་བ་ཉོས་ནས་ལོ་ལྔ་འགོར་རྗེས་སུ་ད་དགཟོད་ཕྱིར་འཚོང་བྱས་ཆོག་པ།

2. ཕྱིར་འཚོང་བྱ་སྐབས་སྔར་གྱི་རོགས་དངུལ་གནང་མཁན་གྱི་ལས་ཁུངས་ལ་ཐོག་མར་ཉོ་དབང་ལྡན་པ།

3. ཕྱིར་འཚོང་རྗེས་ཀྱི་ཐོབ་ནོར་དེ་རྒྱལ་ཁབ་དང་ལས་ཁུངས། མི་སྒེར་བཅས་ཀྱིས་བཟུང་བའི་བསྡུར་ཚད་ལྟར་བགོ་བཤའ་རྒྱག་པ་ཡིན།

གསུམ། གཉེན་གྱི་འབྲེལ་བ་རྒྱུན་མཐུད་དུ་གནས་པའི་སྐབས་སུ་ཉོ་འཚོང་གི་གན་རྒྱ་བཞག་ཟིན་ཡང་། ད་དུང་བདག་དབང་འཛིན་ཡིག་མ་བླངས་པའི་ཁང་བར་གཤམ་གྱི་གནས་ཚུལ་དག་དང་ལྡན་ན་སྒེར་གྱི་རྒྱུ་ནོར་དུ་ངོས་འཛིན་བྱ་དགོས་ཏེ། 

1. གལ་ཏེ་གཉེན་སྒྲིག་མ་བྱས་གོང་དུ་ཁང་བ་ཉོས་ནས་ཁང་རིན་སྤྲད་ཟིན་ཡང་། ཁང་བའི་བདག་དབང་འཛིན་ཡིག་ད་དུང་མ་བླངས་པའི་རིགས་ཀྱི་ཁང་བ་དེ་སྒེར་གྱི་རྒྱུ་ནོར་དུ་ངོས་འཛིན་དགོས།

2. གལ་ཏེ་ཁྱོ་ཤུག་ཕྱོགས་གཅིག་གིས་གཉེན་སྒྲིག་མ་བྱས་གོང་རོལ་དུ་ཁང་བ་ཉོས་ནས་ཁང་རིན་ཕྱེད་ཀ་སྤྲད་ཟིན་ཏེ་ལྷག་མ་གཉེན་སྒྲིག་བྱས་རྗེས་སུ་སྤྲད་ཀྱང་། ཁང་བའི་དཔང་ཡིག་ད་དུང་ལོན་མེད་པ་ཡིན་ན།དེ་ཉིད་སྔར་བཞིན་མི་སྒེར་གྱི་ཁང་བར་ངོས་འཛིན་གྱིན་ཡོད། འོན་ཀྱང་། ཕོ་མོ་གཉིས་བཟའ་ཟླའི་འབྲེལ་བར་གྱུར་པའི་གནས་སྐབས་སུ་སྤྲད་པའི་ཁང་རིན་དེ་ནི་ཐུན་མོང་གི་རྒྱུ་ནོར་ཡིན། གཤམ་གྱི་གནས་ཚུལ་དག་དང་ལྡན་ན་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་དུ་ངོས་འཛིན་བྱེད་པ་ཡིན་ཏེ།

1. བཟའ་ཟླའི་འབྲེལ་བ་ཡོད་པའི་ཁྱོ་ཤུག་སོ་སོ་བའི་མིང་ཐོག་གམ། ཡང་ན་ཁྱོ་ཤུག་ཟུང་གི་མིང་ཐོག་ནས་ཉོས་པ་ཡིན་པ།

2. གཉེན་སྒྲིག་མ་བྱས་གོང་དུ་ཁྱོ་ཤུག་ཟུང་གི་མིང་ཐོག་ནས་ཉོས་པའི་ཁང་བ་ཡིན་པ།

3. གཉེན་སྒྲིག་མ་བྱས་གོང་དུ་ཁྱོ་ཤུག་ཟུང་གི་རྒྱུ་ནོར་སྤྱད་དེ་ཉོས་པའི་ཁང་བ་ཡིན་པ། གཉེན་སྒྲིག་སྔོན་གྱི་རྒྱུ་ནོར་དུ་གཏོགས་ཀྱང་། རྒྱུ་ནོར་གྱི་ངོ་བོ་དེ་བཟའ་འཐོར་བྱས་ཀྱང་སྔར་བཞིན་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་པ་བཅས་སོ། །

4. གཞུང་ཁང་བོགས་མར་གཏོང་དབང་ནི། ཁང་བའི་བདག་དབང་བླངས་མེད་ཚེ། བོགས་མར་གཏོང་བའི་དབང་ཆ་དེ་ཡང་བུན་དབང་གི་གྲས་སུ་གཏོགས་པ་ལས་དངོས་པོའི་བདག་དབང་གི་གྲས་མ་ཡིན། བོགས་མར་གཏོང་དབང་དེ་བོགས་ལེན་མཁན་དང་ལས་ཁུངས། ཡང་ན་ཁང་བའི་དོ་དམ་སྡེ་ཁག་བར་གྱི་གྲོས་ཆོད་ཅིག་ཡིན་པས་མི་གསུམ་པར་འབྲེལ་ཞིང་། ཁྱོ་ཤུག་སྒེར་གྱི་རྒྱུ་ནོར་མིན་ལཐུན་མོང་གི་རྒྱུ་ནོར་ཡང་མིན་སྟབས། ཁང་བར་ཐག་གཅོད་གང་ཡང་བྱས་མི་ཆོག  དེ་ལྟ་ནའང་བོགས་མར་གཏོང་དབང་ལ་ཐག་གཅོད་བྱས་ཆོག  ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཁྲོད་ཀྱི་མ་རྐང་བགོ་བའི་གནད་དོན། སྤྱིར་བཏང་དུ་བརྗོད་ན། ཐུན་མོང་གི་རྒྱུ་ནོར་ལ་རྣམ་གྲངས་མང་བས་གཙོ་བོ་རྒྱུ་ནོར་ལ་ཁ་དན་འཇོག་པའི་ལམ་ལུགས་ལྟར། སྒེར་གྱི་གཉེན་སྒྲིག་སྔོན་གྱི་རྒྱུ་ནོར་དེ་ཐུན་མོང་གི་རྒྱུ་ནོར་ལ་ཁ་དན་བཞག་ཡོད་པ་དང་། ཕོ་མོ་གཉིས་གཉེན་མ་སྒྲིག་གོང་དུ་ཐུན་མོང་གིས་མ་རྩ་བཏང་བ། ཁྱོ་ཤུག་འབྲེལ་བ་རྒྱུན་མཐུད་དུ་གནས་པའི་སྐབས་སུ་ཁྱོ་ཤུག་ཟུང་གིས་ཐུན་མོང་རྒྱུ་ནོར་བཀོལ་ཏེ་བླངས་པའི་མ་རྐང་དངུལ་བཅས་སོ། །

 འོན་ཀྱང་། མ་རྐང་གི་དབང་ཆ་དེ་གཉེན་སྒྲིག་མ་བྱས་གོང་ནས་ཐོབ་པ་ཡིན་ན། བཟའ་ཚང་གི་འབྲེལ་བ་རྒྱུན་ལྡན་དུ་གནས་པའི་སྐབས་སུ་བླངས་པའི་མ་རྐང་སྐྱེད་ཀ་དང་ཁེ་སྤོགས་དེ་སྔར་བཞིན་གཉེན་མ་སྒྲིག་གོང་གི་སྒེར་གྱི་རྒྱུ་ནོར་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།